༢༠༡༣ལོའི་༼སྦྲ་གུར་གྱི་འོད་སྣང་༽འགྲེམ་སྤེལ་གནང་འདུག
[ཟླ་ཚེས། 2014-03-10 23:14:33][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་ལོ་དེབ་༼སྦྲ་གུར་གྱི་འོད་སྣང་༽སྤྱིའི་འདོན་ཐེངས་བདུན་པ་འགྲེམ་སྤེལ་གནང་བ། ༢༠༡༣ལོའི་དེབ།
མདུན་ངོས།
ནང་ངོས་པར་རིས།
ནང་བཅུག་པར་རིས།
དཀར་ཆག
གླེང་གཞི་མཆོད་པའི་མེ་ཏོག
དེང་དུས་རབས་ཉེར་གཅིག་པའི་འཛམ་གླིང་གོ་ལ་ཧྲིལ་པོའི་ས་ཕྱོགས་གང་སར། སྤྱིར་འགྲོ་བ་མི་ཡི་རིགས་ཀྱི་དམིགས་མདུན་དཔལ་ཡོན་གཉིས་ཀྱི་ལང་ཚོའི་གཟི་འོད་ཀྱི་རང་མདངས་དབྱར་མཚོ་ཇི་བཞིན་རྒྱས་པའམ་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་འཕེལ་འབྱུང་བཞིན་པ་ནི་ཀུན་གྱིས་མཁྱེན་གསལ་ལ། དེ་ལྟར་ང་ཚོའི་ཞང་བོད་མི་རིགས་རང་གི་ཐུན་མིན་ཁྱད་ནོར་གྱི་རིག་གཞུང་སམ། དགེ་མཚན་འབུམ་གྱི་བདག་ཉིད་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད། མི་རིགས་རང་གི་ཡབ་མྱེས་མེས་པོའི་སྲོལ་རྒྱུན་བཟང་པོ་དྲི་མ་མེད་པ་གང་གིས་འགྲན་དང་བྲལ་བར། མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་རྒྱུ་འུ་ཚོའི་འོས་འགན་དུ་ལགས་པས། དེར་བརྟེན་ཀུན་གྱིས་ཕྱར་གྲུ་མཉམ་འདེགས་ཀྱིས་མེས་རྒྱལ་དང་མི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་། ལྷག་ཏུ་ཞང་བོད་མཐོ་སྒང་བའི་འབྱུང་འགྱུར་མདུན་ལམ་གྱི་ཁ་ཕྱོགས་གནས་ལ་མ་ནོར་བ་བླང་དོར་ལམ་སྟོན་གྱི་སྒྲོན་མེས་འཛམ་གླིང་འདིར་མིའི་རིགས་རྣམས་ནང་བསྟན་གྱི་བསམ་པའི་དཔལ་ཡོན་ཆུ་ཚད་གོང་མཐོར་ཕྱིན་ནས་སྤྱོད་བཟང་གཉིས་ལྡན་གྱི་བདེ་སྐྱིད་ལམ་བུ་གསར་པར་རིམ་བཞིན་ཞུགས་ནས། ཕུགས་འདུན་འབྲས་བཟང་གཡུར་དུ་ཟ་བའི་མདུན་སྤྱོད་ལ་གོམ་ཁ་ཕྱོགས་ཆེད་དུ་མེ་ཏོག་ཆུང་ཡང་ལྷ་རྫས་སུ་དམིགས་ནས། སྐབས་འདིར་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་ལོ་རྒྱུས་དངུལ་དཀར་མེ་ལོང་། རིག་པའི་གཞུང་གི་གནད་ལ་དཔྱད་པའི་དཔྱད་རྩོམ་ཚངས་སྲས་ཞལ་ལུང་། ལེགས་ཉེས་བླང་དོར་ཚུལ་བཞིན་འབྱེད་པའི་སློབ་གསོ་གནད་ཀྱི་དམིགས་བུ། གང་དག་འབྱུང་ཕུང་བདེ་བར་འཚོ་ཆེད་འཕྲོད་བསྟེན་ཕན་བདེའི་ལམ་བཟང་། སྙན་ཚིག་སྟོང་གི་རོ་བཅུད་ལྡན་པའི་སྙན་རྩོམ་རྒྱུད་མང་རང་སྒྲ། སྐབས་ཐོབ་ཀྱི་དོན་གནས་འགར་གླེང་བར་གནས་ཚུལ་མུན་སེལ་འོད་སྣང་བཅས་ཐེངས་འདིར་༼སྦྲ་གུར་གྱི་འོད་སྣང་༽ས་བཅད་ཕ་རོལ་ཕྱིན་པའི་གྲངས་འཛིན་གྱི་ལོ་དེབ་བདུན་པ་འདི་ཉིད་སྨྱུག་རྩེའི་སྒྱུ་འཕྲུལ་གར་དུ་རྩེན་པའི་རྩོམ་པ་ནོར་བུའི་མཛོད་ལ་གང་འདོད་ལོངས་སུ་སྤྱོད་བཞིན་པའི། མདོ་དབུས་ཁམས་གསུམ་རིགས་མཐུན་གྱི་སྨྱུག་ཐོགས་པ་རྣམ་པས། རྒྱབ་སྐྱོར་གྱི་རོགས་རམ་མི་དམན་པ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་དང་། ད་ལན་རྩོམ་སྒྲིག་ཁང་དུ་འབྱོར་བའི་རྩོམ་ཡིག་མང་རྐྱེན། ཆ་ཚང་དེབ་ཐོག་ཏུ་འགོད་ཐུབ་མ་སོང་ལ་ལོ་རྗེས་མར་མུ་མཐུད་འགོད་འཆར་ཡོད་པས་གོངས་འགལ་མེད་པར་ཞུ། མ་འོངས་ཁྱེད་རྣམ་པའི་རྩོམ་ཡིག་ཁ་ཕྱོགས་ཆབ་སྲིད་དང་མཐུན་ཞིང་སུམ་རྟགས་དག་གསུམ་གྱི་འགྲོས་དང་ཡིག་གཟུགས་ལེགས་པོར་བྲིས་ནས་བསྐུར་བ་འམ་ཡང་ན་དྲྭ་ལམ་ནས་རྩོམ་ཡིག་འཛད་མེད་འདོད་འཇོའི་ཆུ་གཏེར་ཇི་བཞིན་སྤྱི་ཟླ་དང་པོའི་སྔོན་ནས་ངེད་རྩོམ་སྒྲིག་ཚོགས་ཆུང་དུ་ལྷུག་པོར་ངེས་འབྱོར་ཡོང་བའི་རེ་སྨོན་དང་། མ་ཟད་ལོ་དེབ་ནང་འཁོད་པའི་རྩོམ་གྱི་ནང་དོན་དང་ལྟ་བ་ངེད་རྩོམ་སྒྲིག་ལྷན་ཚོགས་ཀྱི་བསམ་ཚུལ་ཡིན་པའི་ངེས་པ་མེད། ང་ཚོར་ཤེས་ཡོན་ཆུ་ཚད་ཞན་པ་དང་ཉམས་མྱོང་ཆ་རྒྱུས་དེ་ཙམ་མེད་རྐྱེན་སུམ་རྟགས་དག་གསུམ་སྐོར་སོགས་གང་གི་ཆ་ནས་ནོར་འཁྲུལ་གྲངས་མང་ལྷག་དང་ལྷག་བཞིན་པར་བརྟེན་རྒྱ་ཆེའི་ཀློག་པ་པོའི་ཐུགས་ཀྱི་བཞེད་དགོངས་ཇི་བཞིན་སྐང་དཀའ་བའི་གནས་སུ་གྱུར་བས་དགོངས་དག་དང་མ་ཤེས་བཀའ་སློབ་གྱི་ལམ་སྟོན་ཡང་དག་གནང་བའི་རེ་སྨོན་ཞུ་ཞུ། །
སྦྲ་གུར་འོད་སྣང་གཙོ་སྒྲིག་པས།
རྒྱབ་ངོས།