བོན་སྒོ་འདོན་ཐེངས་ཉེར་བཞི་བ།
[ཟླ་ཚེས། 2015-03-12 18:41:55][རྩོམ་པ་པོ། བོན་སྒོ་རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་༼ བོན་སྒོ་ ༽འདོན་ཐེངས་ཉེར་བཞི་བ་འགྲེམ་སྤེལ་གནང་བ།
བོན་སྒོ་འདོན་ཐེངས་ཉེར་བཞི་པའི་སྔོན་གླེང་གཡུང་དྲུང་ཚངས་ཐིག
ཆོས་འཁོར་ཚང་ཉི་མ་འོད་ཟེར།
གཡུང་དྲུང་གི་སྨྱུག་མཆེད་ཚོ། ཁྱེད་ཅག་གིས་ཨེ་མཁྱེན། འོ་ཅག་བོན་འབངས་ཡོ་ཀའི་རང་སེམས་སྤྲོ་སྣང་ཁོལ་ཞིང་དགའ་ཚོར་འཕྱུར་འོས་པ་ཞིག་སྟེ། ད་སྐབས་བོད་ཕྱི་ནང་གཉིས་ན་བོད་ཡིག་རྐྱང་པར་བྲིས་ཤིང་སྤེལ་བའི་བོན་གྱི་ལོ་དེབ་ནི་སྣ་ཁ་མི་འདྲ་བ་བཞི་བཅུ་ཞེ་གྲངས་ཤིག་བཏོན་དང་འདོན་བཞིན་མཆིས་ལ། དེ་མཚུངས་སུ་ཚགས་དཔར་རིགས་ཀྱི་ཁ་གྲངས་ཀྱང་ཉི་ཤུ་རྩ་གྲངས་སུ་སོན་འདུག་པས། དེ་ནི་རྩོམ་རིག་ཤེས་ཡོན་གྱི་གནས་ཚད་གོང་འཕེལ་དུ་བསྐྱོད་པའི་དན་རྟགས་སུ་འཁུམས། དེས་ན་རང་ཅག་ཀུན་ཀ་ཅིས་ཀྱང་བྲོད་པར་འོས་སྟབས་མཚམས་འདི་ནས་ལྷ་རྒྱལ་ཞིག་ཀྱང་འཐེན་དུ་རུང་བར་སེམས།
དེ་ལྟར་ནའང་མེད་ལས་ཡོད་པར་སྲིད་ཅིང༌། ཡོད་ལས་དུ་མར་འཕེལ་བའི་སྐབས་ཚིགས་འདིར་སྤོ་དགོས་པའི་གོམ་འགྲོས་ཕྱི་མ་ནི། བོན་དེབ་དེ་དག་ཐམས་ཅད་ཀྱི་རྒྱུ་སྤུས་ལེགས་ཕྱོགས་སུ་ཡར་བསྐྱེད་ཀྱིས་ཚད་གཞི་གོང་མཐོར་བསྐྲུན་རྒྱུ་དེ་ཉིད་ལགས་པས། གནས་རིམ་དེ་རུ་བསྐྱེལ་བར་འགན་ཁག་མི་འདྲ་བ་གསུམ་དུ་བརྒྱུད་དགོས་ཏེ། རྩོམ་པ་པོས་དོར་མི་རུང་བའི་ཁྲིམས་ལུགས་སྒྲིག་སྲོལ་དང༌། རྩོམ་སྒྲིག་པས་གཡོལ་མི་རུང་བའི་ཞུ་སྒྲིག་སྟངས་འཛིན། ཀློག་པ་པོས་བོར་མི་རུང་བའི་དགེ་འདོན་སྐྱོན་སེལ་ལོ། །
དེ་ཡང་རྩོམ་པ་པོས་གཞན་རྩོམ་རྐུ་བ་སྟེ། ལེབ་ཀྱིས་བཤུས་ཏེ་འགོད་པ་དང༌། དུམ་ཚན་གུད་དུ་འབྱིན་པ། སྙིང་དོན་འཐུ་ཞིང་སྒྲུག་པ། སྒྲོམ་གཞི་ལད་མོར་ཟློ་བ། འཆར་སྒོའི་རིག་རྩལ་སྐྱོར་བ། འཛི་བཞར་རྭ་གཡོན་སྒྱུར་པ་སོགས་ནི་རྩོམ་རིག་གི་ཆོམ་པོ་ཡིན་པས་ཅིས་ཀྱང་སྤང་དགོས། གལ་ཏེ་བློར་བབས་ཡིད་སྨོན་འཆོར་བ་གང་ཞིག་རྒྱུས་སྟོན་ངོ་སྤྲོད་འདོད་ན། ངེས་པར་དུ་ལུང་འདྲེན་དང་མཆན་འགྲེལ་གྱི་གསལ་བཤད་མཁོ་བ་ལས་ཇི་མི་སྙམ་པར་བཀོལ་ན་མི་རུང་སྟེ། རྒྱལ་སྤྱི་ན་རང་ཡན་དུ་མི་གཏོང་བར་ཁྲིམས་ལ་སྦྱོར་བའི་སྲོལ་ཡང་མཆིས། དེ་བས་དཔྱད་དེབ་གྲགས་ཅན་འགའ་ལས་ལུང་འདྲེན་དགོས་ཚེ་གླ་རིན་སྤྲད་དགོས་པར་མཆིས་པའང་མི་མཚར་ཏེ། དེ་ཉིད་མི་བུ་གཞན་ཞིག་གིས་འབུང་གསུམ་གྱིས་བསྐྲུན་པའི་སྙིང་ནོར་ཡིན་པའི་ཕྱིར། དེས་ན་གཞན་གྱི་ངལ་ཚེགས་དུབ་གསུམ་ལས་གྲུབ་པའི་རྡིག་ནོར་རྣམས་ཧམ་འཕྲོག་དང་རྐུ་འཁྱེར་མི་མཛད་རྒྱུ་ནི་རྩོམ་པ་པོས་བསྲུང་དགོས་པའི་ཁྲིམས་སྒྲིག་གོ། །
རྩོམ་སྒྲིག་པ་དག་ཀྱང་རྩོམ་ཡིག་ལེགས་གསེ་ཉེས་སྐྱུར་གྱི་གདམ་རྩལ་མཁས་པ་དང༌། བརྗོད་བྱའི་དོན་ལ་མི་རྨོངས་པའི་ཐུགས་ཡོན་མངའ་བ། རྗོད་བྱེད་ཚིག་གི་དག་བཅོས་ལ་རྣམ་དཔྱོད་བཀྲ་བ། སྒྲོམ་གཞི་ལེའུ་ཚན་སྒྲིག་རིམ་ལ་སྟངས་ཚོད་སྒྲིན་པ་སོགས་དགོས་ཤིང༌། དེ་བཞིན་རང་གི་བློ་ཉེ་ཟུན་མཐུན་དང་ཡུལ་གཉེན་ཕྱོགས་གཏོགས་ཀྱི་རྩོམ་ཡིག་རྐྱང་པའི་དབང་དུ་མ་ཤོར་པ་བྱ་དགོས། ཁྱད་པར་དུ་རྩོམ་ཡིག་གི་དཔར་དབང་དང་བདག་དབང་ལ་གཙིགས་གལ་ཆེ་དགོས། དེང་སྐབས་དུས་དེབ་གཞན་དང་དྲ་ཚིགས་སོགས་ལས་རྩོམ་ཡིག་གང་བྱུང་དུ་བླངས་ནས་དག་ཞུའང་མེད་པར་ལོ་དེབ་དཔར་རྐྱང་མཛད་མཁན་ཡང་སྣང་བས། ལྷན་ཁང་དེ་དག་ལ་དཔེ་སྐྲུན་ཁང་ཞེས་འབོད་ན་འཚམ་པ་ལས་རྩོམ་སྒྲིག་ཁང་དུ་འབོད་པར་མི་འོས་སྙམ། དེས་ན་དཔལ་འབྱོར་གྱི་འགན་ལེན་ཁེར་རུ་ལས་ཀྱང་ལྷག་ཅིག་རྩོམ་སྒྲིག་པ་ལ་ཁུར་དུ་འཁྲི་བ་ནི་ལྷག་བསམ་ཟོལ་མེད་ཀྱི་ཞུ་སྒྲིག་གོ། །
ཀློག་འདོན་པའི་ངོས་ནས་ཀྱང་རྩོམ་གྱི་སྐྱོན་ཡོན་ལ་ཐེ་གཏོགས་དགོས་ཏེ། རྩོམ་རྐུན་རྣམས་ཐེར་འདོན་དང༌། ལོག་རྟོག་གི་གསལ་བཤད། རིས་བཤད་ལ་སུན་འབྱིན། སྒྲོ་འདོགས་ཐད་ཉེས་འགོག སྐུར་འདེབས་ངོར་ལེགས་སྒྲུབ་སོགས་མི་ལེགས་པའི་ཆ་རྣམས་དག་འབུད་མཛད་ཅིང༌། ལེགས་རྩོམ་ལ་ཡི་རངས་དང༌། བློ་སྐྱེད་ལ་དང་བསྟོད། བདེན་གཏམ་ལ་རྒྱབ་སྐྱོར། རན་འཚམ་ལ་སྐུལ་ལྕག་བཅས་དགེ་བའི་ཆ་རྣམས་ཀྱང་བཟང་སེམས་དག་པས་བསྔགས་ཤིང་བཀུར་དགོས། མདོར་ན་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཟུང་གི་ལེགས་བྱས་ལ་རང་གི་དགའ་ཉེ་ཕྱོགས་གཏོགས་ཀྱི་རྐྱེན་དབང་དུ་མ་ཤོར་བའི་སྒོ་ནས་ལེགས་གསོལ་དང༌། དེ་མིན་དམའ་ཐལ་ཆེ་བའི་ཞན་ཆའི་རིགས་ལ་ངན་གཤོམ་མཚང་འབྲུའི་དྲི་དང་བྲལ་བའི་སྒོ་ནས་དག་ཐེར་གྱི་དགོངས་འཆར་གསུང་རྒྱུ་ནི་ཀློག་པ་པོས་བསྒྲུབ་འོས་པའི་ཐེ་ཇུས་སོ། །
དེ་ལྟར་འགན་ཁག་གསུམ་པོ་ཁུར་དུ་བླངས་ན་བོན་དེབ་དེ་དག་ཐམས་ཅད་ཚད་ཐུབ་ཅན་གྱི་ལོ་དེབ་ཀྱི་གྲས་སུ་ཚུད་པ་ལ་ནི་ཐེ་ཚོམ་ཅི་ལ་དགོས། དེ་མིན་དེ་ལས་ལྡོག་སྟེ་འགྲོ་ལ་ཕན་ཕྱིར་ཙམ་ཞིག་གིས་ལོ་ལྟར་འཁྲི་བའི་དེབ་ཁྲལ་འཇལ་ཁུལ་བྱས་པ་དེས་ནི་འཕེར་གོ་མི་ཆོད་སྟེ། བྱ་བཞག་དེ་རིགས་ནི་རྩོམ་སྒྲིག་ཁང་དེ་ཉིད་གཙོས་པའི་ཀློག་པ་པོ་དང་སྦྱིན་བདག་ཀུན་ཀ་སྒྱུ་གཡོས་བསླུ་བའི་ངང་ཚུལ་ལས་མ་འདས་པས་སོ། །
མདོར་ན་དགོན་པ་ག་གེ་མོས་བོན་དེབ་དཔར་བ་ལ་བརྟེན་ནས་ཚོགས་པ་ཆེ་གེ་མོས་ལོ་དེབ་འདོན་པ་དག་ནི་འགྲན་སེམས་ལས་བྱུང་བ་མིན་ཚོད་ཀྱང༌། ཕྱོགས་གཉིས་ཀའི་ལས་འགུལ་དེ་དག་ལེགས་བསྡུར་གྱི་གོམ་འགྲོས་སུ་བསྐྱོད་ན་ཡི་རངས་ཀྱི་གནས་སུ་འཁུམས། དེ་མིན་བོན་དེབ་ཅིག་བཏོན་ཟིན་མཚམས་རྒྱུན་མཐུད་ཀྱི་ལས་གཞིར་རྩོམ་གསར་གྱིས་དབུལ་ནས་གནའ་རྩོམ་དུ་མས་ཁ་སྐོང་བྱས་ཏེ་ཁྲལ་འདོན་ལ་ཞུགས་པ་ནི་འོས་འཚམས་ཀྱི་ཚད་དུ་མི་རན།
ཁྱད་པར་དུ་བོན་གྱི་ལོ་དེབ་ཅིག་ཡིན་ཕྱིན་ཆད། བརྗོད་བྱའི་ནང་དོན་བོན་གྱི་ལྟ་གྲུབ་བམ་འདོད་ལུགས་ཀྱིས་ཁོག་དབུབ་དགོས་པ་ནི་སྨོས་མེད་ལ། མིང་ཚིག་རྣམས་ཀྱང་བོན་གྱི་ཐུན་མིན་བརྡ་ཆད་དང་ཐ་སྙད་ཀྱི་རྒྱ་ལས་མ་འདས་པར་དགོལ་བར་གལ་ཆེ་བས། དེ་ལྟར་དུ་བགྱིས་པའི་བོན་དེབ་ལེགས་གྲས་ཀྱང་མི་ཉུང་ཙམ་ཞིག་མཆིས་པ་དག་གིས་ཀློག་པ་པོ་རྣམས་ཞིབ་ཀློག་ལ་རོལ་བར་སྤྲོ་བ་བསྲིངས་པས། འདི་ནས་ཀྱང་ཁ་ཚིག་ངོ་བསྟོད་ཙམ་ཞིག་མིན་པར་སེམས་ཀྱི་གུ་གཏིང་ནས་མངོན་པར་དགའ་བའི་ཡི་རངས་ཤིག་མགུ་མོས་ཆེན་པོས་འཆོར།
དེས་ན་ད་དུང་དེ་ལྟར་མུ་ནས་མུ་རུ་མཐུད་སྟེ། དེབ་གཟུགས་ཀྱི་ཇུས་འགོད་ལེགས་ལ། དཔར་རིས་ཀྱི་བཀོད་སྒྲིག་མཛེས་པ། སྣག་ཤོག་གི་རྒྱུ་སྤུས་བཟང་བ། རྩོམ་སྒྲིག་པའི་ཞུ་སྒྲིག་དག་པ། བརྗོད་བྱའི་ནང་དོན་གྱ་ནོམ་པར་འཛོམས་པའི་ཚད་ལྡན་གྱི་བོན་དེབ་སྣ་ཚོགས་དབྱར་གྱི་སྤང་ལ་ཤ་མོང་བརྡོལ་བ་བཞིན་དུ་ཐང་མར་བདལ་བར་སྨོན་པས་རྒྱས་འདེབས་པ་ལགས་སོ།། །།
བོན་དེབ་རྒྱལ་ལོ། །
གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།
ནང་ངོས་པར་རིས།
དཀར་ཆག
བར་བཅུག་ལེ་ཚན་དང་འབྲེལ་བའི་པར་རིས་ཁག