2013ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»གསར་ཐོན།
[ཟླ་ཚེས། 2014-01-09 21:57:49][རྩོམ་པ་པོ། གཟེར་མིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ2013ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»འདོན་ཐེངས་བཅུ་བ་དངོས་སུ་འགྲེམ་སྤེལ་བྱས་པ།
སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གིས་བསྩལ་བའི་ཤིས་སྨོན་དང་ད་ལོའི་དཀར་ཆག
ས་བཅུའི་གནས་སྐབས་ནས་འཛུམ་པའི་མེ་ཏོག
«དཔྱོད་ལྡན་མཆོད་པའི་མེ་ཏོག»འཁྲུངས་ནས་ལོ་འཁོར་བཅུ་ལོན་པར་རྟེན་འབྲེལ་ཞུ།
མི་རིགས་ཤིག་ལ་མི་རིགས་རང་ཉིད་ཀྱི་དགེ་མཚན་དང་ལྡན་པའི་འོད་སྟོང་འབར་བའི་སྐད་ཡིག་དང་རིག་གནས་ཤིག་ཡོད་པ་ནི། མི་རིགས་དེ་ཉིད་དར་སྤེལ་དང་གོང་འཕེལ་དུ་འགྲོ་བའི་རྟགས་མཚན་མངོན་གསལ་ཅན་ཞིག་ཡིན་མོད། འོན་ཀྱང་སྲིད་པ་ཆགས་པའི་འཇིག་རྟེན་ཞིག་གི་ངོས་སྐལ་ལ་མཚོན་ན། ཕྱི་ཡི་བཀོད་པ་ཆགས་གནས་འཇིག་སྟོང་གི་རང་བཞིན་ཅན་དང༌། ནང་གི་སེམས་ཅན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅན་དུ་འདོད་པ་སོགས་མི་རྟག་པའི་དཔེ་བརྒྱད་ཀྱི་ངོ་བོར་གྲུབ་ན་ཡང༌། ལོ་ངོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་དར་རྒུད་དང་ས་མཚམས་ནས་རིམ་གྱིས་བྱུང་བའི་ཞང་བོད་ཀྱི་ཤེས་རིག་ནི། ལོ་རྒྱུས་འོད་སྟོང་འབར་བའི་དུས་ཡུན་ཤིན་ཏུ་རིང་བས། བོད་མི་རིགས་ཀྱི་འཕར་རྩའི་ཁྲག་རྒྱུན་གསོན་པོ་ཞིག་ཏུ་གྱུར་ཡོད་གཤིས། ད་ལྟ་ཡང་རང་མི་རིགས་ཀྱི་རིག་གནས་འདི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པའི་གོ་རིམ་ནང༌། ཐུན་མོང་རིག་གནས་ཀུན་གྱི་རྩ་བར་འགྱུར་བཞིན་པའི་བོད་ཀྱི་རིག་གནས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བར། སྤྱི་སྒེར་ཐུན་མོང་ནས་ནུས་པ་ཡོད་ཚད་བཏོན་དང་འདོན་བཞིན་ཡོད་པ་མ་ཟད། བོད་ཀྱི་རིག་གནས་ནི་འཛམ་གླིང་རིག་གནས་ཀྱི་བང་མཛོད་ཁྲོད་ན་རིན་ཆེན་གསེར་གྱི་ཡང་ཞུན་ལྟ་བུའི་གོ་གནས་གལ་ཆེན་བཟུང་ཡོད།
དེ་བས་བོད་ཀྱི་རིག་གཞུང་ནི་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་ཞིང༌། གཏིང་ཟབ་པ་རྒྱ་མཚོའི་འཇིང༌། གྲངས་མང་བ་རྒྱུ་སྐར་ཚོམས་ལྟར་གྱུར་བས། བོད་ཀྱི་ཤེས་རིག་གི་རླབས་རྒྱུན་ལས་འཕྲོས་པའི་རྩོམ་རིག་གི་བྱ་བ་འདིས། མི་རབས་ནས་མི་རབས་རྗེས་མ་རྣམས་ལའང་གཞེན་འདེབས་དང་རྒྱུན་འཁྱོངས་ཀྱི་བསྐུལ་མ་གནང་ཐུབ་པ་མ་ཟད། བློ་གྲོས་པད་དཀར་གྱི་འདབ་མ་གསར་འབྱེད་དང༌། བསམ་བློའི་འཁྱེར་སོ་ལ་ཡང་ཅི་དགར་ཁ་ལོ་བསྒྱུར་ཐུབ་པ་ཡིན། རྒྱུ་མཚན་དེར་བརྟེན་ལོ་ངོ་བཅུ་ཕྲག་གཅིག་གི་སྔ་རོལ་ནས། གཞོན་སྐྱེས་སྙན་ངག་པ་ཁྲི་བློ་གྲོས་མཆོག་གིས་བདེན་འཚོལ་བསམ་གཞིགས་ཀྱི་ཀློང་ནས། རྩོམ་པ་པོ་སྐོར་ཞིག་དང་འབྲེལ་ཟམ་བརྒྱུད་དེ། ས་ཡོས་ལོ་སྟེ་སྤྱི་ལོ1999ལོར«ཀ་རྩོམ་ཕྱོགས་བསྒྲིགས་དཔྱོད་ལྡན་མཆོད་པའི་མེ་ཏོག»ཅེས་པའི་སྒེར་གཉེར་ལོ་དེབ་འདི་ཐོག་མར་དུས་རབས་གཉིས་ཀྱི་བསྣོལ་མཚམས་སུ་གསར་གཏོད་མཛད་པ་ཡིན་ལ། དེ་དུས་ས་མཐོའི་གནས་བབ་ཀུན་ཏུ་གློག་ཀླད་དང་དྲ་རྒྱའི་གནས་འཛུགས་ཁྱབ་གདལ་དུ་སོང་མེད་སྟབས། བྱེད་པོ་རང་ནས་གཞན་རྩོམ་ཐམས་ཅད་བསྡུ་རུབ་བྱས་ནས་ཐམས་ཅད་ཚེགས་ཆེ་བའི་དཀའ་ངལ་ལ་མ་འཛེམ་པར་ལག་བྲིས་མཛད། རྒྱུ་ནོར་གྱི་རོགས་འདེགས་མེད་ན་ཡང་བསྐྱར་པར་ཁོ་ནས་ངལ་བ་དང་དུ་བླངས་ནས་གནས་དང་གནས་མིན་ཀུན་གྱི་སྤྱན་གཟིགས་སུ་ཕུལ་ཐུབ་པ་བྱུང༌།
འདས་སོང་གི་ལོ་ཟླ་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཆོས་ཉིད་དུ་རྟོགས་པ་ཇི་བཞིན། དེབ་འདིའི་འགན་འཛིན་པ་ཁོང་ཡང་བསྙེན་མཚམས་དམ་པོ་ཞིག་གི་ངལ་དུབ་དང་རྐྱེན་ངན་བར་ཆོད་ཅིག་གི་འབྱུང་འགྱུར་ལ་བསྟུན་ཏེ་གློ་བུར་དུ་སྐུ་གཤེགས་སོང༌། ཁོང་ང་ཚོ་དང་གཏན་ཏུ་གྱེས་ཟིན་ན་ཡང་ཁོང་གི་མཛད་རྗེས་ནི་ནམ་ཡང་འཕོ་འགྱུར་མེད་པ་རི་རྒྱལ་ལྷུན་པོ་ཞིག་དང་འདྲ་སྟེ། ཁོང་གི་དྲན་བསྐུལ་ལས་འཕོས་པའི་ལོ་དེབ་དེ་ཉིད་རྒྱུན་མ་ནས་རྒྱུན་མར་གནས་ཤིང༌། ལང་ཚོ་གཟི་དཔལ་འབར་བའི་རྩོམ་པ་པོ་སྟོང་ཕྲག་དུ་མར་རྩོམ་རིག་གི་ཞིང་ས་གཤིན་པོ་གསར་བ་ཞིག་ཏུ་བསྐྲུན་ཡོད་པ་མ་ཟད། བྱེད་པོ་ཁོང་ཡང་འཁོར་མཐའ་མི་ཆགས་སྲིད་མཐའ་མི་གཡེང་སའི་མཁའ་དབྱིངས་སུ་འཕགས་ཏེ། རླུང་གི་དཀྱིལ་སྤྲིན་གྱི་གསེབ་ནས་ཉི་ཟླའི་དཀྱིལ་འཁོར་བཏོན་པ་ཇི་བཞིན་ཞི་བདེ་འོད་སྣང་འཁྱིལ་བའི་ཞིང་ཁམས་ཤིག་ལ་བསྙེགས་པ་མ་ཡིན་ནམ། དེ་ནས་ལོ་ཡི་འཁོར་ཕྲེང་ལྔ་ཙམ་གྱི་རིང་ལ། «དཔྱོད་ལྡན་མཆོད་པའི་མེ་ཏོག»ཅེས་པའི་ལོ་དེབ་འདི་ཉིད། སྲོག་གི་རྒྱུན་ཐག་ཆད་དེ་བར་དོར་འཁྱམས་ལ་ཉེ་བའི་ཕྲུ་གུ་ཇི་བཞིན་རླུང་དང་བསེར་བུའི་ཀློང་ན་མེ་ལྕེ་གཟིམས་ལ་ཉེ་བའི་མར་མེ་ཇི་བཞིན་དུ་འགྱུར་བའི་དུས་ཡུན་དེར། འདས་པོ་གང་གི་མཆེད་གྲོགས་དམ་པ་ཁྲི་བློ་རྩེ་ནས་རྩོམ་སྒྲིག་གི་ཐུགས་འགན་རང་ནུས་ཅི་ལྕོགས་ཀྱིས་བཞེས་ཏེ། «དཔྱོད་ལྡན་མཆོད་པའི་མེ་ཏོག»ཅེས་པའི་དེབ་མཚན་ཉུང་བར་བསྡུས་ཤིང་འདས་པོ་ཁོང་ལ་རྗེས་དྲན་དང་འབྲེལ་བའི་ལོ་དེབ་འདི་ཡི་དབུགས་རྒྱན་ངང་གིས་གསོས། སྤྱི་ལོ2006ལོར་དེབ་འདིའི་རྩོམ་སྒྲིག་པ་ཁོང་ཉིད་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་སྣང་ཞིག་དགོན་ཆེན་དུ་ཐོས་བསམ་དོན་གཉེར་ལ་ཕེབས་ཤིང་དགོན་དེའི་སྒྲིག་ཞུགས་ཀྱི་ལས་ཞོར་ནས་ལོ་དེབ་འདི་ཡི་ཕྲེང་བ་གསུམ་པ་པར་བསྐྲུན་མཛད་ན་ཡང་། སྤྱི་ཚོགས་འཁོར་འགྲོས་ཀྱི་བྱེད་སྒོ་དང་བསྟུན་ནས་དཔལ་འབྱོར་འགྲན་རྩོད་ཀྱི་ཚ་རླབས་གྱེན་ནས་གྱེན་དུ་འཕྱུར་ཞིང་རྩོམ་པ་འཇུག་པའི་བྱ་བ་རྒྱབ་ཏུ་བསྐྱུར། ཐུན་མོང་ལ་དབང་བའི་ལོ་དེབ་འདིའི་ངང་རྒྱུན་ཆད་མ་མཐུད་ཀྱི་སྐམ་སའི་ཆུ་ཕྲན་གྱི་སྣང་ཚུལ་དུ་འཁུམས།
དེ་ནས་སྤྱི་ལོ2007ནས་བཟུང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྩེ་གཟིགས་ཚད་མེད་གནངས་ཤིང༌། སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པས་དེབ་འདིའི་མཚན་བྱང་དབུ་མེད་ཀྱི་ལམ་ནས་ཕྱག་བྲིས་སུ་བསྟར་ཏེ། ཤིས་བརྗོད་མེ་ཏོག་གི་ཕྲེང་བ་མཁས་པའི་མཛེས་རྒྱན་དུ་བསྩལ་བ་ནི་འདི་ལྟར། དབྱངས་ཅན་ལྷ་མོའི་མཁྱེན་དཔྱོད་ཉི་སྣང་ལས། །འོང་བའི་ལྔ་རིག་དཔལ་ལྡན་པདྨའི་ཚལ། །མཁས་མང་དགྱེས་པའི་མཆོད་སྤྲིན་ཟད་མེད་པའི། །མུན་སེལ་སྒྲོན་མེ་སྲིད་ཞིའི་ཏོག་ལྟར་མཛེས། །ཨེ་མ་རྣམ་དཔྱོད་ལྡན་པའི་མཁས་མང་ནི། །འཛམ་གླིང་ཞིང་གི་མཆོད་པའི་ཡུལ་གྱུར་བ། །བཀའ་དྲིན་བསམ་གྱིན་བསྔགས་བརྗོད་མེ་ཏོག་ཕྲེང༌། །རབ་དགའི་ས་ལ་རེག་བཞིན་མོས་པས་ཕུལ། །ད་དུང་དཔྱོད་ལྡན་ལྔ་རིག་སྨྲ་བའི་ཚོགས། །དགྱེས་པའི་མཆོད་ཡོན་ཕུལ་དུ་ཕྱིན་པའི་མཆོག །མཐའ་ཡས་ཤེས་བྱ་རིག་པའི་མེ་ཏོག་འབུམ། །འདི་ཉིད་ལགས་ཕྱིར་དར་རྒྱས་འབྱུང་བར་ཤོག །ཅེས་སུ་གསུངས་གནང་མཛད་པ་དང༌། དེ་བཞིན་ཁྲི་བསོད་བསྟན་གྱིས་ལག་བསྟར་རྩོམ་སྒྲིག་པས་འགན་འཁུར་ཏེ། དད་ལྡན་གཏོང་ཕོད་ཅན་རེ་འགས་རྒྱབ་སྐྱོར་གང་ལེགས་མཛད་པས་ཉེར་ལེན་ལས། རྩོམ་པ་པོའི་ཆུ་ཚད་མཐོར་འདེགས་ཀྱིས་རྩོམ་བསྐུལ་གནང་བ་ལྟར། ལོ་དེབ་འདི་སྔར་ལས་ལྷག་པའི་བརྗོད་བྱ་རྗོད་བྱེད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང༌། སྒྲིག་བཟོ་མཛེས་རྩལ་གྱི་ཉམས་འགྱུར་ཕྱུག་པའི་བོན་བསྟན་དཔྱད་བརྗོད་ཀྱི་ལོ་དེབ་ཐོག་མར་གྱུར།
ལོ་རྒྱུས་ཀྱི་ལས་སྐལ་ཕྲག་ལ་བབས་པའི་རིག་འདུས་རྩོམ་དེབ་ཅིག་གི་འོས་འགན་ནི། བརྩམས་ཆོས་མང་པོ་དུས་ཐོག་ཏུ་འགྲེམས་སྤེལ་བྱ་རྒྱུ་ལས་གཞན། ངོ་སྲུང་དང་ཕྱོགས་ཞེན་མེད་པར་ཤེས་ལྡན་མི་སྣ་རབ་དང་རིམ་པར་བསྐྱེད་བསྲིང་བྱེད་རྒྱུ་དང༌། སྦྲང་ཆར་དང་ལྗང་སྨྱུག་གི་དཔེ་བཞིན་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་འབྲེལ་ཟམ་རྒྱུན་མཐུན་དུ་གཏོང་རྒྱུ་དེ་རེད། དེ་ནི་རྩོམ་སྒྲིག་པ་ཞིག་གི་རྩ་བའི་འོས་འགན་ཡིན་དགོས་ལ། རྩོམ་རིག་ལོ་དེབ་ཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་དགེ་མཚན་དང་ཁྱད་བོན་ཁོ་ནའང་དེ་རེད། ལོ་ངོ་བགྲང་བྱ་བཅུ་ཕྲག་གཅིག་ལ་སོན་མ་ཐག་པའི་ལོ་དེབ་འདིའི་ཆེད་གཉེར་དམིགས་འབེན་ནི། ཆེ་ས་ནས་བཤད་ན་བསྟན་སྤེལ་འགྲོ་ཕན་གྱི་དོན་ལ་སྲི་ཞུ་བླ་མེད་སྒྲུབ་པའི་ནུས་པ་མཚོན་པ་ལས་གཞན། བོད་མི་རིགས་ཀྱི་སྐད་ཡིག་གི་ཐད་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་དུ་གཏོང་བའི་བྱ་བཞག་འོས་འཚམས་སྒྲུབ་བཞིན་མཆིས། སྔ་ཕྱི་བར་གསུམ་ཀུན་ཏུ་གཡུང་དྲུང་བོན་ལ་རྒྱུས་ལོན་བྱེད་པའི་ཤེས་ལྡན་སྐོར་ཞིག་ལ་གྲུབ་མཐའི་སྐོར་གྱི་ངོ་སྤྲོད་རྗེན་འཆར་དུ་སྤྲད་ཡོད་ལ། ཕྱོགས་ལྷུང་གདོན་གྱིས་བརླམས་པའི་ཟུར་ཟའི་ལོག་རྟོག་ཅན་ཁག་ཅིག་ལ་བརྒལ་ལན་གནམ་ལྕགས་ཐོག་མདའ་ཡང་འཕངས་ཡོད། རྗེས་སློབ་རྣམ་དཔྱོད་ལྡན་པའི་གཞོན་ནུའི་ཚོགས་ལ་ཤེས་རིག་ནོར་བུའི་སྒོ་འཕར་རྒྱ་ཆེར་ཕྱེས་ཡོད་ལ། སྲོལ་བཟང་ཕྱག་རྒྱུན་གཙང་མའི་ལམ་ལུགས་འཛིན་པའི་དད་ལྡན་ཡོངས་ལ་མིག་འབྱེད་གསེར་གྱི་ཐུར་མའི་གཙགས་བུའང་གནང་ཡོད།
ཁྱད་ནོར་དེ་དག་གི་དབང་གིས་བོན་གྱི་དཔྱད་བརྗོད་ལོ་དེབ་ཐོག་མ«དཔྱོད་ལྡན་མཆོད་པའི་མེ་ཏོག»ལ་གཞུང་དེབ་དང་འཚམས་པའི་ལེ་ཚན་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་དེ། དཔེར་ན། ཞང་བོད་གཏམ་གླེང༌། བོན་བསྟན་གླེང་བརྗོད། གནའ་རྩོམ་འོས་སྦྱོར། གཙང་གཤེན་བཞད་སྒྲ། སྨན་རྩིས་དཔྱད་གླེང༌། དོགས་ལྷུང་བརྒལ་བརྟག རང་མོས་གླེང་སྟེགས། ཆ་འཕྲིན་བརྒྱུད་བསྒྲགས་སོགས་རྣམ་པ་བརྒྱད་དུ་བགར་ཏེ་སྤེལ་བ་ནི། རྩོམ་པ་པོའི་ཐད་ནས་བསྐྱེད་བསྲིང་གི་ཐབས་ལམ་གལ་ཆེན་ཞིག་དང༌། གནའ་དེང་གཉིས་ཀའི་རྩོམ་རྩལ་གྱི་འཕེལ་ཁ་ཇེ་མཐོར་གཏོང་བ། དགོན་སྡེ་སློབ་གསོ་དང་བཅའ་ཁྲིམས་སློབ་གསོས་མི་གཤིས་དྲང་ལམ་སྤྱོད་པ། ཕན་བདེ་གཉིས་ཀྱི་འབྲས་བུ་དོན་ཐོག་ཏུ་སྨིན་པར་བྱེད་པའི་རྣམ་གྲངས་འདིས། རྩོམ་པ་པོ་རྣམས་ལ་བསྐུལ་མ་ཆེས་ཆེར་ཐེབས་ཤིང་གསར་རྩོམ་ལ་འདུན་པའི་སྤྲོ་བ་ཤུགས་དྲག་གིས་ཆེ་རུ་བཏང་སྟེ། ཕུལ་ཏུ་བྱུང་བའི་བརྩམས་ཆོས་ཀྱི་གནད་ཐམས་ཅད་རྒྱ་མཚོའི་གཏིང་བཞིན་ཐོད་བརྒལ་གྱིས་ཟབ་སར་ཕྱིན་ཡོད་པ་རེད།
རྩོམ་ལུས་སྣ་ཚོགས་སུ་འདུས་ཤིང་བརྩམས་ཆོས་ཕུན་སུམ་ཚོགས་པའི«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤེལ་ནས་འདོན་ཐེངས་བཅུ་ཕྲག་གཅིག་ཏག་ཏག་ལོན་པ་ནི། དཀའ་ངལ་དང་སྡུག་ཡུས་ལས་རྣམ་པར་རྒྱལ་བས་བོད་མི་རིགས་ཀྱི་སྐད་ཡིག་ལ་རོགས་འདེགས་དང་ཞབས་ཞུ་གང་ལེགས་མཛད་མཁན་གྱི་བོན་བསྟན་དཔྱད་བརྗོད་ལོ་དེབ་འདི་ཡི་གཟི་བརྗིད་འོད་སྟོང་འབར་བ་དང་མཚན་སྙན་འབྲུག་སྟོང་ལྡིར་བའི་འཁྲུངས་སྐར་གྱི་དུས་ཚིགས་ཤིག་ཡིན་ལ། སྔ་རྗེས་ཀྱི་རྩོམ་སྒྲིག་པ་ཟུང་གིས་གསར་གཏོད་རང་བཞིན་གྱི་སྙིང་སྟོབས་ལས་བྱུང་བའི་དྲང་བདེན་ལོ་རྒྱུས་ཀྱི་བརྗིད་ལྡན་རྡོ་རིང་ཆེན་པོ་ཞིག་ཀྱང་རེད། ལོ་དེབ་འདི་རེ་རེ་བཞིན་དུ་བཀླགས་ན་བོན་གྱི་དཔྱད་བརྗོད་པ་དང་རྩོམ་པ་པོ་སྣ་ཚོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་རབ་དང་རིམ་པར་བྱུང་དང་འབྱུང་བཞིན་ཡོད་ལ། ཁོ་ཚོའི་བརྩམས་ཆོས་དེ་དག་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ནས་བལྟས་ན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་སྲོག་སྙིང་དུ་བཟུང་བའི་ཁར། གནའ་རབས་བོད་མིའི་བྱུང་རབས་ལས་འཕྲོས་པའི་སྐད་དང་ཡི་གེ་བྱུང་ཚུལ་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་པ་བརྒྱུད། བོད་དང་ཞང་ཞུང་གི་འབྲེལ་འདྲིས་དང་ཡུལ་སྲོལ་གོམས་གཤིས། གཡུང་དྲུང་བོན་གྱི་རིག་གཞུང་སྔོག་འདོན་དང་དེ་དག་གི་ལྟ་སྤྱོད་སྒོམ་འབྲས། གྲུབ་མཐའ་དང་གྲུབ་མཐའི་བསམ་བློའི་འཁྱེར་སོ། ཡིད་གཉིས་ཐེ་ཚོམ་དུ་གྱུར་བའི་གསང་བ་ཐམས་ཅད་མངོན་གྱུར་དང༌། སྣང་བའི་རྣམ་པ་ལ་བསམ་གཞིགས་དང་འཚོལ་ཞིབ་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་མ་ཟད། དེབ་འདིའི་རྐང་འཛིན་རྩོམ་པ་པོ་རྣམས་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་གོང་ནས་གོང་དུ་འགྲོ་བཞིན་ཡོད།
ན་སོ་བཅུ་ཕྲག་གཅིག་ལ་ཕྱིན་མ་ཐག་པའི«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་བཞིན་རས་སྔར་ལས་མཛེས་ཤིང་འཛུམ་མདངས་ཀྱི་རྣམ་པས་ཁེངས་ཡོད། དེ་ནི་མཐོ་སྒང་མེ་ཏོག་གི་ཚལ་ནས་འཚར་ལོངས་བྱུང་ཞིང་སྒང་བ་མང་ཚོགས་ཀྱི་བསམ་བློའི་དཔལ་ཡོན་འཕྲོག་ཐུབ་པའི་ནུས་པ་ལྡན་པའི་ཁྱད་ཆོས་དེ་ཡིན་མོད། རྣམ་པ་དེ་ཙམ་གྱིས་ཆོག་ཤེས་ཀྱིས་ཁུ་སིམ་མེར་མི་འདུག་པར། ང་ཚོས་འཛམ་གླིང་དཔག་བསམ་སྐྱེད་མོས་ཚལ་ན་འཁྲུངས་འདུག་པས་བོད་ཀྱི་རྩོམ་རིག་གི་རྣམ་པ་གསར་བའི་འཁྲི་ཤིང་དེ་ཉིད་བཞེངས་བསྐྲུན་བྱས་ཏེ། རྩ་བ་སྦོམ་མཐུག་ཅིང་རྩེ་མོ་མཐོ་བ། ཡལ་འདབ་ཕྱོགས་བཅུར་བརྐྱངས་ཐུབ་པའི་ཐང་ཤིང་བརྗིད་ཆགས་པ་ཞིག་ཏུ་མངོན་འགྱུར་བྱེད་དགོས། དེ་དག་ནི་བོད་མི་རིགས་ཀྱི་དགེ་མཚན་ལྡན་པའི་བསམ་བློའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་རྣམ་པ་བཟང་པོ་ཡིན་ལ། བོད་ཀྱི་རིག་གནས་སློབ་གསོ་ཡར་སྐུལ་དང་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཐོག་མཐའ་བར་གསུམ་ཀུན་ཏུ་ཞང་བོད་ཀྱི་ཤུལ་བཞག་རིག་གནས་རྩ་ཆེ་བ་འདི་དག་འདོན་སྤེལ་གང་ལེགས་བྱས་ཏེ། བོད་རིག་པའི་སློབ་གསོ་དང་ཞིབ་འཇུག་གི་བྱ་བར་བརྟེན་ནས། མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་གོང་བཀུར་བྱས་ཏེ། སྣ་བརྒྱའི་གཞུང་ལུགས་ཀུན་ལ་དབྱེ་ཞིབ་དང་གདེངས་འཇོག ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་པ། དཔལ་ཡོན་གཉིས་དང་ལྡན་པའི་རྩོམ་རིག་གི་དགོངས་སྤྱོད་བཟང་པོ་འདོན་སྤེལ་གང་ལེགས་བྱས་ཏེ་གཞན་དྲིང་མི་འཇོག་པའི་མིག་དཔེ་ལེགས་པོ་ཞིག་ཏུ་འགྱུར་བསྐྲུན་བྱེད་དགོས།
སྤྱི་སྒེར་ཀུན་གྱིས་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བཞིན་པའི«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་གཟི་དཔལ་ནམ་ཡང་འགྱུར་བ་མེད་པའི་ལང་ཚོ་ལ། བོད་རིག་པའི་མཁས་དབང་རྣམས་ཀྱིས་རྩལ་སྤྲུགས་སྣ་དགུ་ལས་བཏོན་པའི་སྣ་མང་རྩོམ་རིག་གི་སྙིང་བོ་མངལ་དུ་སྦྲུམ་སྟེ། ཕན་བདེ་དཔལ་གྱིས་འཁྱུད་པའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། སྒོས་སུ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་དང༌། བོད་རིག་པའི་ལོ་རྒྱུས་དང་ཞིབ་འཇུག་ལ་འཇུག་ཡིད་མོས་པའི་གཞོན་སྐྱེས་གསར་སློབ་དག་ལ་ཕན་པར་སྤྲོ་བ་དང༌། འདིར་འཁོད་རྣམ་དཔྱོད་མཆོག་ཏུ་རྩེན་པ་བོད་རིག་པའི་ཞིབ་འཇུག་གི་དོན་ལ་ཐུགས་བརྩེ་གནང་མཁན་གྱི་རྩོམ་པ་པོའི་དཔུང་སྡེ་དང༌། པར་བསྐྲུན་གྱི་ལས་འཆར་ལ་དངོས་ཤུགས་ཀུན་ནས་རྒྱབ་སྐྱོར་གནང་ཞིང་ཕྱག་ཟུང་གི་སྤར་མོ་ཡངས་པའི་སྦྱིན་བདག ཉིན་མཚན་ཁོར་མོ་ཡུག་ཏུ་བལྟ་ཀློག་གི་བགྱི་བ་དང་དུ་ལེན་པའི་ཀློག་པ་པོ་དང༌། གཞན་ལ་ཕན་འདེགས་ཀྱི་སྤོབས་སེམས་དང་བརྩེ་བ་མི་འདོར་བའི་གྲོགས་པོ་ཡོངས་ལ་དེབ་འདིའི་གཙོ་སྒྲིག་པའི་ཚབ་བྱས་ཏེ་རྟེན་འབྲེལ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མ་འོངས་ལོ་ཟླའི་ཕྲེང་བའི་ནང་དུ«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་སྐྱེད་ཚལ་འདི་ཡང་སྔར་ལས་རྒྱས་ཤིས་རྩོམ་རིག་གི་སྦྲང་རྩིའི་བཅུད་དུ་འཛོམས་པའི་སྨོན་འདུན་ལན་བརྒྱར་ཞུ།།
ཞེས་པ་འདི་ཡང་མདོ་སྨད་མཁས་པ་མི་གསུམ་གྱི་གདན་ས་དུས་གསུམ་ཉི་འོད་འཁྱིལ་བའི་ལྷ་ཁང་གི་གཡོན་ཟུར། རང་གནས་ཁང་བརྩེགས་མཐོན་པོའི་བ་གམ་དུ་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་འཕྲལ་དུ་བྲིས་པ་བཀྲ་ཤིས་པར་གྱུར་ཅིག་གུ།