ཁྱུང་པོ་དཔལ་རྒྱལ་གྱི་«ཞང་བོད་བུ་ཡི་བགྲོ་གླེང་»ཐོན་ཡོད།

[ཟླ་ཚེས། 2013-07-13 19:59:49][རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

次仁百杰-书目录_页面_1-1.gif封面-校稿图-(1).gif
སྔོན་གཏམ་དབུ་ཁྱུད་བསུ་བའི་ལྡིང་ཁང་།

ཡ་རབས་དད་གུས་འཕེལ་བའི་རྒྱུ།། མ་རབས་ཕྲག་དོག་སྐྱེ་བའི་རྐྱེན།། རྣམ་དཔྱོད་ཡངས་པའི་རྩོམ་པ་པོར།། ལུས་མིན་ཡིད་ནས་ཕྱག་བགྱི་འོ།།

      ལྷག་བསམ་དཀར་པོའི་རང་མདངས་ཀྱིས་ཕྱུག་པའི་འཚམས་འདྲིའི་དབུ་ཁྱུད་ཀྱི་དར་དཀར་རིང་མོ་འདི་གངས་དཀར་ཁྲོད་དུ་གནས་བཅའ་ཞིང་། སྦྲང་དཀར་རྩམ་པ་དང་སྣུམ་དཀར་མར་ལོའི་ཟས་སུ་རོལ་ཞིང་འཚེ་བ་མེད་པའི་རིག་གནས་དཀར་པོས་སེམས་རྒྱུད་ཡོངས་སུ་བལྟམས་པའི་རིགས་རུས་དང་ཁྲག་རྒྱུད་གཅིག་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱི་མགུལ་དུ་བསྒྲོན་ནས། བཀྲ་ཤིས་པའི་རྟགས་བརྒྱད་དང་དོན་འགྲུབ་པའི་གཡང་དགུ་གཏན་དུ་འབྲལ་མེད་དུ་འཛོམས་པའི་ཤིས་ཚིག་དྲོན་མོས་མདུན་བསུས་ཏེ། སྔ་གཏམ་མ་ཉུང་། ཕྱི་གཏམ་མ་མང་། ཟེར་བའི་དཔེ་རྗེས་འབྲངས་ནས་དེབ་འདིའི་སྔོན་འགྲོར་གཏམ་ཚིག་རེ་ཟུང་གླེང་ན། དེ་ཡང་། སྤྱིར་སྔོན་འགྲོའི་གཏམ་དེ་ནི་མཁས་གྲགས་ཅན་ལ་འབྲི་རོགས་ཞུ་སྲོལ་འདུག་ཀྱང་། གུས་པའི་གྲོགས་ཀྱི་ཁྲོད་ཤེས་ལྡན་པ་མང་བས་དེ་དག་ཚང་མར་སྔོན་འགྲོ་རེ་འབྲི་རོགས་ཞུས་ན་དེ་ཁོ་ནས་ཀྱང་དེབ་ཁ་ཤས་ཡོང་བའི་ཚོད་དུ་སྣང་བས། གཞན་ལ་ཐུགས་སུན་མ་ཞུས་པར་ཐད་ཀར། བོན་གཤེན་རང་ལྟོ་རང་གིས་གཡོག། ཟེར་བའི་དཔེ་བཞིན་སྔོན་འགྲོའི་གཏམ་ཐུང་འདི་ཕྲན་རང་ཉིད་ཀྱིས་ཞུ་རྒྱུ་ཡིན།

次仁百杰-书目录_页面_1-1.gif次仁百杰-书目录_页面_1-2.gif

      དེ་ཡང་རྩོམ་ཡིག་ཅེས་པ་ནི་མིའི་རིགས་ཀྱིས་སྤྱི་ཚོགས་སམ་འཚོ་བའི་ལག་ལེན་ཁྲོད་ནས་བྱུང་བའི་ཚོར་བའི་ལན་ཆར་དབྱེ་ཞིབ་གང་འཚམ་ཞིག་བྱས་ནས་ཡིག་ཐོག་ཏུ་བཀོད་པར་གོ་བཞིན་ཡོད། ཡང་གཅིག་བཤད་ན། དེ་ནི་མིའི་བསམ་བློས་འཚོ་བའི་ལམ་དུ་འགྲུལ་བཞུད་བྱེད་སྐབས་བཞག་པའི་རྐང་རྗེས་དག་ཤོག་ཐོག་ཏུ་ཕབ་པ་དེ་ལ་རྩོམ་ཡིག་ཟེར། སྔ་རབས་ཀྱི་མཁས་པ་ཚོས། གང་ཕྱིར་མཁས་པའི་ལས་གསུམ་ལས།། འཆད་རྩོད་གཉིས་ལ་མ་ངེས་ཕྱིར།། མི་འཁྲུལ་རྩོམ་པ་མཆོག་ཡིན་ནོ།། ཞེས་པའི་སྡོམ་ཚིག་བཞག་པ་ལྟར། རྩོམ་ནི་མཁས་པའི་བྱ་བ་རྣམ་གསུམ་དུ་བགྲངས་པའི་འཆད་རྩོད་རྩོམ་གསུམ་གྱི་ནང་ལས་མཆོག་གམ་གཙོ་བོར་འཇོག་སྲོལ་འདུག འོན་ཀྱང་། རྩོམ་འབྲི་མཁན་ཚང་མ་མཁས་པ་ཡིན་པས་མ་ཁྱབ་ལ། ཐ་ན་ཚང་མར་རྩོམ་པ་པོ་ཞེས་པའི་མིང་དེ་ཐོབ་མིན་ཡང་བཤད་དཀའ། གང་ལགས་ཤེ་ན། རྩོམ་པ་པོ་ཞེས་པ་དེ་ནི་རྩོམ་རིག་དང་གཉེན་སྒྲིག་བྱས་བའི་གང་ཟག་ལ་མ་གཏོགས། རྩོམ་རིག་དང་དགའ་རོགས་བསྒྲིགས་པ་ཙམ་ལས་གཉེན་སྒྲིག་བྱས་མེད་པའི་གང་ཟག་ལ་མིང་དེ་འཚམས་པོ་མེད་པས་ཡིན་ལ། དེ་བཞིན་དུ་རྩོམ་འབྲི་བའི་སྒུལ་ཤུགས་སམ་དམིགས་ཡུལ་ལའང་རིགས་སྣ་ཚོགས་ཡོད་དེ། དཔེར་ན་སྤྱིའི་ཆ་ནས་བཤད་ན། སློབ་གྲྭ་བ་ཚོས་སྐར་གྲངས་ཀྱི་ཆེད་དུ་རྩོམ་འབྲི་བ་དང་། གཞུང་ཞབས་བ་ཚོས་ལས་ཐོབ་ཀྱི་ཆེད་དུ་རྩོམ་འབྲི་བ། ཡང་ལས་རིགས་མ་ངེས་པས་དགའ་ཞེན་དབང་གིས་རྩོམ་འབྲི་བ་སོགས་ལྟ་བུ་ཡོད་པ་ལས། ཤེས་རིག་དང་རྣམ་དཔྱོད་སོགས་ཀྱི་ཚད་གཞི་མི་འདྲ་བར་བརྟེན་དེ་ཚོའི་བརྩམས་ཆོས་ལ་ལེགས་ཉེས་སྣ་ཚོགས་ཡོད་མོད། སྤྱིའི་ཆ་ནས་སྨྲས་ན་སྐར་གྲངས་དང་ལས་ཐོབ་ཀྱི་ཆེད་དུ་བྲིས་པའི་རྩོམ་མང་ཆེ་བ་ལ་ཁྲལ་གྱི་རང་བཞིན་དང་། བཙན་བསྒྲིགས་ཀྱི་རང་བཞིན། བརྐུ་བཤུ་ཡི་རང་བཞིན་སོགས་ཤུགས་ཆེན་ལྡན་ལ། དེ་ཚོ་དང་བསྡུར་ན་དགའ་ཞེན་དབང་གིས་བྲིས་པའི་རྩོམ་དེ་ཚོ་ལ་ཆེས་མ་མཐར་ཡང་གོང་གི་སྐྱོན་དག་མ་མཆིས་པའམ་ཉུང་ངུ་ཙམ་ལས་མེད་པར་སྣང་།

次仁百杰-书目录_页面_2-1.gif次仁百杰-书目录_页面_2-2.gif

      ཁོ་བོ་ནི་སྐྱེས་སྦྱངས་ཀྱི་ཤེས་ཡོན་ཉག་ཕྲ་ཡང་རྩོམ་རིག་ལ་དགའ་ཞེན་ཆེ་བའི་གངས་ཕྲུག་ཅིག་ཡིན་པས་གངས་ལྗོངས་འདིར་རྐང་རྗེས་ཆུང་ཆུང་ཞིག་བཞག་འདུན་ཅི་ལ་མེད། སྤྱིར་ཚད་གཞི་དང་ཆེ་ཆུང་མི་འདྲ་བའི་རྐང་རྗེས་ནི་མི་ཚང་མར་ཡོད་ནའང་། རྐང་རྗེས་དེ་ཤོག་ཐོག་ཏུ་ཕབ་རྒྱུའི་ཆ་རྐྱེན་ཚང་བའམ་ཐུབ་མཁན་ཉུང་ཤས་ཙམ་ལས་མེད་ནའང་། ཁོ་བོར་ཆུང་ནས་ཕ་སྐད་གཙང་མའི་རོལ་དབྱངས་དང་མ་ཡིག་དྭངས་མའི་རྩེད་འཇོར་རོལ་རྒྱུར་དགའ་བའི་རྒྱུ་རྐྱེན་གྱིས་སྤྱི་ལོ་ཉིས་སྟོང་དྲུག་ལོའི་ཡར་སྔོན་དུ་བདག་གིས་བྲིས་པ་སྒྲུང་རིང་ཞིག་གིས་གཙོས་པའི་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་ཀྱང་། རྩོམ་ཡིག་ལ་གཅེས་སྤྲས་སམ་དང་དོད་ཆེ་དྲགས་པའི་རྐྱེན་གྱིས་དེ་དག་བཅུག་པའི་ཀོ་ཁུག་རྫིག་པོ་ཞིག་ཡོད་པ་དེ་བྱང་ནག་ཆུ་ས་ཁུལ་ནས་རྐུན་པོས་དངུལ་ཁུག་ཏུ་འཁྲུལ་ནས་ཤོར་མྱོང་ཡོད། དེ་ནི་ངའི་མི་ཚེ་འདིར་ཆེས་ཕངས་ཤོས་ཤིག་ཀྱང་ཡིན། དེའི་རྗེས་སུའང་ཡི་ཐང་མ་ཆད་པའམ་རང་ཉིད་ཀྱི་བསམ་བློ་རང་ཉིད་ཀྱིས་བཙོན་དུ་མ་བཅུག་པར་ལྷུག་བརྗོད་ཀྱི་ལམ་ནས་མུ་མཐུད་རྩོམ་ལུས་མི་འདྲ་བའི་ཐོག་ནས་སྤྱི་ལོ་༢༠༠༦—༢༠༡༠བར་གཞུང་ལས་ཀྱི་ཞོར་དུ་བྲིས་པའི་རྩོམ་ཡིག་སྣ་ཚོགས་ཤིག་གནས་དང་ཡུལ་མི་གཅིག་ཅིང་། གཞུང་དང་སྒེར་མི་འདྲ་བའི་དུས་དེབ་དང་ཚགས་པར། བརྙན་འཕྲིན་དང་། རླུང་འཕྲིན། དྲ་ཚིགས་སོགས་ཀྱི་སྟེང་དུ་སྤེལ་བ་ཡིན་ལ། དེ་དག་གྲས་ཀྱི་རྩོམ་ཐུང་ཁག་ཅིག་དང་ཉེ་ཆར་གསར་དུ་བྲིས་པ་ཁ་ཤས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་དེབ་འདི་བྱུང་སོང་།

 aaaaaa.gif111111111.gif

      དེབ་འདིའི་སྤྱིའི་ཁ་བྱང་ལ་«ཞང་བོད་བུ་ཡི་བགྲོ་གླེང་»ཞེས་པའི་སྒྲོ་སྐུར་གྱི་སྐྱོན་དང་བྲལ་བའི་ཇི་བཞིན་བརྗོད་པའི་མིང་དེ་འདོགས་དོན་ནི་ཕྲན་ནི་ཞང་བོད་ཁ་བ་རི་པའི་བུ་རྒྱུད་ངོ་མ་ཞིག་ཡིན་ལ། དེབ་འདིའི་བརྩམ་བྱ་དག་གི་བརྗོད་གཞི་ཡི་བསྡུས་དོན། རྟོག་གཞིག་གི་ཡོ་ལང་། སེམས་འགྱུ་ཡི་འཁྲེན་ཡུལ་སོགས་སྤྱི་ཡོངས་ཀྱི་ཁ་ཕྱོགས་ནི་ཞང་ཞུང་ངམ་བོད་ཅེས་པའི་མི་རིགས་འདིའི་འཚོ་གནས་དང་མདུན་ལམ་ལ་མ་འབྲེལ་བ་མེད་པས་ན་མིང་འདི་འོས་ཤིང་འཚམས་པར་སྙམ་ཡང་གང་ཟག་སུ་ཞིག་གི་སྣང་ངོར་དེབ་འདིའི་ཕྱི་མིང་དང་ནང་དོན་ཕྱིན་ཅི་ལོག་པར་མཐོང་ཚེ་ཀུན་སློང་གི་མིག་ཤེལ་གཙང་མར་ཕྱིས་ནས་བསྐྱར་གཟིགས་གནང་རོགས། གཞན་ཡང་། ཕྱི་རུ་གཤིས་རྒྱུད་བཟང་བའི་མི་རིགས་ཤིག་གི་མཚན་སྙན་ཡོད་ཀྱང་ནང་དུ་ཕྲག་དོག་གམ་ཆགས་སྡང་གི་བུ་ཡུག་འཚུབ་སའི་གངས་རིའི་ལྗོངས་འདིར་ངས་རྐང་རྗེས་ཆུང་ཆུང་འདི་བཞག་པའི་དམིགས་ཡུལ་ནི། ང་དབུས་ཁྱོད་ཁམས་ཀྱི་ཆོལ་ཁའི་ཕྱོགས་ཞེན་དང་། ང་བན་ཁྱོད་བོན་གྱི་གྲུབ་མཐའི་ཆགས་སྡང་སོགས་མདོར་ན་རི་བོ་གངས་ཅན་པའི་མདུན་སྐྱོད་ཀྱི་ལམ་བུའི་གེགས་སུ་གྱུར་པ་དག་ལ་ཉེན་རྟགས་དམར་པོ་རེ་བྲིས་པར་སྙམ་པའི་ཀུན་སློང་ཞིག་གིས་ཀ་ཁའི་གྲོགས་མཆོག་ཡོངས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།