མི་ཚེའི་བྱུང་བ་བརྗོད་པའི་དེབ་གསར།

[ཟླ་ཚེས། 2013-04-22 10:39:16][རྩོམ་པ་པོ། ཁྱུང་གསེར་ཞུན།][རྩོམ་ཁུངས། དར་མཚོའི་རླབས་ཕྲེང་།][ཀློག་གྲངས། ]

བགྲང་བྱ་ཞེ་གཅིག་ཡན་གྱི་མི་ཚེའི་རང་གི་བྱུང་བ་བརྗོད་པའི་གཏམ་དྭངས་གསལ་ཆུ་ཤེལ་མེ་ལོང་།
wrw.jpg

༧ སྔོན་གླེང་ཞོགས་ཀའི་ཅོང་བརྡ།།

 

སྨྲ་ཤེས་དོན་གོ་མི་ལུས་འདི། །

འགྲོ་དྲུག་ནང་ནས་གཙོ་བོ་ཡིན། །

མི་སྐྱེས་དོན་གོ་ཆེ་ཆུང་དེ། །

རང་ལ་བསམ་པ་ཡོད་མེད་ཡིན། །

ལས་ཀྱི་སྟངས་མ་ཡོད་མེད་དེ། །

རང་སྒོས་ཕོ་སྒོ་བཟང་ངན་ཡིན། །

   ཞེས་མཁས་པའི་ལེགས་བཤད་གསེར་གྱི་ཡང་ཞུན་འདི་བཞིན་ངག་ནས་ཡང་ཡང་སྐྱོར་ཞིང་ཁོག་ཏུ་ལན་མང་བསམ་གཞིགས་བྱས་པའི་རྙེད་དོན་ལ། དཀར་ནག་ཁྲའུ་གསུམ་གྱི་རྒྱུ་རྐྱེན་འདྲ་མིན་གྱི་ཉེར་ལེན་ལས་སྲིད་པའི་ཁམས་གསུམ་དུ་ཡང་ཡང་ཉུལ་ཏེ། དགེ་སྡུག་བར་གསུམ་གྱི་ཚོར་འདུ་སྣ་ཚོགས་མྱོང་ཞིང་ལེགས་དང་ཉེས་པའི་འདུ་བྱེད་ཅི་ཡང་གཉེར་བའི་སྐྱེ་འགྲོ་སྲོག་གིས་བསྡུས་པའི་སེམས་ཅན་གྱི་རིགས་སུ་གྱུར་རོ་ཅོག་ལས། འགྲོ་བའི་གཙོ་བོ་ཞེས་སུ་གྲགས་པའི་རྐང་གཉིས་ས་ལ་བཙུགས་ཤིང་ལུས་ཚུགས་འགྲེང་བུ་ཅན་གྱི་མི་ཡི་རིགས་འདི་ཉིད། བཀྲེས་ལྟོགས་སྐབས་སུ་ཟས་སྐོམ་དང་གྲང་འཁྱགས་དུས་སུ་གོས་ལྷམ་ཙམ་བྱུང་ན་ཆོག་ཤེས་པར་མི་བྱེད་པར་ལེགས་ཉེས་བླང་དོར་གནས་ལ་དཔྱོད་ཤེས་པར་མ་ཟད་མ་འོངས་ཕུགས་འདུན་གྱི་མིག་རྒྱང་ཡང་རིང་ཙམ་བསྲིང་དགོས་པ་ནི་གཞན་ལས་ཁྱད་པར་འཕགས་པའི་མཚོན་རྟགས་ཉག་གཅིག་ཏུ་ངེས། དེ་ལས་ཀྱང་འགྲོ་བ་རང་གཞན་སུ་ལའང་འདི་དང་ཕྱི་མའི་དམིགས་སྒོ་གང་ཞིག་ལ་ཕན་ནུས་ངེས་ཅན་སྟེར་བའི་ཤེས་བྱ་རིག་པའི་གནས་ལ་དང་པོ་མཐོང་ཞིང་ཐོས་པ་དང་། བར་དུ་ཇི་བཞིན་དཔྱོད་པའི་རྣམ་འབྱེད་ཀྱི་ཤེས་རབ་གསལ་བ། ཐ་མར་གལ་འགངས་ཆེ་བའི་དོན་རྣམས་འཆད་རྩོད་རྩོམ་གསུམ་གྱི་སྒོ་འཕར་ཡངས་པོར་འབྱེད་ནུས་པ་ནི་སྲིད་ན་གྲགས་དཀར་རླུང་ལྟར་འཕྱོ་བའི་མཁས་པའི་འཇུག་ངོགས་དམ་པ་ཉིད་དུ་འཁུམས་སོ།།

   རྩ་བའི་འཕྲོས་གཞི་དེ་དང་དེ་འདྲའི་ཁོར་ཡུག་ཏུ་མི་བུ་རང་རང་གི་ལྷན་སྐྱེས་ཤེས་རབ་ཀྱི་རྩ་སྒོ་ཡངས་དོག་དང་། གཞན་བསྟུན་སློབ་གསོའི་མ་ལག་གང་ཞིག་དང་འཕྲད་མིན། ཁོར་ཡུག་སྤྱི་ཚོགས་ཀྱི་གནས་སྟངས་སྣ་ཚོགས་པའི་དབང་གིས་ཤེས་པར་བྱ་བའི་གནས་ལ་མུ་མ་མཆིས་ཤིང་། བཤད་པར་བྱ་བའི་གཞི་ལ་འབྱམས་ཀླས་པ་ནི་ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་བཞིན་གྲངས་དང་དབྱེ་བས་མི་ཆོད་པ་ཞིག་ཡོད་པའང་མཐོང་ཆོག་ཏུ་གྲུབ་པ་འདི་ཉིད་ལགས། དེ་ལྟར་ནའང་འདིར་གང་ཞིག་གླེང་བར་བྱ་བའི་བོན་ནི་བོད་རབ་མཛོད་ཆུ་འབྲུག་ལོའི་སོས་ཀར་ངོས་རྒྱུན་ལྡན་གྱི་འཚོ་བའི་ཁོར་ཡུག་ཏུ་གནས་ཤིང་སྐབས་ཀྱི་བྱ་རིམ་ཁག་ལ་འདུ་བྱེད་པའི་ཚེ་ན། སྔོན་གྱི་ལས་དབང་བཙན་པོ་གང་ཞིག་གིས་གཏིང་ཕུལ་བའི་འབྲས་སུ་དངོས་སུ་སྨིན་པའམ། འཕྲལ་གྱི་རྐྱེན་དབང་དོས་དྲག་ཅིག་གིས་སྟེས་དབང་དུ་ཁ་ལོ་བསྒྱུར་བ་ཅི་ཞིག་ཡིན་པ་ཚ་མ་འཚལ་མོད། ནང་བསམ་པའི་འཆར་སྒོའི་གྲུ་ཟུར་ཞིག་ནས་གློ་བུར་འདི་སྙམ་དུ་སེམས་པར་གྱུར་ཏེ། ཐོག་མར་སྔོན་བསགས་བཟང་པོའི་འཕེན་སྟོབས་ཀྱིས་མཐོ་རིམ་མི་ཡི་རིགས་སུ་སྐྱེ་བ་ནི་བླངས། དེའི་སྟེང་དུ་ཆེན་པོ་ལུགས་གཉིས་ཀྱི་འཚོ་བ་འདྲ་མིན་ཉམས་སུ་མྱོང་བའི་བརྒྱུད་རིམ་ནི་རྒྱ་ཡི་གོས་རིས་བཞིན་དུ་སྣ་མ་སྣ་ཚོགས་སུ་གྲུབ། དེ་དག་གི་རྒྱུ་རྐྱེན་དང་བྱུང་རབས་རྣམས་ནི་རེ་འགའ་དཔྱད་ན་ཡ་མཚན་ཞིང་རེ་འགའ་བསམ་ན་ངུ་བྲོ་བའི་གནས་ལུགས་ལ་ཕྱི་མིག་ལན་གཅིག་ཅེར་བའི་དྲན་དང་ཤེས་བཞིན་གྱི་མི་རྟ་གཉིས་པོ་ཀུན་ནས་ཀུན་ཏུ་མྱུལ་མྱུལ་བའི་ཆོད་དོན་ཞིག་ལ། ད་ནི་འདི་དག་རང་ངོས་ནས་བརྗོད་རིན་ཇི་ཙམ་ཡོད་མེད་དང་གཞན་ལ་སྨན་པའི་དགོས་ཆེད་ཇི་ཙམ་ཆེ་མིན་གྱི་དགག་སྒྲུབ་ཕྱོགས་ལ་དེ་ཙམ་དཔྱོད་པར་མི་བྱ་བར་ཐད་ཀར་རང་བཞིན་དྲང་བརྗོད་ཀྱི་ལམ་ནས་འགོད་འདོད་ཀྱི་ཀུན་སློང་ཡ་མཚན་པ་ཞིག་གིས་ཚ་འདེད་འོག་རང་ལུས་འདོམ་གང་དེ་ཉིད་གདན་ཆུང་གྲུ་བཞིའི་ཐོག་ཏུ་ཙོག་པུར་གནད་དུ་གཅུན་ཏེ་མདུན་དུ་གློག་ཀླད་དམ་རྩིས་འཁོར་ཞེས་པའི་སྒོ་མོ་དལ་གྱིས་ཕྱེས་ནས་རྩོམ་གྱི་ཁ་བྱང་དུ། 《བགྲང་བྱ་ཞེ་གཅིག་ཡན་གྱི་མི་ཚེའི་བྱུང་བ་བརྗོད་པའི་གཏམ་དྭངས་གསལ་ཆུ་ཤེལ་མེ་ལོང་།།》 ཞེས་པ་འདི་བཞིན་མཐར་གྱིས་རྩོམ་སྒྲིག་གི་ལས་སུ་ཞུགས་པའི་དུས་ཤིག་བྱུང་ངོ་།།

   ད་འོ་ན་དེ་ལྟ་བུའི་རྩོམ་གྱིས་བརྗོད་དོན་སྐོར་ལ་གང་དང་ཅི་ཞིག་བསྟན་སྙམ་ན། འདིར་སྐབས་ཐོབ་རྩོམ་གྱི་སྤྱི་ཁོག་ཐོག་ནས་ངོ་སྤྲོད་རོབ་ཙམ་ཞུས་ན་རིང་ལ་ཐུང་བའི་ཁྱོད་ཀྱི་མི་ཚེའི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་དེ་རུ། སྐྱིད་ལ་སྡུག་པའི་ཚོར་འདུ་གཉིས་པོ་ཕན་ཚུན་འགྲན་པ་འདྲ་ཞིང་། བཟང་ལ་ངན་པའི་བྱུང་རིམ་ནི་ཉིན་དང་མཚན་གྱི་ངང་ཚུལ་ཏེ། སྐབས་འགར་སྐྱོ་བའི་སྨྲེ་ངག་བར་མེད་དུ་སྒྲོག་པའི་དུས་ཀྱང་མངོན་ལ། རེ་འགའ་སྐྱིད་པའི་བྲོ་གར་ལ་རྩེན་པའི་དགོད་སྒྲ་ཡང་ཐོས་ཡོང་། སྐབས་འགར་ལེགས་བྱས་ངོམ་རིན་ཆོག་པའི་ངོ་མཚར་གྱི་བྱས་རྗེས་ཀྱང་གསལ་ཞིང་། རེ་འགའ་དོན་མེད་མདོ་ཤོར་གྱི་བྱུས་ཉེས་ཡང་རེ་ཟུང་ཙམ་ཞིག་གཏན་ནས་མིན་པ་འདྲ། སྐབས་འགར་རྒྱལ་ཁའི་རྟགས་མ་ཐོབ་པའི་ཆོ་ལོ་ཡང་བསྒྲགས་འདུག་ཅིང་། རེ་འགའ་ཀུན་གྱིས་ཡ་ག་སྒྲོག་པའི་ཕམ་ཉེས་ཀྱང་གྲངས་ཀྱིས་མི་ཆོད་པ་འདུག་གོ་ཟེར་ན་འགལ་བ་ཅི་ཞིག་ཀྱང་མེད་པ་རྟོག།

   ཡང་གཅིག་དབྱེ་ཞིབ་ཀྱིས་ནང་གི་བྲོ་བ་ཅུང་ཟད་མྱོང་བའི་དབང་གིས་གླེང་ན་སྡེབ་ལེགས་ཚིག་གི་རོལ་དབྱངས་འདི་ནས་འཁྲོལ་ཞིང་དོན་བརྗོད་རྩོམ་གྱི་སྒྱུ་རྩལ་ཡང་འདི་ཡི་གྲུ་ཟུར་ནས་ཐོན། མེས་པོའི་ཤུལ་བཞག་གི་ཞབས་རྗེས་འདི་ནས་ཉུལ་ཞིང་དེང་རབས་གསར་བྱུང་གི་ལྟད་མོ་ཡང་འདི་ནས་བལྟ། མིག་རྒྱང་རིང་བའི་མདུན་ལམ་གྱི་སྣེ་མོ་འདི་ནས་འཚོལ་ཞིང་བཟོད་དཀའི་ན་ཟུག་གི་ཚོར་བ་ཡང་འདི་ནས་གདུང་། འགལ་འདུ་སྣ་ཚོགས་ཀྱི་འཚོ་བ་ཐད་ཀར་གླེང་ཞིང་སྐྱིད་སྡུག་ལས་འབྲས་ཀྱི་ངེས་ཤེས་ཀྱང་འདི་ནས་རྙེད། སོས་ཐབས་དཀའ་བའི་ལོ་རྒྱུས་ཀྱི་རྨ་ཁ་འདི་རུ་གསལ་ལ་ཕུགས་བསམ་ཟབ་པའི་སློབ་སྟོན་གྱི་དུས་བརྡ་ཡང་འདི་ནས་སྟོན། རྨོངས་གཉིད་སྐྲོག་པའི་དྲང་བདེན་གྱི་ལམ་ཁ་འདི་ནས་ཉུག་ཅིང་གསོན་ཉམས་དོད་པའི་མདུན་བསྐྱོད་ཀྱི་གོམ་སྒྲ་ཡང་འདི་ནས་སྒྲོག་གོ་སྙམ་པའི་ཚོར་སྣང་ཞིག་ཀྱང་སྟེར་བའི་ངེས་པ་རྙེད།།

   ཡང་གཞན་ཞིག་ནས་ཟུར་ལྟ་བྱས་ཚེ་འོག་འགྱུ་རྣམ་རྟོག་གི་གཡོ་ལྡང་འདྲ་མིན་དང་འདེགས་འཇོག་སོར་མོའི་འདུ་བྱེད་རྒྱུ་ཕྱོགས་ཀྱི་ཉེར་བསྡོགས་རེ་རེས་བསྐྱེད་པའི་བརྗོད་པ་དེ་དག་གིས། ཆ་མི་སྙོམས་པའི་ཚོར་ཤེས་ཅི་རིགས་བསྐྲུན་པའི་སྒྱུ་རྩལ་ལ་ཚད་བཟུང་དང་། བསམ་བརྗོད་གཉིས་པོ་ཟུང་འཇུག་གམ་དེ་ལས་ལྡོག་པའི་ཉམས་དང་འགྱུར་ནི་མཐའ་གཅིག་ཏུ་འདི་ཙམ་ཞེས་ཁ་ཚོན་གཅོད་ཀྱང་དཀའ་བ་སྟེ། ཚིག་གིས་བསྟན་ཚོད་དང་དོན་གྱི་མདོ་འགག་ཅི་དང་གང་ཞིག་ལའང་དངོས་ཤུགས་བློ་རྩེ་གཏད་སོ་དེ་དང་འདི་ཞེས་ཚིག་གིས་རང་སྒྲ་མི་སྒྲོག་ལ། ཐུན་མོང་གི་རྟོག་འཆར་ཡན་པ་ནི་གང་ལ་ཡང་ཐད་ཀར་འཇུག་ཆོག་ཏུ་གྲུབ་པའི་གནད་ཀས་སོ། །དེ་དང་དེ་ཡི་ཕྱིར་ན་རྩོམ་གྱི་ཕྱི་ཡི་ཤ་པགས་ལྷུ་གཟུག་གྲུབ་སྟངས་དང་ནང་གི་དོན་ལྔ་སྣོད་དྲུག་གི་རིན་ཐང་ཇི་བཞིན་འཇལ་བའི་ཚད་གཞི་ངེས་ཅན་ཞིག་ནི་ཕ་རོལ་ཀློག་པོ་རང་ཉིད་ལ་ལྟོས་ཆེ་བའི་རྒྱུ་མཚན་གྱིས་སྐབས་སུ་གླེང་བ་ནི་འདི་ཙམ་ཞིག་བྱས་ནའང་མ་འདུས་པ་དང་མི་འཚམས་པ་ནི་ཅི་ཡང་མེད་པ་ལགས་སོ།།

ཞེས་པ་འདི་ཡང་རྩོམ་པ་པོ་རང་ནས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།