༢༠༡༤ལོའི་རྟགས་གསལ་གླིང་པར་དུ་བསྐྲུན་པ།

[ཟླ་ཚེས། 2015-07-08 12:33:37][རྩོམ་པ་པོ། གདོང་སྐལ་བཟང་བསམ་གཏན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

达桑郎封面qu.jpg
རྟགས་གསལ་གླིང་གི་སྔོན་འགྲོའི་གཏམ།

   ཕ་ས་གངས་རིའི་རིགས་རྒྱུད་དུ་དལ་རྟེན་རྙེད་ཅིང་། ཕ་མེས་མཁྱེན་དཔྱོད་འབུམ་ལྡན་གྱི་ཤེས་རིག་ལ་གཅེས་འཛིན་ཆེ་བའི་འགྲོ་བ་མི་ཞིག་ཡིན་ཚེ། ཤེས་པར་བྱ་བའི་གནས་སམ་བསླབ་པ་སློབ་གཉེར་བྱེད་དགོས་པའི་གནས་ལ་ཤིན་ཏུ་མང་མོད་ཀྱང་།རྒྱལ་བསྟན་ཚུལ་བཞིན་དུ་སྐྱོང་བར་འདོད་ཅིང་མཁས་པའི་མངའ་དབང་བདག་གིར་བཞེས་པར་འདོད་པའི་སྐྱེས་བུ་ཞིག་ལ་མཚོན་ན།

ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ། །
བློ་ཡི་རིག་དང་ཤེས་བྱ་ཀུན། །
བདག་ཉིད་རྨོངས་པའི་སྨག་རུམ་སེལ། །
མཁས་པའི་མངའ་དབང་ཐོབ་པར་མཛོད། །

   ཅེས་གསུངས་པ་ལྟར།ཐོས་བསམ་སྒོམ་སྒྲུབ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས། ཤེས་བྱ་རིག་པའི་གནས་རྣམས་ལ་མཁས་པར་སྦྱངས་ཏེ་མི་ཤེས་བློ་ཡི་སྨག་རུམ་སེལ་བར་མཛད་ཅིང་མཁས་པའི་རྒྱལ་ས་རིམ་གྱིས་བགྲོད་དགོས་པར་བརྒྱུད། ང་ཚོ་སུ་ཡིན་ཡང་། ཤེས་རིག་དར་སྤེལ་དང་། བསྟན་པ་འཛིན་སྐྱོང་ལ་གཞོལ་དགོས་པ་ནི་གཡོལ་དུ་མི་རུང་བའི་འོས་འགན་ཞིག་ཏུ་ཆགས་ནས་ཡོད། དེ་བས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གཉེར་བ་འགས་ཀྱང་། ཐོས་བསམ་སློབ་གཉེར་གྱི་ཞོར་དུ་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་ཅུང་ཟད་ཅིག་ཨེ་ཡོང་སྙམ་པའི་ཀུན་སློང་གི་རྒྱུ་བྱས་ཤིང་། རང་དང་རང་འདྲར་ཕན་སྙམ་གྱི་བསམ་བློས་སྣ་དྲངས་ཏེ། འདིར༼རྟགས་གསལ་གླིང༽ཞེས་པའི་དེབ་ཅིག་ཚད་མ་རིག་པའི་འགྲོས་ཀྱི་ཡིན་སྒྲུབ་མིན་དགག་གི་དཀའ་གནད་སྣ་བརྒྱའི་འཕྲུལ་འཁོར་བསྐོར་བའི་ཞིང་ས་ཞིག་ཏུ་བསྐྲུན་དང་སྐྲུན་རྩིས་ཡོད། སྤྱིར་རང་ལུགས་འཁྲུལ་མེད་རྒྱལ་བ་གཤེན་རབ་མི་བོས་བསྟན་པའི་གྲུབ་མཐའི་ཐེག་པ་གོང་འོག་གང་ཡིན་ཡང་། ཟབ་མོ་ལྟ་བའི་མདོ་དོན་གཏན་ལ་ཕབ་བྱེད་མེད་ན་མི་རུང་བ་ནི་ཚད་མ་རིག་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཡིན་པར་ངེས་ཤིང་། འདི་ནི་དེ་ལ་མཁས་པར་སྦྱང་དགོས་པའི་འབོད་བསྐུལ་དང་། དྲན་གསོ་ཡང་ཡང་བྱེད་སའི་སྟེགས་བུ་ཞིག་ཡིན་པར་མ་ཟད། ཤེས་འཇོན་དང་རྣམ་དཔྱོད་ཀྱིས་ཕྱུག་པའི་འདིར་བཞུགས་དགེ་སློབ་མང་པོར། རང་རེའི་སྔོན་བྱོན་མཁས་གྲུབ་གོང་མ་དག་གིས་མཛད་པའི་སྡུད་རྟགས་ཚད་གསུམ་དང་། གབ་མཛོད་ས་གསུམ། གསང་བ་སྔགས་དང་བླ་མེད་རྫོགས་ཆེན་གྱི་གཞུང་ལུགས་ཁག་གི་དཀའ་གནད་རྣམས་ལ་གསལ་ཁ་འདོན་རྒྱུ་དང་། རང་ལུགས་གཙང་མ་འཇོག་ཤེས་ཤིང་། ཁ་ཅིག་མི་མཐུན་པ་དགག་ཐུབ་པའི་སྒོ་ནས་སོ་སོའི་རྣམ་དཔྱོད་མི་འདྲ་བའི་རྩལ་ངོམ་སྟེ། བསམ་བློ་བརྗེ་རེས་དང་ལྟ་ཚུལ་འགྲན་རེས་ཀྱི་ངང་ནས་འཆད་རྩོད་རྩོམ་གསུམ་ཚུལ་བཞིན་དུ་བྱས་ན་སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱར་བ་ཡིན་པར་དྲན་བསྐུལ་ཞུ་ས་ཞིག་ཀྱང་ཡིན།

དེ་ཡང་ཇི་སྐད་དུ་ལུང་ལས།
འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས།།
རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར།།
རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས།།
དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ནོ།།

   ཞེས་བསྟན་པ་ལྟར། འདི་ནི་བསྟན་པའི་རྒྱལ་མཚན་གསུམ་དུ་གྲགས་པའི་ཐོག་མ་འཆད་ཉན་ཟབ་མོའི་སྒོ་རུ་ཞུགས་ཤིང་། བར་དུ་རྩོད་སྤང་ཤན་འབྱེད་ཀྱི་རྩལ་སྦྱང་བ་དང་། མཐའ་དོན་རྩོམ་རིགས་སྣ་བརྒྱའི་སྨྱུག་ཁ་དཀར་འཇམ་ཤོག་གུའི་ངོས་སུ་བསྒྱུར་ཏེ་འཆད་པས་སེམས་ཅན་བློ་ཡི་ཤེས་རྒྱུད་གྲོལ་ཞིང་། རྩོད་པས་ཚད་མའི་ཚིག་གི་སྒྲོ་འདོགས་གཅོད་པ། རྩོམ་པས་གང་ཞིག་འཇུག་པའི་ལམ་སྒོ་དབྱེ་བར་སྨན་ངེས་ཀྱི་ཐབས་ལམ་རྨད་བྱུང་སྟོན་པའི་ལེགས་བཤད་གཅེས་བཏུས་ཤིག་ཏུ་འགྱུར་བ་ལའང་སྨོན་པ་བྱེད་ཀྱིན་ཡོད།
   དེ་ཡང་དེབ་འདིའི་མཚོན་དོན་ནམ་ཐུན་མོང་མ་ཡིན་པའི་མཚོན་བྱེད་དུ། དྭངས་གསལ་གཡུ་ཡི་མཚོ་མོ་རུ་མཛེས་ལྡན་པདྨ་ལྷུག་གེར་བཞད་པའི་དབུས་སུ་ཡིག་འབྲུ་དྷི་གཅིག་བཀོད་དེ་དེ་ལས་འོད་འཕྲོས་པའི་ཟེར་གྱི་སྟེང་དུ་ཇི་ལྟ་བ་བཞིན་དུ་བོན་འཆད་ཅེས་པའི་ཡི་གེ་བདུན་བཀོད། པད་མའི་གཡས་གཡོན་དུ་ཨ་ཧྲི་ཞེས་པའི་ཡིག་འབྲུ་གཉིས་བཀོད་ཅིང་། འོག་ཏུ་རྟགས་གསལ་གླིང་ཞེས་རྒྱ་བོད་གཉིས་ཀྱི་དེབ་འདིའི་ཁ་བྱང་བྲིས་ནས་ཡོད་པ་ནི་རིམ་བཞིན། མཁྱེན་པ་རྒྱ་མཚོའི་ཀློང་དུ་ཆུབ་པའི་ལྷག་པའི་ལྷ་མཆོག་ཤེས་རབ་སྨྲ་སེང་རིགས་ལྔ་ལ། ཕྱི་ནང་གསང་གསུམ་དུ་དབྱེ་ཚུལ་ལྟར། ཕྱི་ལྟར་ན་ཀེང་ཙེ་རིགས་ལྔ། ནང་ལྟར་ན་རྒྱལ་བ་རིགས་ལྔ། གསང་བ་ལྟར་ན་སྨྲ་སེང་རིགས་ལྔ་ཞེས་གྲགས་པའི་ཕྱི་མ་སྨྲ་སེང་རིགས་ལྔ་མཚོན་བྱེད་པད་འདབ་ལྔ་དང་། དེའི་དབུས་སུ་དྷི་ཡིག་དཀར་གསལ་ཞིག་བཀོད་པ་ནི་སྨྲ་སེང་སྤྱི་ཡི་སྲོག་སྙིང་མཚོན་བྱེད་དམ། ཡང་ན་སྨྲ་སེང་དཀར་པོ་མཚོན་བྱེད་དུ་བཀོད་དེ། ༼དྷི་ཡིག་འདི་ཉིད་འབྲི་སྟངས་ཀྱི་ཆ་ནས་ཤེས་རབ་སྨྲ་སེང་གི་ཕྱག་བཞེས་རྩི་བཅུད་སྙིང་པོའི་རྒྱུན་བཟང་ལྟར་ན། དྷེ་ཞེ་བྲིས་ཡོད་ཀྱང་། དབུ་ཅན་གྱི་ཡི་གེ་འགའ་ཞིག་ཏུ་དྷི་ཞེས་བྲིས་པ་མཐོང་བ་དང་། ཡང་ན་སྨྲ་སེང་དཀར་པོ་གཅིག་སྒྲུབ་ལྟར་ན་དྷི་ཞེས་མཐའ་གཅིག་ཏུ་འབྲི་བས་འདིར་ཡང་དེ་ལྟར་བཀོད་པ་ལགས་སོ།།༽དེ་ལས་འོད་འཕྲོས་པའི་སྣེར་ཇི་ལྟ་བ་བཞིན་དུ་བོན་འཆད་ཅེས་ཡིག་འབྲུ་བདུན་ཁྲ་ལམ་མེར་བཀོད་པ་ནི། སྐྱེས་བུ་གང་ཞིག་ཐོག་མར་རྩོད་སྤང་ཤན་འབྱེད་ཀྱི་སྒོ་རུ་ཞུགས་ཚེ། དང་པོ་སེམས་བསྐྱེད་རྣམ་པར་དག་པའི་སྒོས་ངག་ནས་རང་གཞན་སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་བའི་ཕྱིར་དུ་བདེ་བར་གཤེགས་པའི་གསུང་རབ་ཟབ་མོ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཇུག་དགོས་པ་ཡིན་པར་ཐལ།ཡིན་པའི་ཕྱིར།ཞེས་བརྗོད་དེ།༼གཞུང་གཞན་འདུལ་བ་སོགས་ལ་འདི་ལ་ཐུན་མོང་མ་ཡིན་པའི་བརྗོད་ཚིག་ཀྱང་ཡོད།༽ ཞྭ་མོ་གྱོན་ཅིང་ཐལ་མོ་བརྡབས་ནས། དྷི་ཇི་ལྟ་བ་བཞིན་དུ་བོན་འཆད། ཅེས་བརྗོད་པས་ཤེས་རབ་ལྷ་མཆོག་མཁྱེན་གཏེར་གཞོན་ནུས་རྗེས་སུ་བཟུང་སྟེ། མ་རྟོགས་ལོག་རྟོག་གི་དྲི་མ་ཐམས་ཅད་རང་སར་ཞི་ཞིང་། བདེན་པ་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་འཆད་པའམ་སྨྲ་བ་བྱིན་རླབས་དང་ཐུགས་རྗེ་རྒྱུན་མི་འཆད་པར་འབྱུང་བའི་རྟེན་འབྲེལ་མཚོན་བྱེད་དུ་བཀོད་པ་ཡིན་ལ། ལས་རྟགས་འདིའི་གཡས་གཡོན་གཉིས་ལ་ཨ་ཧྲི་གཉིས་བཀོད་པ་ནི། སྤྱིར་བོན་སྒོ་གང་ཞིག་ཉམས་སུ་ལེན་ཚུལ་ལ་བཤད་པ་འཆད་ཉན་དང་། སྒྲུབ་པ་ཉམས་ལེན་གཉིས་སུ་མ་འདུས་པ་མེད་པས། ཡིག་འབྲུ་གཉིས་ཀྱིས་དཔྱོད་ལྡན་གྱི་སྐྱེས་བུ་སུ་ཞིག་གིས་རིག་ལམ་སྣ་བརྒྱའི་འགྲོས་དང་བསྟུན་ཏེ་བཤད་སྒྲུབ་གང་གི་སྐོར་འདིར་སྨྲ་ཆོག་པ་མཚོན་པ་སྟེ། ཨ་ཡིག་གི་སྒོམ་པ་མཚོན་ཞིང་། ཧྲི་ཡིག་གི་བཤད་པ་མཚོན་པ་ཡིན་ལ། འོག་ཏུ་རྟགས་གསལ་གླིང་ཞེས་ཡིག་རིགས་གཉིས་ཀྱིས་བྲིས་པ་ནི། དེང་སང་གི་དུས་དེབ་བམ་ལོ་དེབ་མང་པོའི་ཁ་བྱང་དུ་རྒྱ་བོད་དབྱིན་གསུམ་གྱི་ཡི་གེ་འབྲི་བ་དང་། རྒྱ་བོད་གཉིས་ཀྱི་ཡི་གེ་འབྲི་བ་སོགས་སྤྱི་རྒྱུགས་ལྟ་བུར་ཆགས་འདུག་པས། འདིར་ཡང་ཡོངས་དང་མཐུན་པར་བྱས་སོ།།
   གཞན་དེབ་འདིའི་མདུན་ངོས་སུ་རྩོད་པ་བྱེད་བཞིན་པའི་གཟུགས་རིས་ཤིག་བྲིས་ཡོད་པ་འདི་ནི། སྔོན་བྱུང་གི་རྣམ་ཐར་དུ། སྟོན་པའི་འཁོར་ལ་རྒྱ་ཆེ་གྲངས་མང་ཡང་། འཁོར་གྱི་དམ་པ་ནམ་མཁའ་སྣང་བ་མདོག་ཅན་བྱ་བ་དེ། དབེན་གནས་ཉམས་དགའ་རི་རྒྱལ་དབེན་པའི་ཡང་ཕུགས་བྱ་བ་ཞིག་ཏུ། འཕྲུལ་ངག་བདེན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་ཉམས་སུ་ལེན་བཞིན་པའི་གདུགས་ཀྱི་སྔ་དྲོ་ཞིག་ལ། བྱ་བུ་རོག་རོག་ཅིག་མདུན་དུ་འཁོར་ཞིང་དེ་ལ་ཁ་ཟས་ཀྱིས་སྦྱིན་པ་མཛད། དེ་ལས་གཞན་སུ་ལའང་ཐུག་འཕྲད་མེད་པར་བཞུགས་ཙ་ན། ཉིན་ཞིག་ལ་བྱ་དེ་གཞན་དུ་ཆས་ཤིང་ཟས་རྙེད་པས། འདབ་ཆགས་དེའི་བསམ་པ་ཕྱིན་ལོག་ཏུ་གྱུར་ནས། ནུབ་ཕྱོགས་མུ་སྟེགས་པ་ལ་དྲོའི་གྲོང་ཁྱེར་བྱ་བར་སོང་ནས་སྒྲ་བསྒྲགས་པས། མུ་སྟེགས་ཀྱི་སྒྲ་མཁན་ཞིག་གི་སྒྲ་ལ་ཉན་ཚེ།

འདི་ནས་ཤར་ཕྱོགས་རི་རྒྱལ་གྱི།།
གསང་ཕུགས་མི་མེད་དབེན་པའི་སར།།
གཤེན་པོ་སྣང་བ་མདོག་ཅན་ནི།།
མུ་སྟེགས་སྟོན་པའི་དགྲ་བཅོམ་གྱིས།།
དེ་ལ་གསེར་བསླང་མི་འགྲོ་འམ།།

   ཟེར་བ་ཐོས་སོ། །དེ་ནས་མུ་སྟེགས་པ་མང་པོའི་ནང་ནས་རྒོལ་བའི་མཐར་ཐུག་མུན་པའི་ཁྲོད་བདག་ཅེས་བྱ་བ། ཕྱི་རོལ་ཀྱི་གྲུབ་མཐའ་དང་། མཐུ་དང་རྫུ་འཕྲུལ་མཐར་ཕྱིན་པ་ཞིག་ཡོད་པ་དེ། བྱ་རོག་ཞིག་ཏུ་སྤྲུལ་ནས་གཤེན་སྣང་བ་མདོག་ཅན་གྱི་སྐུ་དྲུང་དུ་བཅར་ཚེ། གཤེན་གྱིས་སྙིང་རྗེ་ཆེན་པོའི་ངང་ནས་སྦྱིན་པ་སྣ་ཚོགས་མཛད་ཀྱང་མ་ཕན་པར། མུ་སྟེགས་པ་དེས་ནམ་མཁའ་ནས་དྲག་ཆར་ཕབ། བར་སྣང་ལ་དུག་སྤྲིན་དཀྲིགས། ས་གཞི་ལ་མྱ་ངན་བསླངས། ཁ་ནས་ལོག་པའི་རྩོད་པ་སྣ་ཚོགས་བྱས་པས། གཤེན་ནམ་མཁའ་སྣང་བ་མདོག་ཅན་ཡང་ཤིན་ཏུ་ཐུགས་ཆད་དེ།

ཞལ་ནས།
བདེན་པའི་ཉི་མ་གསལ་བ་ངས་བྱས་ཀྱང་།།
ལོག་པའི་སྒྲ་གཅན་མི་བཟོད་འོད་ལ་རྒོལ། །
བོན་བདེན་འཛིན་བྱེད་ཡོད་ན་ཁྱོད་ཉིད་བཞེས།།
མེད་གྱུར་མུ་སྟེགས་གདུག་པས་ད་སྣུང་༼སྣུབ༽གྱིས།།
ང་ནི་ཡང་དག་ཐར་བའི་གནས་བསྙགས་༼བསྙེགས༽འགྲོ།།

   གསུངས་ནས། ནམ་༼མཁའ༽ལ་གཤེགས་པས།དེ་མ་ཐག་ཏུ་ཤེས་རབ་བྱམས་མ་ལྷ་བདུན་དང་བཅས་པ་འཇལ་ཚོན་གྱི་གུར་ཁང་ནས་མངོན་པར་བྱུང་སྟེ།

མུན་པ་ཡོད་ཕྱིར་ཉི་མ་དགོས་ལག་༼ལགས༽མོད།།
ལོག་ལྟ་མེད་ན་ངས་བཤད་ཅི་ཞིག་བྱ།།
བློ་ཆེན་ལོག་པའི་ལམ་འགྲོ་ཁྱོད་ཅི་ཉེས།།
བསྟན་པ་དོན་ཡོད་བྱམས་མ་ངས་འཛིན་ནོ།།

   ཞེས་གསུངས་ཏེ་ཞལ་གཟིགས་བྱིན་རླབས་གནང་བས། ནམ་མཁའ་སྣང་བ་མདོག་ཅན་དེ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། སྙན་ངག་དཔལ་གྱི་སེང་གེ་དང་འདྲ་བ། མཁྱེན་པའི་ཉི་མ་ཀུན་ཏུ་ཤར་བ། མི་བརྗེད་གཟུངས་ཀྱི་གཡུང་དྲུང་ཐོབ་པ། རྩོད་པའི་སྤོབས་པ་ཐོག་དང་འདྲ་བ། བློ་རིག་བར་སྣང་གི་གློག་བཞིན་དུ་གྱུར་ཏེ། བོན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས། མུན་པའི་ཁྲོད་བདག་ཁྲག་ཏུ་སྐྱུགས་ཏེ་མུ་སྟེགས་རྒོལ་བ་ཚར་ཐག་བཅད་པའི་སྔོན་བྱུང་གི་གཏམ་རྒྱུད་བཞིན་འདིར་བྲིས་པ་ནི་གང་དྲན་རི་མོར་ཕབ་པ་ཞིག་མ་ཡིན་པར་ལོ་རྒྱུས་ཀྱི་དོན་སྙིང་ཤིན་ཏུ་ལྡན་པས་འདིར་བཀོད་དོ།། 
   སྤྱིར་རྩོད་སྤང་ཤན་འབྱེད་ཀྱི་སྐོར་གང་ཞིག་འདིར་འབྲི་བའམ་བཀོད་པའི་ཚེ་ན། རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང་། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་སྟེ་རྩོད་པའི་བསམ་པ་དུག་ཅན་གསུམ་སྤང་ཐབས་ལ་སྒོ་ཀུན་ནས་འབད་དེ། བསྟན་པའི་གསལ་བྱེད་དང་། རང་གཞན་གཉིས་ཕན་གྱི་ལེགས་བཤད་གཏམ་གྱི་གླེང་མོལ་ལྷུག་པར་འཇོ་བའི་རེ་སྐུལ་གཙང་མ་བཅས།

གདོང་བཙུན་དྲུང་ཡིག་པ་ཤེས་རབ་བློ་གྲོས་ཀྱིས།

01.jpg020.jpg
02.jpg04.jpg
དཀར་ཆག
达桑郎封面1.jpg
达桑郎封面2.jpg
达桑郎封面3.jpg
达桑郎封面4.jpg
བར་བཅུག་རི་མོ།
མཇུག་གཏམ།

   ངེས་པར་དུ་ཞུ་དགོས་ཞིག་ལ། ང་ཚོར་ནམ་ཡང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་དགེ་རྒན་རྣམས་དང་། ཤེས་རིག་གི་གླིང་ག་ནས་རྣམ་དཔྱོད་ཀྱི་བང་རྩལ་འགྲན་པའི་གྲོགས་པོ་རྣམ་པ་ལགས། འདིར་ང་ཚོའི༼རྟགས་གསལ་གླིང༽དུ་བཀོད་པའི་ཁྱེད་ཅག་གི་རྩོམ་ཡིག་རེ་རེ་ནི། རྒྱབ་རྟེན་ལུང་གི་གོ་ཆ་བསྣམས་ཏེ། ལོ་ངོ་དུ་མ་ཞིག་གི་ཉམས་མྱོང་མཇུག་སྡོམ་དང་། དོགས་སློང་། བསམ་བློ་བརྗེ་རེས་སོགས་ཀྱི་ཆེད་དུ་འདིར་བཀོད་པ་ཡིན་ངེས་པས། རྩོམ་ཡིག་གང་ཡིན་ཡང་བརྗོད་བྱ་དོན་གྱི་ཆ་ནས་བཟོ་བཅོས་ཅི་ཡང་བྱས་མེད་པར་མ་ཟད། རྗོད་བྱེད་ཚིག་གི་ངོས་ནས་ཀྱང་མ་བཅོས་རང་སོར་དུ་བཞག་ཡོད་པ་ཐུགས་ལ་ངེས་གལ་ཆེ།
   སྤྱིར་མི་སུམ་ཅུར་བསམ་པ་སུམ་ཅུ-ཟེར་བའི་དཔེ་ལྟར་མི་རྣམས་ཀྱི་བསམ་བློ་མི་འདྲ་བའི་དབང་གིས། འདིར་བཀོད་པའི་རྟགས་གསལ་ཚང་མ། རྩོམ་སྒྲིག་པའི་བློ་ལ་འབབ་པས་ཁྱབ་པ་མེད་ལ། རྩོམ་སྒྲིག་པའི་འདོད་པ་དང་མཐུན་པའི་ངེས་པའང་མེད་མོད། རིགས་ལམ་སྣ་བརྒྱའི་རྩལ་ངོམ་ཆོག་པའི་རྟགས་གསལ་གླིང་ནི། ཁྱེད་ཅག་དང་ང་ཚོ་ལ་ཐུན་མོང་དུ་དབང་བའི་ཡིན་སྒྲུབ་མིན་དགག་གི་དཀའ་གནད་གསེད་བཀྲོལ་བྱེད་ས་དང་། ལྷག་པར་དུ་རྟོག་གེ་བའི་རིགས་ལམ་དོན་དུ་གཉེར་བའི་སློབ་མའི་ནུས་རྩལ་ངོམ་ས་ཞིག་ཅིང་ཡིན་འདུག་པས། དུས་ནམ་ཡིན་ཡང་ངེད་རྩོམ་སྒྲིག་ཚན་ཆུང་ལ་ལུང་རིགས་རྣམ་དག་གི་དྲི་མ་མ་ཉམས་པའི་རྩོམ་ཡིག་རིན་ཐང་ཅན་རེ་གནང་བར་བཀའ་དྲིན་ཞུ།

ཞེས་རྩོམ་སྒྲིག་པས། སྤྱི་ལོ/༢༠༡༥/ལོའི་ཟླ༦པའི་ཚེས༡ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།