༢༠༡༣ལོའི་《ཞང་ཞུང་རིག་གནས》འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2014-01-19 11:01:23][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཉེ་ཆར་བོད་ལྗོངས་ལྷ་ས་ནས་ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་ཞང་ཞུང་རིག་གནས་སྐོར་གྱི་སྣ་འདུས་དུས་དེབ《ཞང་ཞུང་རིག་གནས》སྤྱིའི་དེབ་ཕྲེང་དགུ་བ་དཔར་སྐྲུན་འགྲེམས་སྤེལ་བྱས།
1.jpg

   《ཞང་ཞུང་རིག་གནས》དུས་དེབ་ནི་སྔ་རབས་ཞང་ཞུང་གི་ཤེས་རིག་གཙོ་བོར་བཟུང་ཐོག འབྲེལ་ཡོད་ཡིག་རྙིང་རྩ་ཆེན་དང་། ཞང་བོད་ལོ་རྒྱུས་ཐོག་གི་སྐྱེས་ཆེན་མི་སྣའི་ལོ་རྒྱུས། དེ་བཞིན་བོད་ཀྱི་ཤེས་རིག་སྤྱིའི་ཞིབ་འཇུག་གི་དཔྱད་འབྲས་གསར་བ་རྣམས་འདེམས་འགོད་བྱེད་སའི་སྣ་འདུས་དུས་དེབ་ཞིག་ཡིན་ཞིང་། ད་བར་དེབ་ཕྲེང་དགུ་སྤེལ་ཟིན་ཡོད་ལ། ཐེངས་འདིའི་དེབ་ཕྲེང་དགུ་བ་ནི་ཞང་ཞུང་རིག་གནས་དར་རྒྱས་མཐུན་ཚོགས་ཀྱིས་འབད་བརྩོན་ལ་བརྟེན། ཁྱུང་ཡུལ་སྒང་རུ་དར་རྒྱས་དགོན་པའི་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་ཐུགས་དགོངས་ཆེར་བཞེས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་བ་ཡིན།
དེའི་ཕྱིར་དེབ་ཕྲེང་དགུ་བ་ལེགས་འགྲུབ་བྱུང་མ་དང་བསྟུན་ནས་ཞང་ཞུང་རིག་གནས་དར་རྒྱས་མཐུན་ཚོགས་ཀྱིས་གཟིགས་འབུལ་དང་མ་འོངས་པའི་དུས་དེབ་གསར་སྤེལ་ཕྱོགས་ལ་བསམ་འཆར་བསྡུ་ལེན་གྱི་བྱེད་སྒོ་བསྡུས་ཤིང་། བྱེད་སྒོར་ཞུགས་པའི་ཀློག་པ་པོ་དང་མཐུན་སྦྱོར་ལྷག་བསམ་ཅན་ཚང་མས་དུས་དེབ་འདིའི་དམིགས་བསལ་རང་བཞིན་དང་། མ་འོངས་པར་ཡག་ཐོག་ཡག་བཞག་གིས་རྒྱུན་བསྐྱངས་དགོས་པའི་འབོད་སྐུལ་བྱས། ཚོགས་པའི་དབུ་འཛིན་ཞུང་ཀརྨ་རྒྱལ་མཚན་དང་མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རྣམ་གཉིས་ཀྱིས་དུས་དེབ་འདིའི་འཕེལ་རིམ་དང་རྩོམ་སྒྲིག་གི་རིམ་པ་སོགས་ངོ་སྤྲོད་བྱས་པ་མ་ཟད། མཐུན་རྐྱེན་བསྐྲུན་མཁན་རྣམས་ལ་བཀའ་དྲིན་ཞུས་ཤིང་། མ་འོངས་པར་མུ་མཐུད་ནས་རོགས་འདེགས་དང་བསམ་འཆར་གང་ལེགས་ཐོབ་པའི་རེ་ཞུ་ཕུལ།
ཆ་རྐྱེན་གྱི་དབང་གིས། དུས་དེབ་འདི་ཉིད་གཟིགས་འདོད་ཀྱི་ཀློག་པ་པོ་རེ་རེ་ལ་བསྐུར་ཐབས་མ་བྱུང་ཞིང་། གལ་སྲིད་གཟིགས་འདོད་ཡོད་མཁན་རྣམས་ལ་དུས་དེབ་རགས་མ་ཐུབ་ན། དྲ་ལམ་ཡིག་སྒམ་མམ་དུས་དེབ་རྩོམ་སྒྲིག་ཁང་ལ་ཐད་ཀར་འབྲེལ་བ་བྱས་ཆོག

ཞང་ཞུང་རིག་གནས་དར་རྒྱས་མཐུན་ཚོགས་ཀྱིས་སྤེལ།

2.jpg
目录.jpg
༄༅།།ཐོག་མའི་གླེང་བརྗོད།

   འཛམ་གླིང་གོ་ལའི་ཡང་རྩེ་ཁ་བ་གངས་གྱི་འདབ་མའི་ལྗོངས་སུ་གནས་ཞིང་། དྭངས་གཙང་རྫ་ཆུ་བསིལ་མ་ལྷང་ལྷུང་རྒྱུགས་པའི་ཞིང་ཁམས། ཞང་བོད་མྱེས་པོའི་ཕ་ཁྱིམ་དྲོན་མོ། རྩ་གསུམ་ལྷ་ལ་འགྲན་པའི་དགའ་བ་ཀུན་སྨོན་གྱི་ཞིང་མཆོག་ཁྱད་པར་ཅན་འདི་ནི། མཐོ་སྒང་གདོང་དམར་གངས་ཅན་བོད་པའི་ལྟེ་ཁྲག་འཐོར་སའི་ཕ་ས་ཐོག་མ་དེ་ཡིན་ལ། ཞིང་དེར་གནས་སྡོད་བྱེད་པའི་མི་རིགས་འདི་ལ་དེང་མཐོ་སྒང་གོ་ལ་ཟླུམ་པོའི་ཞིང་འདིར་ཆེས་བསྔགས་པའི་གདོང་དམར་གངས་ཅན་བོད་པའམ་གཤིས་བཟང་བྱམས་ལྡན་བོད་པ་ཞེས་སུ་འབོད་བཞིན་ཡོད་ཅིང་། དེ་སྔོན་ལོ་རབས་ལོ་ཡི་ཕྲེང་བ་མི་ལོ་བརྒྱད་སྟོང་ཡར་སྔོན་གྱི་དུས་དེར། ཞང་བོད་སྲིད་པའི་ཕ་ས་བླ་རི་གངས་དཀར་ཏི་སེའི་སྙིང་ཁོང་ནས་བརྡོལ་བའི་གྱེར་བསྟན་འདོད་རྒུའི་ཕུང་པོ་ཞེས་སྔ་རབས་གངས་ཅན་པའི་ཕ་ཆོས་གཡུང་དྲུང་གི་བོན་རིན་པོ་ཆེ་དང་། སྤྱི་ལོའི་དུས་རབས་བརྒྱད་པ་ཡས་མས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བསོད་ནམས་ལས་ལྷོ་མཐའི་རྒྱ་མཚོའི་རླབས་ཀྱི་བསྐྱིལ་བའི་དམ་པ་ཆོས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་གཉིས་སྔ་ཕྱི་བསྟུད་མར་གདོང་དམར་བོད་པའི་བསོད་ནམས་དང་ལས་དབང་གི་གཅེས་སུ་བྱུང་བ་ཡིན།
དེས་ན་རང་རེ་གདོང་དམར་བོད་པའི་ཆོས་དང་རིག་གཞུང་འདི་ནི། གསེར་ས་འོག་ཕྱིན་ཀྱང་འོད་ནམ་མཁར་ཁྱབ་ཞེས་པའི་དཔེ་ཟླར་ཨ་ན་མ་ན་གྱུར་ཡོད་མོད་ཀྱི། ཡིན་ནའང་དེང་དུས་རབས་ཉེར་གཅིག་པ་འདི་ཡི་སྒང་ལ། རྒྱལ་ཁབ་ཚན་རིག་ཅན་དང་། དཔལ་འབྱོར་གོ་ལ་ཅན། མི་རིགས་འདྲ་མཉམ་ཅན། འཛམ་གླིང་ཞི་བདེ་ཅན་ལ་གོམ་པའི་འདེགས་འཇོག་སྦྲེལ་བའི་དུས་བཟང་འདིར། རང་ཅག་ཁ་བ་གངས་ཅན་པར་མཚོན་ན། དེ་རིང་གི་ཉི་མ་ལ་ཡིད་ཚིམ་ནས་མི་སྡོད་པར་། འདས་ཟིན་ཁ་སང་གི་བྱ་བཞག་ལ་ཕྱི་མིག་དང་། མ་འོང་འབྱུང་འགྱུར་གྱི་མདུན་ལམ་ལ་རྒྱང་ལྟ་བྱ་རྒྱུ་ནི། ཡར་རྒྱས་གྱི་རྨང་གཞིའམ་འབྱུང་རྩ་ཡིན་པར་བརྟེན། ཐོག་མར་འདི་ནས་སྔོན་བྱོན་རང་རེའི་ཞང་བོད་ཀྱི་མྱེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་ཕྱི་མིག་བལྟས་ན། སེམས་ལ་དགའ་སྐྱོ་འདྲེས་མིའི་ཚོར་འདུ་གསར་པ་ཞིག་ཅི་སྟེ་མི་འབྱུང་།
བླ་རི་ཏི་སེ་གངས་རྒན་གྱི་ཁྲ་བོ་གཟི་ཡི་མགུལ་རྒྱན་མ་གསོལ། བླ་མཚོ་མ་ཕམ་གཡུ་ཡི་མཚོ་མོས་ལང་ཚོའི་རླབས་ཀྱི་ཕྲེང་བ་མ་ཡལ། མུ་ཁྱུད་ཁ་བའི་དབལ་ཁ་རབ་ཏུ་རྣོ་བའི་དུས་བཟང་དའདིར། ཞང་བོད་གནའ་བོའི་ཞིང་ཁམས་ཕ་ས་ཁྱུང་ལུང་དངུལ་མཁར་དུ། བཅོ་བརྒྱད་བྱ་རུ་ཅན་གྱི་མི་དབང་སྲིད་པའི་རྒྱལ་པོས། ལུགས་གཉིས་གཏམ་གྱི་ཟུང་ཁྲག་དམར་པོ་ལ། ཚད་མེད་ཞི་བདེའི་རྣམས་ཤེས་རྒྱུད་པས། མངའ་བདག་རྒྱལ་ཕྲན་སིལ་མ་བཅུ་གཉིས་ལ་ཕན་བདེའི་ཁྱེའུ་རེ་རེ་འཁྲུངས་བར་གདའ། རྫོགས་ལྡན་དུས་ཀྱི་ཁ་བ་རི་བའི་ལྗོན་ཆེན་འདིར། ལྔ་རིག་བསིལ་མའི་རྫ་ཆུ་ལྷུང་ལྷུང་དུ་བབས་ནས། ཞང་བོད་ལྷ་ཡི་ཞིང་ཁམས་སུ་ཤེས་རིག་སྟོང་གི་མཚོ་མོ་དལ་གྱི་བསྐྱིལ་ཏེ། ན་གཞོན་གསེར་གྱི་འདབ་གཤོག་ཅན་ཚོས། རིག་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་མཁའ་ལ་བསྙེལ་བར་གྲགས།
ཕ་ཆོས་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་ཀུན་དར་ཞིང་རྒྱས་ཏེ། རྣམ་འདྲེན་སེམས་པ་སྟོང་གི་འཕེལ་ཁ་རབ་ཏུ་རྒོད་པས། མ་བཞེངས་བླ་ཆེན་དྲན་པའི་རྡོ་སྐུ་རང་བྱུང་ས་ནས་རྟོར་གྱི་བུས་པར་གདའ། བདའ་དྲུག་སྲས་པོས་མཁའ་ནས་དོག་ལ་དམུ་ཐག་སྦྲེལ་ཏེ། བཙན་པོའི་ཕ་མཁར་སྨུག་པོ་རུ་བཞི་བོད་ལ་བཏབས་པས། སྲོལ་རྒྱུན་མི་རིགས་ཞིག་གིས་རྐང་རྗེས་མི་འགྱུར་སྲ་བའི་བྲག་ལ་གདབས་ཞེས་གྲགས།
སྤུ་རྒྱལ་གནམ་བསྐོས་རྒྱལ་པོ་ཁྲི་བདུན་རིང་ལ། ཐུགས་འདུན་གཡུང་དྲུང་བོན་ལ་བརྩོན་པས། ཟུང་འཇུགས་སྒྱུ་མའི་འོད་ལུས་བཞེས་ཏེ། བཙན་པོའི་བང་སོ་མཁའ་ལ་བཏབས་ཞེས་སྙན་པའི་གྲགས་པ་མུ་ཁྱུད་ལྟོ་བ་དེར་གྱིས་ཁེངས་བར་གདའ།།
ཨེ་མ་ ཁ་བ་ཅན་གྱི་ཞིང་ཁམས་འདི་ནི།
མཁའ་དབུག་གཙང་མའི་ཞིང་མཆོག
གནའ་ཤུལ་ནོར་བུའི་གཏེར་མཛོད།
ཤེས་རིག་སྟོང་གི་ཕ་ས།
ལོ་རྒྱུས་གཟི་ཡི་རྡོ་རིང་།
མ་བགོས་སྤྱི་ཡི་ནོར་བུ་ཞེས་བརྗོད་པ་ལ་ཅི་སྟེ་ངལ།
ཡིན་ནའང་དུས་རབས་ཀྱི་འཕོ་འགྱུར་ཆུ་བོའི་རླབས་ཕྲེང་གྱེན་དུ་འཕྱུར་བའི་བར་སེང་ནས།ཆོས་ལུགས་དང་ཆབ་སྲིད་ཀྱི་ཕན་ཚུན་འགལ་ཟླའི་ལས་དབང་བཙན་པོའི་རྡུལ་རླུང་གི་ཁྲོད་དུ། ཀུན་མཁྱེན་རྒྱལ་པའི་བསྟན་པ་འདི་ཉིད་དབང་ཕྱོགས་ཆུ་འཛིན་སྟུག་པོའི་ཕག་ཏུ་ཡིབ་པའི་དུས་དེར། སྐྱོ་གདུང་གི་འཁུན་སྒྲ་འདོན་པའི་གནས་ཚུལ་ཞིག་ཀྱང་ཟློག་མེད་སྲིད་པའི་ཆོས་ཉིད་ལས་འུ་ཅག་ལ་བསྩལ་མྱོང་།
གང་ལྟར་ན་འདས་ཟིན་འཕེལ་འགྲིབ་ཀྱི་བྱ་བཞག་ཁག་ལ། རྣམ་སྤྱོད་ཅན་གྱི་མིག་ཟུང་ཕྲ་མོ་ལ། བརྩོན་འགྲུས་ཀྱི་དགའ་མ་གྲོགས་སུ་སྦྲན་ནས་དལ་བུས་ལྡོང་དང་། ད་ལྟའི་དུས་འདིར་ངོམ་རིན་ཆོག་པའི་བོད་རིག་པའམ། ཞང་བོད་ཀྱི་ཤེས་རིག་ཞེས་པ་འདི་ནི་མྱེས་པོ་གོང་མ་རྣམས་ཀྱིས། དཀའ་བ་བརྒྱ་ཕྲག་དོན་དུ་བླངས་བའི་ལག་རྗེས་ཞིག་ཡིན་པར་བརྟེན། རང་རེའི་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་འདི་ཉིད། མི་ཉམས་གོང་འཕེལ་སམ་ཡོད་པ་རྒྱུན་སྐྱོངས་ཀྱི་འོས་འགན་གཙོ་བོ་ནི་དེང་བློ་རིག་བཀྲ་བའི་ན་གཞོན་རྩོམ་པ་པོའི་ཕྲག་ཏུ་བབ་པའི་འགན་འཁྲི་ཞིག་ཏུ་ལོས་ཡིན། དེས་ན་འདིར་རང་རེའི་ཞང་བོད་ཀྱི་ཆོས་དང་རིག་གཞུང་ཀུན་ལ་མཛད་རྗེས་བླ་ལ་མེད་པའི་མཁས་དབང་བསྟན་འཛིན་དབང་གྲགས་རིན་པོ་ཆེས་(ཞང་ཞུང་རིག་གནས་དར་རྒྱས་མཐུན་ཚོགས)ཞེས་པའི་ཞིབ་འཇུགས་ཁང་ཞིག་ཁྲིམས་མཐུན་གྱི་སྒོ་ནས་བཙུགས་པ་མ་ཟད་། དེའི་ནང་ན་དམིགས་སུ་བཀར་ཏེ་ཞང་བོད་ཀྱི་ཆོས་དང་རིག་གནས་ལོ་རྒྱུས་ཡུལ་གོམ་སོགས་དང་འབྲེལ་བའི་དུས་དེབ་《ཞང་ཞུང་རིག་གནས》ཞེས་པའི་ལོ་དེབ་ཆེད་དུ་འདོན་པའི་དབུ་བཙུགས་པ་ཞིག་ཡིན་པ་མ་ཟད། རིམ་བཞིན་དམ་པ་ཁོང་གི་དམིགས་འདུན་ལྟར་མཁས་དབང་ཞང་ཀརྨ་རྒྱལ་མཚན་ལགས་ཀྱིས་རྒྱུན་སྐྱོང་གནང་དང་གནང་མུས་སུ་ལགས་ནའང་། དེང་ཆར་ལས་བྲེལ་ཆེ་བ་སོགས་ཀྱི་དབང་གིས་འདི་ལོ་ནས《ཞང་ཞུང་རིག་གནས》ཞེས་པའི་ལོ་དེབ་འདི་ཉིད་ཁོ་བོས་འགན་ཁུར་ནས་བྱ་བ་སྒྲུབ་དགོས་བྱུང་བར་བརྟེན། དུས་དེབ་འདིའི་བརྒྱུད་རིམ་ཐོག་ཉེ་སྔོན་ལོ་ཤས་རིང་རྒྱུ་རྐྱེན་དུ་མའི་སྒོ་ནས་ལོ་ལྟར་འདོན་སྤེལ་ཐུབ་མིན་ལ་སོང་ནའང། ད་ཆ་གུས་པས་འདི་ནས་འགོ་མི་བཟུང་ཁག་མེད་ཕྱིན་ཀྱང་། མ་འོངས་པར་གོམ་པ་རིམ་སྤོས་ཐོག་དེ་དག་ཁ་བསྐང་ཐུབ་ན་བསམ་པའི་རེ་བ་ཡོད་ལ། འདི་ལོའི་དུས་དེབ་འདིའི་ཐད་ལའང་། འདི་གའི་རྩོམ་སྒྲིག་པར་ཡོན་ཚད་དམའ་བ་དང་ལས་བྲེལ་སོགས་ཀྱི་རྐྱེན་ཏེ། ཕྱོགས་གང་ཐད་ནས་ཞན་པའི་ཆ་ཇི་སྙེད་ཞིག་ཡོད་པར་བརྟེན། རྒྱ་ཆེའི་ཀློག་པ་པོ་དང་མཁས་དབང་རྣམས་པས་ལེགས་སྤེལ་ཉེས་འགོག་གི་བཀའ་ཆབ་གསོང་པོར་གནང་བའི་རེ་བ་ཡོད་ལ། འདིར་འཁོད་ཀྱི་དཔྱད་རྩོམ་རྣམས་ནི་རྩོམ་པ་པོ་དཔྱོད་ལྡན་རྣམས་ཀྱི་དཔྱད་འབྲས་ཡིན་པ་ལས་འདི་གའི་རྩོམ་སྒྲིག་ཁང་གི་ལྟ་བ་ཡིན་པའི་ངེས་པ་མེད། དེ་བཞིན་དུས་དེབ་འདི་ཉིད་འདོན་སྤེལ་བྱེད་སྐབས་ཕྱོགས་གང་ཐད་ནས་རམ་འདེགས་གནང་མཁན་གྱི་ལྷག་བསམ་ཅན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག མ་འོང་པར་ཡང《ཞང་ཞུང་རིག་གནས་》ཞེས་པའི་དུས་དེབ་འདི་ཉིད་ལ་གསོན་ཤུག་གསར་པ་ཞིག་སྦྱིན་པའི་རེ་ལྟོས་ཡང་ཁྱེད་རྣམ་པར་བཅོལ་བཞིན་ཡོད་པས། འདིའི་ཕྱོགས་ལ་ཐུགས་སྣང་དཀར་བའི་སེར་སྐྱ་ཡོངས་ཀྱིས་ཕྱག་གྲུ་མཉམ་འདེགས་གནང་རྒྱུའི་རེ་བ་དང་བཅས་ཞང་ཞུང་རིག་གནས་རྩོམ་སྒྲིག་ཁང་ནས།།

དབྲ་ཁྱུང་པས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།