རྗེ་བོན་བརྒྱ་མཆོག་གི་གྱ་སྟོན་«ཤིས་སྨོན་གཡུང་དྲུང་དགུ་འཕར།»

[ཟླ་ཚེས། 2014-02-26 11:19:58][རྩོམ་པ་པོ། གཟེར་མིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

0011.jpg
རྩོམ་སྒྲིག་པའི་གཏམ།

      དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ཆེན་པོ། འཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་མཆོག་གཟི་བྱིན་འབར་བའི་དཀྱིལ་འཁོར་མཁའ་མཉམ་གདུལ་བྱའི་སྤྱི་དཔལ་དུ་བཞད་ནས་དགུང་གྲངས་བརྒྱད་ཅུ་བཞེས་པའི་དུས་སྟོན་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཐུན་སྦྱོར་དང་བསྟུན་ཏེ། ཉི་ཟླའི་བགྲོད་ལམ་དང་འཚམས་པའི་གོ་ལ་ཟླུམ་པོའི་ཡང་རྩེ་རུ་མངོན་པ། རི་བོ་ཧི་མ་ལ་ཡའི་མདུན་རྒྱབ་ཀྱི་འཁོར་ཡུག་ཀུན་ཏུ་གནས་པའི་བསྟན་འགྲོའི་དོན་ཆེན་མཛད་པའི་བླ་སྤྲུལ་མཁན་སློབ་དང་མཚན་ལྡན་དགེ་བའི་བཤེས་གཉེན་རྣམས་དང༌། ཁྱད་པར་དུ་ཤར་ནུབ་རྒྱལ་ཁབ་ཁག་ན་འཚོ་གཞེས་གནང་བའི་བསྟན་འཛིན་སྐྱེས་ཆེན་གྱི་ཚོགས་ཇི་སྙེད་ཀྱིས། དམ་པ་གང་གི་རླབས་ཆེ་བའི་མཛད་འཕྲིན་ལ་དད་པའི་སྣང་བ་རབ་ཏུ་རྒྱས་ཤིང༌། ཤིས་སྨོན་བསྔགས་བརྗོད་ཀྱི་མེ་ཏོག་གནམ་ས་བར་སྣང་ལ་འགེངས་པ་ཙམ་དུ་གཏོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་«ཤིས་སྨོན་གཡུང་དྲུང་དགུ་འཕར»ཞེས་པའི་དེབ་འདི་ཆེད་དུ་བསྒྲིགས་པ་ཡིན།
      ཆེད་དེབ་འདི་ཉིད་ཐོག་མའི་ལས་འཆར་གྱི་རྣམ་པ་མངོན་དུ་འགྱུར་ཆེད། རང་དགོན་བོན་བརྒྱ་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁོ་བོ་ཟུང་ལ་འགན་འཁྲི་ཕྲག་ཐེག་གི་བཀའ་ནན་སྤྱི་བོར་བབས་པས། བསྐལ་བ་བཟང་པོའི་ལས་སྐལ་ཏུ་སྨིན་པའི་གོ་སྐབས་གསེར་དུ་བྲིན་པའི་ཆུ་ཚོད་དམ་འཛིན་བྱས་ཏེ། དུས་ཡུན་ཐུང་ཡང་རྩོམ་བསྐུལ་གྱི་ནུས་པ་ཆེ་རུ་བཏོན་ནས་གསེར་གྱི་ལྷུན་པོ་ལྟ་བུའི་བླ་སྤྲུལ་ཆེ་མཐོའི་ཁག་ལ་འཕྲིན་བསྐུར་དང༌། སྟག་སེང་དར་མ་ལྟ་བུའི་གྲགས་ཆེན་མཁས་དབང་རྣམས་ལ་བརྡ་འཕྲིན་བཏང༌། ཕྲ་ཚོམ་མེ་ཏོག་ལྟ་བུའི་རིགས་མཐུན་གྲོགས་པོ་ཡོངས་ལ་ཆ་འཕྲིན་བརྒྱུད་དེ། ཡུད་ཙམ་ཞིག་གི་དུས་ཡུན་དང་བསམ་གཞིགས་ཁྲོད་ནས། ལྷ་དང་དྲང་སྲོང་བདེན་པའི་སྨོན་ཚིག་ཞལ་ལུང་ཕྲེང་བར་བསྩལ་བའི་ཞབས་བརྟན་གསོལ་འདེབས་དང༌། མཛད་རྗེས་ཚད་མར་བཟུང་བའི་རྟོགས་བརྗོད་དོན་འདུས། བཅད་ལྷུག་སྤེལ་མའི་ཕྲེང་བར་བརྒྱུས་པའི་བསྔགས་བརྗོད་སོགས་ཤིས་སྨོན་རབ་དང་རིམ་པ་བདུད་རྩིའི་ཆར་རྒྱུན་བཞིན་དུ་ཕྱོགས་འདིར་འཇོ་བས། རྨད་དུ་བྱུང་བ་བླ་མའི་མཛད་འཕྲིན་ལ་ཀུན་གྱིས་དོ་སྣང་དང་གདེངས་འཇོག་མཐོན་པོ་གནང་བཞིན་པ་དངོས་ཤུགས་ཀུན་ནས་མཚོན་འདུག

11.jpg22.jpg

      ཤིས་སྨོན་སྒྲུབ་སྟངས་ཀྱི་ཐད་ནས་རྩོམ་བསྡུ་དུས་ཡུན་ངེས་ཅན་ཞིག་ལ་གཏན་འཁེལ་བྱས་ཡོད་པས། སྐབས་སུ་མ་འབྱོར་བའམ་ཡང་ན་བརྡ་འཕྲིན་བརྒྱུད་ནས་བོར་བརླག་ཏུ་སོང་བ། སྒྲིག་འཇུག་གི་རྗེས་མ་ཆོད་པ་སོགས་ཇི་སྙེད་ཅིག་མཆིས་ཡང༌། དེ་དག་ནི་ཐེངས་འདིའི་ཤིས་སྨོན་དེབ་འདིར་ཚུད་མ་ཐུབ་པས་དགོངས་འགལ་མེད་པར་ཞུ་རྒྱུ་དང༌། ལེ་ཚན་སྒྲིག་སྟངས་ཀྱི་ཆ་ནས་རྣམ་པ་བཞི་རུ་ཕྱེས་ཏེ། དང་པོ“ཤིས་ཚིག་གཤེན་དབྱངས་ནོར་བུའི་མཆོད་ཕྲེང་”ཞེས་པའི་ནང་དུ། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཐུན་མོང་གྲུབ་མཐའ་ཐམས་ཅད་འགལ་མེད་དུ་རྟོགས་པའི་བླ་སྤྲུལ་ཆེ་ཁག་གི་རིགས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། མཚན་གནས་ཀྱི་འཇོག་སྟངས་ཐད་ནས་ཀྱང་ཐོབ་དང་གོ་ས་ཁེ་དང་སྙན་གྲགས་འཁོར་དང་ལོངས་སྤྱོད་ཆེ་ཆུང་སོགས་འཇིག་རྟེན་པའི་མཐོ་དམན་རྩོད་ལེན་ཙམ་ལ་མ་ལྟོས་པར་ལོ་ན་བགྲེས་རིམ་གྱི་འགྲོས་ལྟར། རྩོམ་ཡིག་སྔ་ཕྱི་ལག་འབྱོར་བྱུང་རིམ་བཞིན་དཀྱུས་གཅིག་ཏུ་བཀོད་པ་ཡིན་པས། མཚན་གྱི་གོ་རིམ་ལ་འཆོལ་ནོར་དང་མཐོ་དམན་ལ་དམིགས་བསལ་གྱིས་གོ་འཛོལ་རེ་བྱུང་ན་དམ་པ་རྣམས་ལ་དགོངས་འགལ་མེད་ཅིང་ཐུགས་ཁྲེལ་ཡེ་ནས་མི་གནང་བ་སྙིང་ནས་ཞུ།
      གཉིས་པ“བདེན་ཚིག་རིན་ཆེན་གསེར་གྱི་ཡང་ཞུན”ནང་དུ། བོད་ཀྱི་སྐད་བརྡའི་ཡི་གེ་སྤྱི་དང༌། བྱེ་བྲག་བོད་ཀྱི་ལོ་རྒྱུས་རིག་གཞུང་ལ་ཞིབ་འཇུག་དང་ཉམས་ཞིབ་གནང་མཁན་གྱི་མཁས་དབང་སྐོར་ཞིག་དང༌། སྡེ་སྣོད་རྒྱ་མཚོའི་གཏེར་མཛོད་ལ་མངའ་དབང་བསྒྱུར་བའི་མཁན་སློབ་རེ་འགའ། བཀའ་པོད་རྣམ་ལྔའི་གླིང་ཀ་ནས་སྦྱང་བ་མཐར་ཕྱིན་མཛད་པའི་རབ་འབྱམས་སྨྲ་བའི་དབང་པོ་སོགས་ཀྱིས་སྤྲིངས་པའི་ཤིས་སྨོན་དང་རྟེན་འབྲེལ་ཞུ་ཚིག་རྣམས་བསྡུས་ཡོད་ལ། གསུམ་པ“སྙན་ཚོམ་གཤེན་གསས་བཞད་པའི་མེ་ཏོག”གི་དགའ་ཚལ་དུ། ལུགས་གཉིས་བླང་དོར་གྱི་གནས་ལ་དཔྱོད་ཤེས་མཁྱེན་རབ་ཀྱི་རྩལ་ཆེན་རྫོགས་ཤིང༌། མགྲིན་པ་འོ་མཚོའི་ཀློང་ན་ཚངས་སྲས་ལྷ་མོས་པི་ཝང་དྲུག་འགྱུར་རྩེན་པའི་དེང་རབས་སྙན་ཚིག་སྨྲ་བའི་བྱེད་པོ་ཚོགས་ཀྱིས་བསྔགས་བརྗོད་ཀ་ལ་པིང་ཀའི་གྲེ་འགྱུར་དབྱངས་ཀྱི་ང་རོ་མཐའ་དབུས་ཀུན་ཏུ་སྒྲོག་པའི་ངང་ཚུལ་སྟོན་པ་དང༌། བཞི་བ“ཡིད་འགྱུར་དད་གུས་པད་མོ་སྟོང་བརྩེགས”ཞེས་པའི་ནང་དུ། དམ་པ་གང་གི་གསུང་གི་བདུད་རྩིས་ཡུན་རིང་དུ་བསྐྱངས་པའི་རྗེས་སྐྱེས་བུ་སློབ་རྣམས་ཀྱིས་དད་གུས་དང་མོས་འདུན་རྣམ་དག་ཀུན་ནས་མཚོན་ཕྱིར། མཆོད་ཡོན་བླ་ན་མེད་པ་ནམ་མཁའི་སྤྲིན་ཚོགས་མཁའ་ལ་གཏིབས་པ་དང་ས་གཞིའི་མེ་ཏོག་སྤང་ལ་བརྡལ་བ་ལྟར། བློས་བསླངས་ཡིད་སྤྲུལ་གྱི་མཆོད་པ་བསོད་ནམས་ཚོགས་ཀྱི་དམིགས་རྐྱེན་དུ་འགྱུར་བའི་ཤིས་སྨོན་ཏེ་སོ་སོར་ལེ་ཚན་བཞི་རུ་དགར་ཏེ་བདམས་བསྒྲིགས་བྱས་པ་ཡིན།

33.jpg44.jpg

      མདོར་ན«ཤིས་སྨོན་གཡུང་དྲུང་དགུ་འཕར»ཞེས་པ་འདིའི་ནང་བསྟན་པའི་གསལ་བྱེད་དུ་གྱུར་བའི་བླ་སྤྲུལ་གསེར་གྱི་ཉི་ཟླ་ལྟ་བུ་རེ་འགའ་དང༌། རིས་མེད་རྒྱལ་བསྟན་འཛིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལྷག མདོ་སྔགས་ལྟ་སྤྱོད་ཀྱི་དགོངས་པ་ལྷུ་རུ་བཞེས་པའི་དག་པ་དྲང་སྲོང་གི་ཚོམས་དང་གསང་སྔགས་རིག་པ་འཛིན་པ་བྱིངས། སྲིད་འཛིན་ཁྲིམས་སྐྱོང་གི་དཔོན་ཆེན་དང་ཤེས་རིག་དོན་གཉེར་གྱི་དགེ་སློབ་སོགས་ཀྱིས་ལྷག་བསམ་རྣམ་དག་གིས་ཕུལ་བའི་དྲི་མེད་ལྷ་རྫས་དཀར་པོ་ཡུགས་གཅིག་ཏུ་གྲུབ་པས། དགེ་སྨོན་འདི་ཡི་བདེན་མཐུ་ལ་བརྟེན་ནས་སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་གསང་བ་གསུམ་གྱི་རང་བཞིན་མི་འགྱུར་གཡུང་དྲུང་གི་ཁམས་སུ་རབ་ཏུ་བརྟན་ཏེ། ཇི་སྲིད་བསྐལ་བའི་བཀོད་པ་ཀློང་དུ་མ་བསྡུས་དེ་སྲིད་དུ། ཞབས་སྐྱེས་དྲེགས་ལྡན་བྱེ་བའི་སྤྱི་ནོར་དམ་པར་རྟག་ཏུ་མཆོད་ཅིང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང༌། སྒྲུབ་པའི་རྒྱལ་མཚན་བསྙེན་སྒྲུབ་ལས་གསུམ་ཐུགས་གཏད་མཛད་ནས། བཀའ་ལུང་ཁྲིད་ཀྱི་དབྱར་རྔ་ཆད་མེད་དུ་བརྡུང་ཞིང༌། ལེགས་བཤད་གསུང་གི་གྲུ་ཆར་བར་མེད་དུ་འཇོ་བ། དགེ་ལེགས་འོད་སྣང་དཀར་པོས་སྲིད་གསུམ་ཡོངས་སུ་ཁྱབ་པའི་སྨོན་འདུན་དང་བཅས་ཏེ། ཤིས་སྨོན་དེབ་འདིའི་འགོ་བརྗོད་སྟོང་མིན་ཙམ་དུ་སྐྱབས་རྗེ་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐར་གནས་པའི་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་གནའ་མཁར་ཟི་ལིང་དུ་མགྱོགས་བྲིས་བགྱིས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།