«བགྲེས་པོའི་འབེལ་གཏམ»སྤྱི་དེབ་བཅོ་ལྔ་བ་གསར་ཐོན།

[ཟླ་ཚེས། 2015-02-24 00:01:16][རྩོམ་པ་པོ། འདི་གའི་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བགྲེས་པོའི་སྔོན་གླེང་གྱེར་བསྟན་གཡེར་པོ་ཆེ།

      ཞང་བོད་ཤེས་རིག་གི་འོད་སྣང་ཐོག་མར་སྐྲུན་མཁན་ཏེ། རྩམ་ཟན་མགོ་ནག་པའི་བགྲེས་པོ་ཐོག་མ་གཤེན་རབ་མི་བོ་ཆེ་མཆོག་གིས་གསུངས་པའི་ལུང་རྟོགས་ཀྱི་བསྟན་པ་ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་དང། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། དྲང་ངེས་གཉིས་དང་བཅས་པའི་ཤེས་རིག་དག་ནི། སྟོད་ཀྱི་གངས་དཀར་ཏི་སེ་ལས་ཀྱང་རྔམ་ཆེ་ཞིང་། མ་ཕམ་གཡུ་མཚོའི་མལ་གཞོང་ལས་ཀྱང་གཏིང་ཟབ་པས། ཡ་ཐོག་བསྐལ་པ་བཟང་བའི་དུས་སུ་ཞང་ཞུང་དང་རྟག་གཟིགས་བོད་ཀྱིས་མཚོན་གླིང་ཆེན་ཨེ་ཤི་ཡའི་དབུས་གྱུར་གྱི་ཡུལ་གྲུ་མང་པོར་ས་ཁྱབ་རྡོ་ཁྱབ་ཏུའང་དར་མྱོང་།

      ལྷག་དོན་དུ་གནམ་བསྐོས་ཞང་ཞུང་ཝེར་རོ་རྒྱལ་པོ་བྱར་ཐོགས་བཅོ་བརྒྱད་རིམ་བྱོན་དང་། བོད་རྗེ་གཉའ་ཁྲི་ལ་སོགས་སྤུ་རྒྱལ་བཙན་པོ་དག་གི་སྐབས་འོ་སྐོལ་ལྷ་འབངས་མི་སེར་ཙམ་གྱིས་མ་ཚད། དབུ་ཡི་ཕོ་བྲང་ནང་དུའང་སྲིད་པ་བོན་གྱི་ཕྱྭ་གཡང་གི་མཚོ་མོ་འཁྱིལ་མྱོང་ལ། རྔ་གཤང་གི་བོན་དབྱངས་ཀྱང་བསྒྲགས་མྱོང་། ཆེས་སྔ་བའི་དུས་དེར་བོན་གཤེན་རིག་འཛིན་ཕོ་མོ་དག་གིས་མི་ཚད་གནམ་བསྐོས་རྒྱལ་པོ་ཡབ་སྲས་ཀྱིས་ཀྱང་ཉམས་ལེན་བསྙེན་སྒྲུབ་ཀྱི་རྒྱུན་བསྐྱངས་པས། མཐར་གཟུགས་ཕུང་འཇའ་འོད་དུ་དེངས་པ་ཡང་ཉུང་ཉུང་ཞིག་མིན་སྟབས། བཙན་པོ་རྨུ་ཐག་ལ་འཇུས་ཏེ་གནམ་དུ་གཤེགས་ཟེར་བའི་གཏམ་ཞིག་གནམ་འོག་གི་ཁྱོན་དུ་གྲགས།

      འཇིག་རྟེན་གྱི་ཁ་དཔེར་"བློ་མ་བདེ་ས་དེ་གླེང་གྲངས་མང་"ཞེས་པ་ལྟར་བསྐྱར་དུ་གླེང་དགོས་པ་ཞིག་སྟེ། སྐབས་རེར་སྤྱི་མཐུན་བསོད་ནམས་ཀྱི་ལས་དབང་སྲབ་པ་དང་། དུས་རྐྱེན་མང་པོ་ཞིག་གིས་ས་མཐོའི་ཞིང་དེར་ཤེས་རིག་འདི་དག་ཡལ་ལ་ཁད་དང་འགྱེལ་ལ་ཁད་སོགས་གཉན་འཕྲང་དུ་མར་བརྒྱུད་དགོས་བྱུང་ནའང་། གྱེར་གཤེན་རིག་འཛིན་གོང་མའི་སྨོན་ལམ་བཙན་པ་དང་། བོན་སྐྱོང་སྲུང་མ་དག་གིས་སྡོང་འདེགས་ཀྱི་དཔུང་རོགས་བཟང་བར་བརྟེན། བྱིན་རླབས་ཀྱི་དྲོད་ཁ་ཡལ་དུ་མ་བཅུག་ཅིང་། བརྒྱུད་པའི་འཕྲེང་བ་ཆད་དུ་མ་བཅུག་པ་ནི། ཕྱོགས་གཅིག་ནས་བལྟས་ན་མི་རིགས་འདིའི་ཁྲག་རྒྱུན་ལ་ཤེས་རིག་འདི་དག་བླ་སྲོག་ལྟ་བུར་སིམ་ཡོད་པས་ཡིན་ཡང་སྲིད།

      དེ་ལྟར་ན་ཡང་། ཉེ་བའི་དུས་རབས་སྔ་ཕྱི་བར་གསུམ་ནང་གཞན་གྱི་གཡམ་ཚིག་སོགས་ལ་བརྟེན་ནས་ཟ་དང་ཟུར་གྱིས་ཚིག་གི་མདའ་གྲི་མདུང་གསུམ་གྱི་རྣོ་ཁ་ཡོད་ཚད་ཤེས་རིག་འདི་དང་ཆོས་ལུགས་འདི་ལ་གཏད་སྟེ། ངོ་བོ་ལ་དཀར་ནག་དང་། སྤྱོད་པའི་ཆ་ནས་མཐུ་ནག་རྒྱག་པ་དང་། དམར་མཆོད་འབུལ་བ་སོགས་ཀྱི་ངན་ཁག་བཀལ་བས་མ་ཚད། ད་དུང་སྒང་པ་བོད་ཀྱི་ཕ་ཆོས་འདི་ཉིད་ཚངས་བརྒྱ་དབང་གསུམ་དང་འབྲེལ་བའི་ཧིན་ཆོས་ཀྱི་ཚ་རྒྱུད་སྟེ། བྲམ་ཟེ་འཁྱམས་པོས་བོད་དུ་དྲངས་པའི་ཆོས་འཁྱམས་ཤིག་མིན་སྟབས། རྟག་ཏུ་ནང་པ་མིན་རབས་སུ་གླེང་ཞིང་། དེར་མ་ཟད་ཐབས་རྒྱ་ཆེ་ལ་ལམ་སྒོ་ཡང་ཞིང་ཚེ་གཅིག་ཟག་མེད་འོད་ཀྱི་ཕུང་པོར་གདེངས་ནུས་པར་བྱེད་པའི་གདམ་ངག་གིས་ཕྱུག་པའི་གྲུབ་མཐའ་འདི་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མེད་པར་བསྙད་ཅིང་། བྱུང་རྒྱལ་གྱི་སྒྲོ་སྐུར་སྣ་ཚོགས་དང་དཀར་ནག་དམར་གསུམ་གྱི་ཚོན་རྩིས་སྣ་ཚོགས་བྱུགས་ཏེ་སྲིད་པའི་ཕ་བོན་གོང་མའི་ཤེས་རིག་འདིའི་རང་མདངས་དང་ཇི་ཡིན་གྱི་ཁྱད་བོན་དེའང་སྒྲིབ་པར་བྱས་དང་བྱེད་མུར་འདུག

      འོན་ཀྱང་། ཐམས་ཅད་རྩ་འགག་ཏུ་མ་གྱུར་པར་དེང་གི་དུས་རབས་འདིར་ང་ཚོའི་དད་མོས་ཀྱི་སྤྱོད་ཡུལ་དུ་བཞུགས་པ་དེའང་ང་ཚོའི་ལས་དབང་དང་འབྲེལ་ནས་ཡོད་པའི་བདེན་རྟགས་ངོ་མར་དངོས་སུ་འཁུམས་ཀྱང། ཡབ་མེས་གོང་མའི་ཟུངས་ཁྲག་ལས་གྲུབ་པ་ཡིད་བཞིན་གྱི་ནོར་བུ་འདི་ཉིད་ད་ལྟའི་དུས་རབས་འདིར་འདམ་ནས་སྐྱེས་པའི་པདྨོ་བཞིན་ལྟ་དཔྱོད་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་སོགས་རྣམ་པར་དག་པའི་འོད་སྣང་འཚེར་བཞིན་པར་མ་ཟད། གྲ་མ་ཆག་ཅིང་གྲུ་མ་ཉམས་པར་གནས་བཞིན་པ་འདི་ནི། སྐུ་ཚེ་གང་པོར་བསྟན་དོན་དུ་མཛད་འཕྲིན་བསྐྱངས་ཞིང་སྲིད་པའི་སྒྲོན་མེ་ལྟ་བུར་གྱུར་ཏེ། ད་ལྟའང་གུང་གྲངས་ཀྱང་དགུ་བཅུ་ལ་ཉེ་བར་སྐུ་འཚོ་གཞེས་ཤིང་བཞུགས་པའི་དཔོན་གསས་རྩ་བའི་བླ་མ་གཙུག་གི་ནོར་བུ་༸སྐྱབས་རྗེ་༸སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། སྨྲ་བའི་དབང་པོ་ྋསྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་སྟེ། བོན་གྱི་ཉི་ཟླ་ཟུང་འབྲེལ་གྱི་འཕྲིན་ལས་ཉག་གཅིག་ལས་གྱུར་པ་ནི། ད་ལྟ་གྲུབ་མཐའ་གཞན་དང་དཔུང་གདང་མཉམ་གཤིབ་དང་། ཕྱི་ནང་ཤེས་རིག་གི་སྡིངས་ཆའི་སྟེང་ཀུན་གྱིས་གླེང་བྱ་གཡེར་པོ་ཆེ་རུ་གྱུར་ཡོད།

      གང་ལྟར་སྤྱིར་འཛམ་གླིང་ཧྲིལ་པོའི་འགྱུར་ལྡོག་དང་སྒོས་གྲུབ་མཐའི་འཛིན་སྟངས་ལ་ཡར་རྒྱས་ཅུང་ཟད་རེ་འགྲོ་རེ་འགག་གི་གཉན་འཕྲང་ཁྲོད་ཕན་ཚུན་མཐུན་སྒྲིལ་གྱི་ཡོང་སླད་དུ་དམིགས་ནས་ནོར་བ་སྐྱོན་སེལ་དང་། ལོང་བ་མཛུབ་འཁྲིད། ཚིག་ལན་གཏམ་འཇལ་མཛད་ཆེད་ཕྱི་ནང་རྒྱ་ཆེའི་གྱེར་སྨྱུག་འཆང་བའི་མཁས་དབང་མང་པོ་ཞིག་དང་གསར་འབུས་ཀྱི་ན་གཞོན་རྩོམ་པ་སོགས་མང་པོ་ཞིག་ནས་རིན་བྲལ་གྱི་རྩོམ་ཡིག་སྣ་ཚོགས་ཞིག་གནང་བའི་བཀའ་དྲིན་དང་། ལྷག་བསམ་གྱི་གདུང་བ་རབ་ཏུ་ཟབ་པའི་ངེད་རྩོམ་སྒྲིག་པ་རྣམ་པའི་ལྷོད་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་འདི་གའི་ལོ་དེབ་འདི་བཞིན་ད་ལོ་གུང་གྲངས་བཅོ་ལྔ་རུ་ཕེབས་ཡོད་པས། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་དུས་དེབ་ཀྱི་བགྲེས་པོའི་གྲས་སུའང་གྱུར་ཡོད་པས་དགའ་སྤྲོ་བརྟས། འདི་ལོར་འདོན་ཐེངས་བཅོ་ལྔ་འདི་ཡང་བདེ་བླགས་ངང་ལེགས་གྲུབ་བྱུང་བར་སྤྲོ་བ་ཚད་མེད་དང་བཅས། ང་ཚོའི་ལས་དོན་བྱེད་ཕྱོགས་གང་ཐད་ནས་མ་འདང་བའི་ཆ་དང་། མ་འགྲིག་པའི་ལས་སོགས་རྩོམ་སྒྲིག་གི་སྐྱོན་ཇི་ཡོད་རྣམས་ཐད་ཀར་ནོར་བ་ཐེར་འདོན་གནང་རོགས་ཞུ།

      མདོར་ན་ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་རྩོམ་པ་པོ་རྣམས་དང་། རྒྱ་ཆེའི་ཀློག་པ་པོ། དེ་བཞིན་ངེད་རྩོམ་སྒྲིག་ཁང་ལ་མཐུན་འབྱོར་སྐྲུན་མཁན་ཕྱོགས་བཞུགས་སྦྱིན་བདག་བཅས་ཚང་མ་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཁྱེད་རྣམ་པའི་ལེགས་ཚོགས་ཀྱི་བྱ་བ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུའོ།། །།

གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།

cover-2015-beltam-front.jpg
«བགྲེས་པོའི་འབེལ་གཏམ»སྤྱི་དེབ་བཅོ་ལྔ་བའི་མདུན་ཤོག
cover-2015-beltam-front-inner.jpg

«བགྲེས་པོའི་འབེལ་གཏམ»སྤྱི་དེབ་བཅོ་ལྔ་བའི་མདུན་ཤོག་ནང་མ།
cover-2015-beltam-back-Inner.jpg
«བགྲེས་པོའི་འབེལ་གཏམ»སྤྱི་དེབ་བཅོ་ལྔ་བའི་ཕྱི་ཤོག་ནང་མ།
cover-2015-beltam-back.jpg
«བགྲེས་པོའི་འབེལ་གཏམ»སྤྱི་དེབ་བཅོ་ལྔ་བའི་ཕྱི་ཤོག

111111.jpg
22222.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།