སྐྱང་སྤྲུལ་རིན་པོ་ཆེའི་གྱ་དེབ་ཚེ་རིང་ལོ་བརྒྱ།

[ཟླ་ཚེས། 2014-08-25 15:44:40][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་དགྱེས་སྟོན་ལ་ཕུལ་བའི་རྟེན་འབྲེལ་ཤིས་སྨོན་ཆེད་བསྒྲིགས་ ༼  ཚེ་རིང་ལོ་བརྒྱ  ༽པར་དུ་བསྐྲུན་པ།999.jpg
གྱ་དེབ་ཀྱི་མདུན་ངོས་པར་རིས།
03.jpg08.jpg
10.jpg11.jpg
07.jpg06.jpg
05.jpg09.jpg
མཇུག་གཏམ།

   ད་ལམ་ཞྭ་དཀར་བསྟན་པའི་གསལ་བྱེད་ཆེན་མོ་དཔོན་གསས་བླ་མ་མཁས་དབང་༧སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་དཔལ་བཟང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་སྐྱེ་བ་མི་ཡི་མཛད་པ་བསྐྱངས་ནས་དགུང་གྲངས་བརྒྱད་ཅུར་བཞེས་པའི་བསྐལ་བཟང་ལེགས་འཛོམས་ཀྱི་དུས་འདིར། མཁས་བཙུན་བཟང་གསུམ་དཔལ་གྱིས་ཕྱུག་པའི་སྐྱང་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་ལ། ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་རྣམ་དཔྱོད་ཐོགས་ཆགས་མེད་པ་གྲགས་ཅན་རྩོམ་པ་པོའི་སྡེ་དང་། གཞན་ཡང་དམ་ཚིག་ཆིག་སྒྲིལ་གྱི་བོན་འབྲེལ་ཡོད་པའི་སྐལ་ལྡན་གྱི་བུ་སློབ་སོགས་མི་སྣ་གྲངས་མང་ཞིག་གིས་མེ་ཏོག་ཆུང་ཡང་ལྷ་རྫས་བཞིན། སྐད་འཕྲིན་དང་ཀློག་འཕྲིན། གློག་རྡུལ་ཡིག་སྒམ་སོགས་བརྒྱུད་ནས་བཀྲ་ཤིས་རྟེན་འབྲེལ་གྱི་ཤིས་ཚིག་གྲངས་མང་བསྐུར་གནང་བ་རྣམས་སྔར་གྱི་མཛད་འཕྲིན་རྣམས་དྲན་སྐུལ་དང་མ་འོངས་པ་བསྟན་འགྲོའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་བཏབས་ཡོད་པ་མཚོན་པས་ཞེ་ཐག་པ་ནས་དགའ་བསུ་བརྟས་ཡོད། འོན་ཀྱང་རྩོམ་ཡིག་འགའ་ཞིག་ཡུལ་དུས་འབྲེལ་ལམ་སོགས་ཀྱི་རྐྱེན་པས་དུས་ལྟར་དུ་ངེད་རྩོམ་སྒྲིག་པའི་ལག་ཏུ་མ་འབྱོར་བའི་གནས་ཚུལ་བྱུང་བ་རྣམས་ཆེད་དུ་དགོངས་གསོལ་ཀྱང་ཞུ་བ་ལགས།
   དེ་ཡང་སྐབས་བསྟུན་གྱི་༼ཚེ་རིང་ལོ་བརྒྱ༽ཞེས་པའི་ཤིས་ཚིག་གི་ཆེད་དེབ་འདི་ཡང་སྐལ་ལྡན་གྱི་ཀློག་པ་པོ་རྣམས་ཀྱི་སྐོམ་གདུང་གི་ཞལ་དུ་གསོལ་ཆབ་བསྟབ་པ་བཞིན་ལགས་ན། ཁོང་རིན་པོ་ཆེ་ལ་འཇིག་རྟེན་པའི་དྲེགས་ལྡན་གྱི་དྲི་མས་ཟུར་ཙམ་ཡང་མ་གོས་པར་རླབས་ཆེན་བསྟན་དང་འགྲོ་བའི་དོན་ཁོ་ནར་མཛད་བཞིན་ཚུར་མཐོང་སོ་སོ་སྐྱེ་བོ་རྣམས་ལ་གང་ལ་གང་འདུལ་གྱི་མཛད་པ་ངལ་མེད་དུ་བསྐྱངས་ནས་དགུང་གྲངས་བརྒྱད་ཅུར་སོན་པ་འདི་ནི་འུ་ཅག་ས་སྟེང་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱི་རྒྱན་དང་བསྐལ་བ་བཟང་པོའི་གནད་དུ་འཁུམས་པར་སེམས་སོ། །
   སླར་ཆར་ཡང་། གཡུང་དྲུང་སེམས་དཔའ་འཁོར་བ་སྤངས་ཀྱང་སེམས་ཅན་གདུལ་བྱའི་ཆེད་དུ་འཁོར་བར་སྐྱེ་བ་ལེན་པ་ནི་འདི་འདྲ་ཞིག་ལ་ངོས་འཛིན་གོ་དགོས་སྙམ། དེ་ཕྱིར་བཀའ་དྲིན་སུམ་ལྡན་གྱི་བླ་མ་རིན་པོ་ཆེ་གང་གི་སྐུ་གསུང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་རིན་པོ་ཆེ་ཁོང་གི་སྐུ་ཚེ་བསྐལ་པ་བརྒྱ་ཕྲག་ནས་བརྒྱ་ཕྲག་ཏུ་བརྟན་པའི་སྨོན་འདུན་ཞུ་བ་དང་། གཞན་ཆེད་དེབ་འདི་ཉིད་སྒྲིག་སྐབས་སུའང་ངེད་རྩོམ་སྒྲིག་འགན་ཁུར་བ་རྣམས་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་སོགས་གང་གི་ཆ་ནས་ཤིན་ཏུ་ཞན་པས་ནོར་སྐྱོན་གྱི་ཆ་དུ་མར་མཆིས་པ་རྣམས་རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་བ་དང་བཅས། །

༢༠༡༤ལོའི་ཟླ་བ་༦པའི་ཚེས་༡༥ཉིན་ལ་རྩོམ་སྒྲིག་པས་སྦྱར་བའོ། །

༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་དགྱེས་སྟོན་ལ་ཕུལ་བའི་རྟེན་འབྲེལ་ཤིས་སྨོན་ཆེད་བསྒྲིགས་ ༼ ཚེ་རིང་ལོ་བརྒྱ ༽ཡི་དཀར་ཆག

1.jpg2.jpg
3.jpg4.jpg
5.jpg6.jpg
7.jpg8.jpg
9.jpg010.jpg

གྱ་དེབ་ཀྱི་དཀར་ཆག

༼  རྩོམ་སྒྲིག་པས་གསལ་བཤད། ༽ དགེ་བཤེས་གཡུང་དྲུང་བསམ་གཏན་མཆོག་དང་དགེ་བཤེས་འཇམ་མེ་རྣམ་གཉིས་ནས་༧སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་གྱ་སྟོན་ལ་རྟེན་འབྲེལ་ཤིས་ཚིག་ངེད་རྩོམ་སྒྲིག་ཁང་ལ་བསྐུར་གནང་བྱུང་མོད། འདི་ག་རྩོམ་སྒྲིག་པས་གཟབ་གཟབ་མ་བྱས་པའི་གྱ་དེབ་ཏུ་འགོད་ཡ་ལུས་སོང་བ་ལ་འདི་ཆེད་དུ་ཁོང་རྣམ་གཉིས་ལ་དགོངས་དག་ཞུ་བ་བཅས།

དྲང་བོར་བརྗོད་པའི་གཏམ།
དགེ་བཤེས་འཇམ་མེ།

༧རྒྱལ་ཀུན་ངོ་བོ་གཅིག་ཏུ་བསྡུས་པའི་མགོན། །རྒྱལ་གཤེན་བསྟན་པ་ཡང་དག་སྐྱོང་བའི་གཉེན། །
རྒྱལ་བའི་སྲས་མཆོག་དཔལ་ལྡན་བླ་མ་རྗེ། །རྒྱལ་བ་མཉམ་མེད་ཆེན་པོས་རྗེས་སུ་ཟུངས། །
༧ ཐུགས་བསྐྱེད་ཟབ་མོའི་དགོངས་པ་གཅིག་ཏུ་སྒྲིལ། །གཟུགས་ཚད་ཟམ་མོའི་མདོ་སྨད་སྐྱངས་ཚང་རུ། །
གཟིགས་པའི་མཐའ་མ་སྐྱེ་བ་བཞེས་པའི་བུ། །སྐྱངས་འཕགས་གདན་རབས་འཛིན་ལ་གསོལ་བ་འདེབས། །
༧ དང་པོ་ཐོས་པའི་སློབ་དཔོན་རྒྱ་ཆེར་བསྟེན། །བར་དུ་བསམ་དཔྱོད་ཟབ་མོས་སྒྲོ་འདོགས་བཅད། །
ཐ་མ་སྒོམ་པའི་རྟོགས་པ་ཀློང་བརྡོལ་བ། །བླ་མ་དེ་ནི་དོན་གྱི་བླ་མ་ཡིན། །
༧ ཕྱི་ཚུལ་ཉམ་ཆུང་སྤྱོད་པས་གཞན་རྒྱུད་འདུལ། །ནང་ཁྲིམས་འདུལ་བ་ཟབ་མོས་རང་རྒྱུད་ཕྱུག །
གང་དུ་ཕེབས་ཀྱང་དམན་ས་འཛིན་པའི་བུ། །བླ་མ་དེ་ནི་དོན་གྱི་བླ་མ་ཡིན།
༧ འཁོར་དང་ཟིང་ཟིང་སྤྱོད་པར་མི་མོས་ཤིང་། །སྙན་གྲགས་ཁེ་དབང་གཉེར་བ་དེ་བས་མེད། །
གཞན་དོན་ཁོ་ནས་མི་ཚེ་ཟད་པའི་མགོན། །བླ་མ་དེ་ནི་དོན་གྱི་བླ་མ་ཡིན། །
༧ མཐོན་པོའི་གདོང་ལ་འཛུམ་གྱིས་མི་ལྟ་པར། །དམའ་མོའི་བཞིན་ལ་ཁྲོ་ཉམས་མི་སྟོན་པའི། །
ཀུན་ལ་འདྲ་མཉམ་གཟིགས་པའི་རྣལ་འབྱོར་བ། །བླ་མ་དེ་ནི་དོན་གྱི་བླ་མ་ཡིན། །
༧ བསྟན་འགྲོའི་དོན་ལ་དཀའ་བར་མི་འཛེམས་ཤིང་། །ཉམ་ཆུང་དག་ལ་བྱམས་སྐྱོང་ཆེ་བའི་མགོན། །
གང་ལ་གང་འཚམས་བོན་སྟོན་མཁས་པའི་བུ། །བླ་མ་དེ་ནི་དོན་གྱི་བླ་མ་ཡིན། །
༧ ནོར་གྱི་ཕྱུག་ན་དགའ་བ་མི་འགྱུར་ལ། །ཅི་ཡང་མེད་ཀྱང་སྐྱོ་ཉམས་མི་མཐོང་བའི། །
མི་བུ་དེ་ནི་རྫོགས་ཆེན་རྣལ་འབྱོར་ཞེས། །ཀུན་གྱི་ངག་ལ་རླུང་ལྟར་གྲགས་པ་ཐོས། །
༧ མ་འོངས་བསྟན་འགྲོའི་དོན་ཆེན་བསྒྲུབ་པ་ལ། །ཁྱེད་དང་ཁྱེད་འདྲའི་མགོན་པོ་མཁོ་ཆེ་བས། །
ཁྱེད་སྐུ་ཉི་མ་གཞོན་ནུའི་གཟི་བྱིན་འོད། །ཡུན་དུ་གནས་པར་ལྷ་དང་སྲུང་མའི་སྐྱོབས། །

༧ཞེས་སྐྱང་འཕགས་གདན་རབས་འཛིན་པ་སྐྱངས་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་གི་དགུང་གྲངས་བརྒྱད་ཅུར་སོན་པའི་དགའ་སྟོན་རྟེན་འབྲེལ་མཚོན་བྱེད་དུ་དགེ་བཤེས་འཇམ་མེ་རུ་འབོད་པ་གང་དེས་གུས་ཕྱག་བཅས་༢༠༡༤ལོའི་ཟླ་༤ཚེས་༡༥ ཉིན་ཕུལ། །

དད་དམ་གྱི་རེ་སྨོན།

དགེ་བཤེས་གཡུང་དྲུང་བསམ་གཏན།

མདོ་སྔགས་སེམས་གསུམ་ཐེག་པ་རིམ་དགུ་སོགས།། བརྒྱད་ཁྲི་བཞི་སྟོང་བོན་གྱི་འཁོར་ལོ་བསྐོར།།
རིགས་དྲུག་འགྲོ་བའི་མ་རིག་མུན་འཇོམས་སྒྲོན།།རྗེ་བཙུན་སྐྱངས་སྤྲུལ་བླ་མར་གུས་ཕྱག་འབུལ།།

རྒྱལ་བསྟན་རིན་ཆེན་ལྷུན་པོའི་ཕང་བ་རུ།། ལྷག་པའི་བསླབ་གསུམ་རྩི་བཅུད་འཐུག་པོ་མཆོག།
འཇིག་རྟེན་ཕྲག་བརྒྱའི་ལྷ་སྐལ་བསྐྲུན་མཁས་པ།རྗེ་བཙུན་སྐྱངས་སྤྲུལ་བླ་མར་གུས་ཕྱག་འབུལ།།

ཕྱི་ཚུལ་དག་པས་སྐལ་ལྡན་དྭངས་བ་འདྲེན།།ནང་ཁྲིམས་གཙང་མས་དུག་གསུམ་རྩ་བ་བཅད།།
མས་འཛེགས་སྤྱོད་པས་རང་གཞན་ཡོངས་སུ་བཏུལ།།རྗེ་བཙུན་སྐྱངས་སྤྲུལ་བླ་མར་གུས་ཕྱག་འབུལ།།

མཐོན་པོའི་ཁྲི་ལ་ཆགས་པའི་ཞེན་པ་མེད།།དམན་པའི་གྲལ་ལ་དམོད་པའི་སྡང་བ་བྲལ།།
ཆགས་སྡང་རྩ་བ་ཤེས་རབ་རལ་གྲིས་གཏུབ།།རྗེ་བཙུན་སྐྱང་སྤྲུལ་བླ་མར་གུས་ཕྱག་འབུལ།།

སྒོམ་པ་འཁྲུལ་མེད་ཟབ་མོའི་ཀུན་གཞིར་ཞུགས།།ལྟ་བ་དམིགས་མེད་མཐའ་བཞི་རྒྱ་ལས་གྲོལ།།
སྤྱོད་པ་རིས་བྲལ་འཚེ་མེད་ཞི་བདེར་རོལ།།རྗེ་བཙུན་སྐྱངས་སྤྲུལ་བླ་མར་གུས་ཕྱག་འབུལ།།

དད་ལྡན་འགྲོ་བས་འདི་ཕྱིའི་སྐྱབས་གཅིག་པུར།།མཁྱེན་བརྩེའི་བདག་ཉིད་སྐྱངས་སྤྲུལ་བླ་མ་རྗེ།།
གདོང་ལྔས་སྟོབས་ཀྱིས་བཏེགས་པའི་གསེར་གྱི་ཁྲིར།།བསྐལ་བའི་བར་དུ་འགྱུར་མེད་བརྟན་བཞུཊ་མཛོད།།

   ཅེས་རྗེ་བཙུན་སྐྱངས་སྤྲུལ་བླ་མ་རིན་པོ་ཆེ་མཆོག་དགོང་གྲངས་བརྒྱད་བཅུ་ཕེབས་པའི་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་འགྱུར་མེད་གསེར་གྱི་ཁྲི་འཕང་མཐོན་པོར་བསྐལ་བརྒྱའི་བར་དུ་བཞུགས་ཏེ་གཡུང་དྲུང་བོན་གྱི་འཁོར་ལོ་ཡངས་པའི་འཇིག་རྟེན་གྱི་ཁམས་སུ་རྒྱུན་མི་ཆད་པར་སྐོར་བའི་གསོལ་བ་འདེབས་ཞེས་༢༠༡༤,༤ཚེས་བཟང་ལ་རྒྱ་ནག་ཁྲིན་འདུ་ནས་བྲིས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།