སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་རྒྱས་པ《མདོ་དྲི་མེད་གཟི་བརྗིད》(1~12)པར་སྐྲུན་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2026-09-20 19:49:30][རྩོམ་པ་པོ། སྟོང་སྐོར་ཚེ་རིང་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་རྒྱས་པ《མདོ་དྲི་མེད་གཟི་བརྗིད》(1~12)ཅེས་པ་དངོས་སུ་པར་སྐྲུན་ལེགས་གྲུབ་བྱུང་བ། 
 འགོ་བརྗོད།

                                                                                                                             སྟོང་སྐོར་ཚེ་རིང་ཐར།

  གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་ལ་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་པ་གསུམ་བཞུགས་ཏེ། རྣམ་ཐར་བསྡུས་པ་དེའི་བསྡུས་མིང་ལ་མདོ་འདུས་ཟེར་ཞིང་། དེའི་རྒྱས་མིང་ལ། མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ། ཞེས་བྱ། རྣམ་ཐར་འབྲིང་བ་དེའི་བསྡུས་མིང་ལ་མདོ་གཟེར་མིག་ཟེར་ཞིང་། དེའི་རྒྱས་མིང་ལ། དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ། ཞེས་བྱ། རྣམ་ཐར་རྒྱས་པ་དེའི་བསྡུས་མིང་ལ། མདོ་དྲི་མེད་གཟི་བརྗིད་ཟེར་ཞིང་། དེའི་རྒྱས་མིང་ལ། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། ཞེས་བྱའོ། །

  དུས་རབས་བཅོ་བརྒྱད་པའི་ནང་ལ། རིག་འཛིན་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོས་(1700~?)བསྒྲིགས་པའི་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་དང་པོ་སྟེ། ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར། ཞེས་བྱ་བ་དང་། དེའི་རྗེས་སུ་སྨན་རིའི་མཁན་པོ་ཉི་མ་བསྟན་འཛིན་(1813~?)གྱིས་བསྒྲིགས་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་པའི་ཉིན་བྱེད། ཅེས་བྱ་བ་དང་། གཡུང་དྲུང་ཚུལ་ཁྲིམས་དབང་དྲག་གིས་བསྒྲིགས་པའི་རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག ཅེས་བྱ་བ་དང་། ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་(1922~1997)གྱིས་བསྒྲིགས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་དང་བཅས་པའི་དཀར་ཆག་ཆེན་པོ་བཞིའི་ནང་དུ་གོང་སྨྲས་ཀྱི་རྣམ་ཐར་གྲགས་ཅན་དེ་གསུམ་ག་འདུས་ཡོད།

  དེང་རབས་ཀྱི་རིག་གཞུང་ཞིབ་འཇུག་གི་འབྲས་བུ་ལྟར་ན། མདོ་འདུས་ཞེས་པའི་ཡིག་ཆ་དེ་གྲུབ་པའི་ལོ་ཚིགས་ཕལ་ཆེར་དུས་རབས་བཅུ་པ་ལ་ངོས་འཛིན་བྱེད་ཅིང་། དུས་རབས་བཅུ་གཅིག་པར་ངོས་འཛིན་བྱེད་མཁན་ཡང་ཡོད། མ་མཐའ་ཡང་བཅུ་པ་ནས་བཅུ་གཅིག་གི་བར་ལ་ངོས་འཛིན་བྱས་ན་མི་འགྲིག་རྒྱུ་མེད་སྙམ། མཁར་རྨེའུ་བསམ་གཏན་དང་རྡན་མར་ཏིན་བཅས་ཀྱིས་དེའི་སྐོར་ལ་དཔྱད་བརྗོད་ཞིབ་ཏུ་སྤེལ་ཡོད་པས་སྤྲོ་བ་ཡོད་མཁན་རྣམས་ཀྱིས་དེར་གཟིགས་ན་གསལ། མདོ་གཟེར་མིག་གྲུབ་པའི་ལོ་ཚིགས་དུས་རབས་བཅུ་གཉིས་པའི་ནང་དུ་ཡིན་པ་མཁས་པ་ཕལ་ཆེ་བ་ཞལ་མཐུན། མདོ་དྲི་མེད་གཟི་བརྗིད་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད་ཡིན་པ་ལོ་རྒྱུས་ཀྱི་གསལ་ཁ་བཀྲལ་ཡོད་པས་དུས་རབས་བཅུ་བཞི་པར་ཡིན་པ་མཁས་པ་རྣམས་ཞལ་མཐུན། གོང་སྨྲས་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་བྱུང་བའི་དུས་ཚིགས་ལ་ཁྱད་པར་ཡོད་ན་ཡང་། དེ་གསུམ་གའི་བརྗོད་བྱ་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་ཡིན་པས། རྒྱས་བསྡུས་ཀྱི་ཁྱད་པར་མ་གཏོགས། བརྗོད་བྱ་གཙོ་བོ་ནི་ལོ་རྒྱུས་མི་སྣ་གཅིག་གི་མཛད་རྣམ་མཚོན་ཡོད། དེ་གསུམ་གའི་ཁ་བྱང་ལས་མདོ་འདུས་ཞེས་པའི་ཐ་སྙད་གཞིར་བཟུང་ནས་བརྗོད་པར་བརྟགས་ན་ཡང་རྣམ་ཐར་དེ་གསུམ་གའི་ལོ་རྒྱུས་ཀྱི་དར་རྒྱུན་གཅིག་ཡིན་པ་ཤེས་ཐུབ། རྣམ་པ་དེ་ཡང་ཡིག་ཆའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་གོ །

  རིག་འཛིན་ཀུན་གྲོལ་གྲགས་པས་བོན་བསྟན་བཀའ་འགྱུར་གྱི་དཀར་ཆག་དང་པོ་དེ་བསྒྲིགས་པ་མ་ཟད། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཆུ་ཆེན་རབ་བརྟན་རྒྱལ་པོས་གདན་དྲངས་ཤིང་བཀོད་སྒྲིག་གནང་བ་ལྟར་བོན་བསྟན་བཀའ་འགྱུར་གྱི་ཤིང་པར་ཐེངས་དང་པོར་བརྐོས་ནས་པར་བཏབས་པ་ལ་ཆུ་ཆེན་བཀའ་འགྱུར་ཟེར། སྟབས་མ་ལེགས་པ་ཞིག་ལ་ཤིང་པར་དེ་ཆན་ལུང་གིས་རྒྱལ་རོང་ལ་དམག་རྒྱག་ཐེངས་དང་པོའི་སྐབས་སུ་འཇིག དེའི་རྗེས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་གཞན་ཞིག་སྟེ་ཁྲོ་སྐྱབས་རྒྱལ་པོས་སླར་ཡང་བོན་པོའི་བཀའ་འགྱུར་གྱི་ཤིང་པར་ཞིག་བརྐོས་པ་ལ་ཁྲོ་སྐྱབས་པར་མ་ཟེར། སྐབས་འདིར་པར་སྐྲུན་བྱས་པའི་མདོ་དྲི་མེད་གཟི་བརྗིད་ཀྱི་གཞི་བཅོལ་སའི་མ་ཡིག་ནི་ཁྲོ་སྐྱབས་པར་མ་ཡིན་ཞིང་། མདོ་དྲི་མེད་གཟི་བརྗིད་ཀྱི་མ་ཡིག་སྐོར་ལ། མདོ་དབུས་ཁམས་གསུམ་གང་རུང་ནས་ལོ་རྒྱུས་ཀྱི་ཆགས་འཇིག་ལས་ཐར་པའི་བྲིས་མ་མང་པོ་ད་དུང་ལྷག་ཡོད་པར་བལྟས་ན། དེ་དག་གི་ནང་དུ་བསྐུངས་ཡིག་དང་། རི་མོ། ཚིག་སྦྱོར། དག་ཆ། ཡིག་གཟུགས། ཨང་གྲངས་བཅས་རིག་གནས་ཀྱི་རྣམ་པ་མི་མཐུན་པ་མང་པོ་ཡོད་པས་ཡིག་ཆའི་གནའ་ཉམས་དོད་པོ་མཚོན་ཐུབ་ན་ཡང་། གལ་ཏེ་འདི་འདྲའི་ཡིག་ཆ་གལ་ཆེན་ཞིག་གི་པར་སྐྲུན་ལ་དག་ཆའི་སྐོར་ནས་གཞི་འཛིན་ས་ཞིག་མེད་ན། གོང་སྨྲས་རིག་གནས་ཀྱི་རྣམ་པ་མི་འདྲ་བ་དེ་རྣམས་གཅིག་མཐུན་ཡོང་དཀའ་བའི་གནས་སུ་འགྱུར་འགྲོ་བས། སྐབས་འདིར་ཁྲོ་སྐྱབས་པར་མ་ལ་གཞི་བཅོལ་ནས་པར་སྐྲུན་བྱས་པར་རིན་ཐང་ཆེན་པོ་ལྡན། དེ་ཡང་ཁྲོ་སྐྱབས་པར་མ་དེ་ཉིད་སྙན་གྲགས་ཆེ་བ་གཅིག་པུ་ཙམ་མ་ཡིན་པར། དང་པོ་མཁས་པ་ཆེན་པོ་རིག་འཛིན་ཀུན་གྲོལ་གྲགས་པས་ཞིབ་གཟིགས་དང་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད། ཁྲོ་ཁྱུང་ནང་སོ་ནམ་མཁའ་དབང་ལྡན་དང་། མཁས་གྲུབ་ལྷ་དབང་གཡུང་དྲུང་། སྨོན་རྒྱལ་སངས་རྒྱས་རིན་ཆེན་དཔལ་བཟང་དང་། རྒྱལ་ནག་བླ་མ་ཤེས་རབ་གཡུང་དྲུང་། མདའ་མདོ་དབོན་པོ་གཡུང་དྲུང་རྒྱལ་མཚན་སོགས་མཁས་ཆེན་དམ་པ་དུ་མས་ཞུ་དག་དཔྱིས་ཕྱིན་པ་གནང་ཡོད་པས་དེ་གཞིར་བཟུང་ནས་པར་དུ་བསྐྲུན་པ་ན་ཚེགས་ཇེ་ཆུང་དང་དོན་ཇེ་ཆེ་ཡིན་པ་ཤིན་ཏུ་གསལ།

  ནང་དོན་གྱི་ཆ་ནས་བཤད་ན། དེང་སང་མིའི་རིགས་རིག་པའི་ཁྱབ་ཁོངས་སུ། རང་སའི་ཤེས་བྱ་དང་ཡང་ན་ས་གནས་ཀྱི་ཤེས་བྱ་ཞེས་པའི་བརྗོད་བྱ་དང་དེའི་ཞིབ་འཇུག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེའི་རྒྱུ་མཚན་ནི། མི་རིགས་མང་པོ་ཞིག་གིས་མི་རིགས་གཞན་པའི་རིག་གནས་ཀྱི་མ་ལག་དང་ལྟ་གྲུབ་ལ་དོ་སྣང་ཆེ་བ་དང་ཐ་ན་ཡིད་སྨོན་ཤོར་ནས་གདམ་ག་མེད་པར་དང་ལེན་བྱས་པའི་རྐྱེན་གྱིས་རང་གི་སྲོལ་རྒྱུན་རིག་གནས་ལ་རྒྱུས་མེད་པར་གྱུར་པ་དང་སྣང་མེད་དུ་ལུས་པ། ཐ་ན་མཐོང་ཆུང་བྱེད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། བོད་མི་རིགས་ལ་མཚོན་ན་ཡང་དེ་ལྟ་སྟེ། ལོ་ངོ་སྟོང་ཕྲག་ལྷག་གི་གྲུབ་མཐའི་འཐེན་འཁྱེར་གྱི་དབང་གིས། མདོ་དབུས་མཐོ་སྒང་སྟེང་ནས་བྱུང་བའི་བོད་ཁ་བ་ཅན་གྱི་ཕ་ཆོས་གཡུང་དྲུང་བོན་ལ་ཁ་ཞེ་གཉིས་མེད་ཀྱིས་དང་བ་སྟོན་མཁན་ཉུང་ཤས་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། སྐབས་སུ་བབ་པའི་མདོ་དྲི་མེད་གཟི་བརྗིད་ནི་བོད་ཀྱི་རྣམ་ཐར་གྱི་ཡིག་ཆ་ནང་ནས་རྒྱས་ཤོས་ཡིན་པ་དང་། དེས་སྔར་བྱུང་བའི་མདོ་འདུས་དང་མདོ་གཟེར་མིག་གི་རྨང་གཞིའི་སྟེང་དུ། གདོང་དམར་བོད་ཀྱི་ཕ་ཆོས་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རབས་དང་འཕེལ་རིམ་ཇེ་ཞིབ་དང་ཇེ་རྒྱས་སུ་བཏང་སྟེ། བོད་ཀྱི་ལོ་རྒྱུས་སྟེང་གི་སྟོན་པ་དང་པོ་དང་དེས་བསྟན་པའི་བསྟན་པ་དང་པོའི་བྱུང་རབས་ཞིབ་ཏུ་བརྗོད་ནས། གཤེན་རབ་མི་བོ་ཆེ་ཞེས་བྱ་བའི་བོད་ཀྱི་ལོ་རྒྱུས་མི་སྣ་རླབས་པོ་ཆེ་དེའི་གཟུགས་བརྙན་ཆེན་པོ་ཞིག་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཞེངས་ཡོད་པར་མ་ཟད། བོད་ཁ་བ་ཅན་ལ་མདོ་དབུས་མཐོ་སྒང་སྟེང་ནས་ཤ་མོ་རང་བརྡོལ་དུ་བྱུང་བའི་རང་གི་རིག་གནས་གཞན་དྲིང་མི་འཇོག་པ་ཞིག་ཡོད་པའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཀློག་པ་པོ་རྣམས་ཀྱི་བསམ་བློའི་གཏིང་རིམ་དུ་རྡོ་བརྐོས་རི་མོ་འདྲ་ཞིག་བཞག་ཡོད་པ་བཀའ་དྲིན་ཤིན་ཏུ་ཆེ། དེས་མ་ཚད། རྣམ་ཐར་དེའི་ནང་དུ་བརྗོད་པའི་རིག་གནས་ཀྱི་རྣམ་གཞག་མང་ཤོས་ནི་བོད་ཁ་བ་ཅན་གྱི་ཡུལ་གྲུ་རང་སར་བྱུང་བ་ཡིན་པས། དེ་ཞིབ་ཏུ་ཀློག་ཚེ། བོད་མིའི་རྣམ་དཔྱོད་ལས་བྱུང་བའི་རིག་གནས་དེ་ཅི་ལྟར་གྲུབ་པ་དང་ཅི་ལྟར་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་གྱི་གསལ་ཁ་འགྲོལ་ཐུབ་པ་ལ་ཕན་ཐོགས་ཤིན་ཏུ་ཆེ། དཔེར་ན། བོད་ཀྱི་ལོ་རྒྱུས་སྟེང་དུ་རྫོགས་པ་ཆེན་པོའི་བྱུང་ཁུངས་སྐོར་ལ་རྩོད་གཞི་སྣ་མང་བྱུང་བ་དང་། དེའི་སྐོར་ལ་བོན་ཆོས་གཉིས་ཀའི་གྲུབ་མཐའ་སོ་སོའི་སྔོན་བྱོན་མཁས་པ་རྣམས་ཀྱིས་དགག་གཞག་སྤང་གསུམ་གང་མང་སྤེལ་མྱོང་། བོན་ལུགས་ཀྱི་ཞང་ཞུང་སྙན་རྒྱུད་སྐོར་ནས་རྩོད་གཞི་དེའི་སྐོར་ལ་བོད་རང་སའི་རིག་གནས་ཀྱི་འགྲེལ་བཤད་དང་རྩོད་ལན་ཁ་གསལ་པོ་བྱུང་ཡོད་པ་ནི། དེའི་ཕྱོགས་ལ་བསམ་གཞིག་བྱེད་མཁན་ཞིག་གིས་ངེས་པར་དུ་རྒྱུས་ལོན་བྱེད་དགོས་པ་ཞིག་གོ །དེ་ཡང་དཔྱད་ཀྱི་རིག་གནས་སྐབས་སུ། གནའ་རབས་ཞང་བོད་དཔྱད་ཀྱི་རིག་གནས་ཀྱི་བྱུང་ཁུངས་སུ་གྱུར་པའི་གསོ་བ་རིག་པའི་བྱུང་རབས་དང་འཕེལ་རིམ་ཞིབ་ཏུ་བརྗོད་པ་མ་ཟད། མདོ་དབུས་མཐོ་སྒང་གི་རི་དྭགས་དང་གཡུང་དྭགས། བྱ་རིགས་དང་བྱིའུ་རིགས། རྩྭ་ཤིང་དང་རྩི་ཏོག་དང་བཅས་པའི་གྲངས་མེད་པའི་མིང་དང་དེའི་ནུས་པ་ཞིབ་ཏུ་བཀྲལ་ཡོད་པ་རིན་ཐང་ཆེ། དམག་འཁྲུག་བརྗོད་པའི་སྐབས་སུ་གནའ་རབས་མཐོ་སྒང་ནས་བེད་སྤྱོད་བྱས་མྱོང་བའི་མཚོན་ཆ་སྣ་ཚོགས་ཀྱི་མིང་དང་སྤྱོད་ནུས་ཤིན་ཏུ་གསལ་བ་གཞན་ནས་མཐོང་དཀའ་བ་མང་པོ་ཡོད། སྲིད་པའི་བོན་གྱི་ཆོ་ག་སྣ་ཚོགས་བརྗོད་པ་དང་བསྟུན་ནས། དེང་རབས་བོད་ཁ་བ་ཅན་གྱི་དམངས་སྲོལ་རིག་གནས་ཐམས་ཅད་ཀྱི་ཐོག་མའི་བྱུང་ཁུངས་བརྗོད་ཡོད་པ་དཔེར་ན། གནས་རིའི་དད་མོས་ཀྱི་སྐབས་སུ་གནས་སྐོར། གནས་མཇལ། གནས་འདུས། ལ་བཙས། དར་ལྕོག རླུང་རྟ། ཡོ་བཅོས་ལ་སོགས་པའི་བྱུང་ཁུངས་བརྗོད་ཡོད་པ་དང་། མདོས་རིགས་ཀྱི་སྐབས་སུ། མདོས། གླུད། ཡས་དང་བཅས་པའི་གཏོར་མའི་རིག་གནས་ཀྱི་བྱུང་ཁུངས་བརྗོད་ཡོད་པ་དང་། འདུར་གྱི་སྐབས་སུ་བོད་གནའ་རབས་ཀྱི་འདུར་བཅོས་ཀྱི་རིག་གནས་ཀྱི་བྱུང་ཁུངས་བརྗོད་ཡོད་པ་དང་། ཤོན་གྱི་སྐབས་སུ་བོད་གནའ་རབས་ཀྱི་བྲོ་གར་སྣ་ཚོགས་ཀྱི་བྱུང་རབས་བརྗོད་ཡོད་པ་དང་། བག་སྟོན་གྱི་སྐབས་སུ་སྣ་འདོགས་བོན་པོས་སྣ་ཁྲིད་པའི་བག་སྟོན་གྱི་ཆོ་ག་དམིགས་བསལ་ཅན་སྣ་ཚོགས་ཀྱི་བྱུང་རབས་བརྗོད་ཡོད་པ་བཅས་སོ། །

  བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་གཡུང་དྲུང་བོན་གྱི་རིག་གནས་དང་དམ་པའི་ཆོས་ཀྱི་རིག་གནས་གཉིས་ཀ་ལས་གྲུབ་པ་ཞིག་སྟེ། ཕྱི་མ་དེ་ཕྱི་ཡོང་རིག་གནས་ཡིན་ན་ཡང་། བོད་དུ་དར་ནས་ལོ་ངོ་སྟོང་ཕྲག་གཅིག་ལྷག་བརྒྱུད་པའི་རྗེས་སུ་བོད་མིའི་ཤ་དང་ཁྲག་གི་ནང་དུ་འཐིམ་བསྡད་ཡོད་པའི་རིག་གནས་རྩ་ཆེན་པོ་ཞིག་ཡིན་པ་དང་། བོད་དུ་དར་བའི་རྗེས་སུ་བོན་ཆོས་ཕན་ཚུན་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་ནས། མཐར་བོད་མིའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་གཉིས་སུ་གྱུར་ཡོད། ཐུབ་བསྟན་པའི་བཀའ་བསྟན་དང་སྟོན་པའི་རྣམ་ཐར་སོགས་ལ་མཇལ་ན། གནའ་རབས་རྒྱ་གར་གྱི་ཤེས་རིག་གི་དཔལ་ཡོན་ལ་རོལ་ཐུབ་པ་དང་རྒྱ་གར་གྱི་ཡུལ་སྲོལ་གོམས་འདྲིས་དང་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཐུབ་པར་དགེ་མཚན་ཤིན་ཏུ་ཆེ་མོད། གལ་ཏེ་བོད་པ་ཞིག་ཡིན་པ་དང་ལྷག་པར་དུ་བོད་ཁ་བ་ཅན་གྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ཡོད་མཁན་ཞིག་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། མཐའ་འཁོར་གྱི་མི་རིགས་གཞན་པའི་ལོ་རྒྱུས་དང་རིག་གནས་གཅིག་པུ་ལ་རྒྱུས་ལོན་བྱས་པ་ཙམ་གྱིས་མི་ཆོག་སྟེ། བོད་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས་ཀྱི་བསྟན་བཅོས་ལ་རྒྱུས་ལོན་བྱེད་དགོས་པ་དེ་ལྷག་པར་དུ་གལ་འགངས་ཆེ་སྙམ།

  དེང་སང་ཀྲུང་གོའི་མི་རིགས་མང་པོའི་རིག་གནས་ལོ་རྒྱུས་ལ་ཞིབ་བསྡུར་བྱས་དང་བྱེད་བཞིན་པའི་འབྲས་བུ་གསར་པ་ཞིག་ཡོད་པ་ནི། བོན་བསྟན་ནི་མདོ་དབུས་མཐོ་སྒང་གི་ཆེས་སྔ་བའི་ཤེས་རིག་ཅིག་ཡིན་པ་མ་ཟད། བོད་གཅིག་པུ་མ་ཡིན་པར་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་འཇང་དང་དབྱི་ལ་སོགས་པའི་གྲངས་ཉུང་མི་རིགས་དུ་མའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་དེ་གནའ་རབས་ཀྱི་བོན་བསྟན་ཡིན་པར་ངོས་འཛིན་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། མི་རིགས་དེ་ཚོའི་མཁས་དབང་རྣམས་ཀྱི་གསུང་རྩོམ་ནང་དུ་ཡང་དེ་ཁས་ལེན་གྱི་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་རེད། བོན་བསྟན་གྱི་རྨང་གཞི་དེའི་སྟེང་དུ་གྲུབ་པའི་འཇིག་རྟེན་གྱི་ཆགས་གྲུབ་དང་། ཚེ་སྲོག་གི་ལྟ་བ། སྤྱི་ཚོགས་ཀྱི་སྒྲིག་གཞི། ཡོ་བཅོས་ཀྱི་ཆོ་ག སྲོལ་རྒྱུན་གྱི་སྨན་བཅོས། སྒྱུ་རྩལ་གྱི་མཚོན་བྱེད་དང་བཅས་པ་རྣམས་མི་རིགས་མང་པོ་ཞིག་གི་ནང་ནས་གཅིག་གྱུར་དང་ཡང་ན་འདྲ་མཚུངས་ཡིན་པ་བློ་ལྡན་རྣམས་ཀྱིས་མཐོང་ནས་བསམ་གཞིག་མི་གཏོང་ཐབས་མེད་བྱུང་བ་དང་། ཁོང་རྣམ་པའི་མཐོང་སྣང་ལ་བོན་གྱི་བསྟན་པའི་རིག་གནས་དེ་མི་རིགས་མང་པོ་ཞིག་གི་ནམ་རྒྱུན་གྱི་འཚོ་བའི་ནང་དུ་ཁྱབ་ཅིང་དེ་ཚོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་མི་རིགས་ལ་མཚོན་ན་དེ་ལས་ཀྱང་གལ་འགངས་ཆེ་བ་ཡིན་པ་བཤད་མ་དགོས་པ་རེད། གལ་ཏེ་བོན་བསྟན་གྱི་ཡིག་ཆ་འདི་དག་མེད་ན། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཏིང་རིམ་གྱི་ཆགས་ཚུལ་ཤེས་མི་ཐུབ་པ་དང་། སྲིད་པའི་ལྟ་བ་ལ་སོགས་པའི་བསམ་བློའི་རྨང་གཞི་ཅི་ཡིན་ཤེས་མི་ཐུབ་པ་ཐག་ཆོད་རེད། གནའ་རབས་སྲིད་པའི་བོན་གྱི་ཆོ་ག་ཁ་ཤས་བོད་རང་ས་ནས་ལོ་རྒྱུས་ཀྱི་བག་ལ་ཞ་ནས་ཅི་ཡིན་མི་ཤེས་པ་དང་ཤེས་རུང་འགྱུར་བ་ཆེན་པོ་བྱུང་ཡོད་ན་ཡང་། ཀྲུང་གོའི་ལྷོ་ནུབ་ཀྱི་གྲངས་ཉུང་མི་རིགས་ཁ་ཤས་ཀྱི་ཁྲོད་དུ་ད་དུང་སྔར་བཞིན་གནས་ཡོད་པ་དཔེར་ན་ཐར་ལམ་གྱི་ཆོ་ག་ལྟ་བུའོ། །དེས་མ་ཚད། བྱ་རྡང་དང་གཉན་རྟ་ལ་སོགས་པའི་ཆོ་ག་རྙིང་པ་ཁ་ཤས་ལྷོ་ནུབ་ས་ཁུལ་གྱི་གྲངས་ཉུང་མི་རིགས་གཞན་པ་དང་མཉམ་སྡོད་བྱེད་པའི་བོད་པ་ཐར་ཐོར་ཁ་ཤས་ཀྱི་ནང་དུ་མ་གཏོགས་རྙེད་རྒྱུ་ཤིན་ཏུ་དཀོན། དེས་ན་སྔ་མ་བོད་གནའ་རབས་ཀྱི་རིག་གནས་ཡིན་རུང་དེང་སང་མི་རིགས་གཞན་པའི་ནང་དང་ཡང་ན་མི་རིགས་གཞན་པ་དང་མཉམ་དུ་འདྲེས་སྡོད་བྱེད་པའི་བོད་པའི་ནང་མ་གཏོགས་མཐོང་རྒྱུ་མེད་པར་གྱུར་པས། དེ་དག་རྩད་གཅོད་དང་ཞིབ་འཇུག་བྱེད་རྒྱུ་ཡང་གལ་འགངས་ཆེན་པོར་གྱུར་ཡོད།

  བོན་གྱི་བསྟན་བཅོས་དེ་དག་གི་ནང་དུ། ལོ་རྒྱུས་ཀྱི་ཡིག་ཆ་ཙམ་མ་ཡིན་པར། གནའ་རབས་སྲིད་པའི་བོན་གྱི་ཆོ་གའི་ཡིག་ཆ་དེ་དག་ཀྱང་ཤིན་ཏུ་གལ་ཆེ། དེང་སང་རིག་གཞུང་ཞིབ་འཇུག་གི་ཁྲོད་མདོ་དབུས་མཐོ་སྒང་ནི་མིའི་རིགས་ཀྱི་རིག་གནས་རྙིང་པ་མང་པོ་ཞིག་གི་བྱུང་ཁུངས་སྲིད་པའི་བོན་ལ་ཐུག་ཡོད་པར་ཡིད་ཆེས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྒང་འདིར། གནའ་རབས་བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ལྟ་བུ་དེ་ནི་སྲིད་པའི་བོན་གྱི་ཡིག་ཆ་དེ་དག་ཡིན་པ་ཤིན་ཏུ་གསལ། སྲིད་པའི་བོན་གྱི་ཡིག་ཆའི་ནང་དུ་ཉར་ཡོད་པའི་གནའ་རབས་མདོ་དབུས་མཐོ་སྒང་གི་གནས་ཀྱི་དད་མོས། ཡུལ་སའི་གསོལ་མཆོད། མནའ་འབྲེལ་གྱི་ཆོ་ག སྨན་བཅོས་ཀྱི་ཤེས་བྱ། ཡི་གེའི་བསམ་བློ་དང་བཅས་པས་བོད་ཁ་བ་ཅན་གྱི་གནའ་རབས་ཀྱི་རིག་གནས་འཚོལ་བ་ལ་ལམ་རྟགས་གལ་ཆེན་ཞིག་གི་ནུས་པ་ཐོན་ཡོད་པ་མ་ཟད། ཕྱི་རབས་ཀྱི་བོད་བརྒྱུད་ཐུབ་བསྟན་པར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་བསྡད་ཡོད་པ་ཀུན་གྱི་མཐོང་ལམ་དུ་གྱུར་ཡོད་པ་བཞིན་ནོ། །གཞན་ཡང་། བོན་བསྟན་རིག་གནས་ནང་གི་ལྷ་རབས་དང་སྨྲང་རབས། འདུར་བཅོས། གཏོ་ཆོག་བཅས་པ་དང་དེང་སང་གི་གནའ་དཔྱད་རིག་པ་གཉིས་བར་དུ་ཕན་ཚུན་ར་སྤྲོད་དང་བདེན་དཔང་བྱེད་ཐུབ་པའི་སྒྲུབ་བྱེད་ཀྱི་ནུས་པ་གསལ་པོ་ཐོན་བཞིན་ཡོད་པས། སྲིད་པའི་བོན་གྱི་ཡིག་ཆ་དང་གནའ་དཔྱད་རིག་པ་གཉིས་ཟུང་འབྲེལ་བྱས་ནས་མདོ་དབུས་མཐོ་སྒང་གི་གནའ་རབས་རིག་གནས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ནི་དེང་སང་མཐོ་སྒང་གནའ་དཔྱད་རིག་པའི་ཞིབ་འཇུག་གི་ཐབས་ལམ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཡིག་ཆའི་ལོ་ཚིགས་འཕྱི་དྲགས་པའི་གནད་དོན་ཐག་གཅོད་པ་ལ་ཡང་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། གནའ་རྫས་དང་ཡིག་ཆ་གཉིས་ཟུང་འབྲེལ་བྱེད་བཞིན་པའི་ཐབས་ལམ་དེ་ལ་ཞིབ་འཇུག་པའི་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་རྒྱུ་མཚན་ཡང་དེ་ལ་ཐུག དེང་རབས་བོད་རིག་པའི་ཞིབ་འཇུག་ཁྲོད་དུ། བོན་གྱི་ལོ་རྒྱུས་དང་རིག་གནས་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་གྲུབ་མཐའི་ཕྱོགས་ཞེན་གྱི་འདམ་རྫབ་དང་བར་ཐག་ཡེ་ནས་རིང་བའི་གཞོན་སྐྱེས་རྣམས་འཚར་ལོངས་བྱུང་ནས། སྔར་ཆོས་ལུགས་ཀྱི་དགོས་དབང་གཅིག་པུ་ལ་བརྟེན་ནས་བོད་མི་རིགས་ཀྱི་ལོ་རྒྱུས་བཤད་པའི་རྣམ་པ་ལ་འགྱུར་བ་ཆེན་པོ་འབྱུང་བཞིན་ཡོད། དེ་ཙམ་གྱིས་མི་ཚད་པར། དེང་རབས་ཀྱི་གཞོན་སྐྱེས་དེ་རྣམས་ཀྱི་བློ་དཀྱེལ་དང་མཐོང་རྒྱ་ལ་བསྟེན་ནས་བོན་ཆོས་གཉིས་ཀའི་ཡིག་ཆ་ལ་འདྲ་མཉམ་གྱི་ཞིབ་བཤེར་དང་གྲོས་མོལ་གསར་པ་ཞིག་འབྱུང་བཞིན་པའི་སྒང་ཡིན་པ་ཀུན་གྱིས་ཤེས་སླ། རྣམ་པ་གསར་པ་དེས་སྔར་གྲུབ་མཐའི་དགོས་དབང་ལ་བསྟུན་ནས་ཡང་ཡང་བསྐྱར་སྒྲིག་བྱས་པའི་ཆོས་འབྱུང་དང་བསྟན་འབྱུང་རྣམས་ཀྱི་ལྟ་བ་ལ་ཚན་རིག་གི་དག་ཐེར་གསར་པ་བྱེད་བཞིན་པ་དང་། བོན་ཆོས་གཉིས་ཀའི་ཡིག་ཆ་རྣམས་ལ་འདྲ་མཉམ་གྱི་གོ་གནས་བྱུང་དང་འབྱུང་བཞིན་པ་དེ་དེང་རབས་ཞིབ་འཇུག་གི་རྨང་གཞིའི་གྲུབ་འབྲས་གསར་པ་ཞིག་རེད། རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས། བོན་ལུགས་ལོ་རྒྱུས་ཀྱི་བསྟན་བཅོས་རྣམས་ཀྱི་རིན་ཐང་ལ་གདེང་འཇོག་གསར་པ་ཞིག་བྱེད་པའི་དུས་སུ་སླེབས་ཡོད།

ཅེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ནས། སྤྱི་ལོ་༢༠༢༦ལོའི་ཟླ་༧པའི་ཚེས་པ་༡༤ལ་ཟི་ལིང་ནས།

སྒྲིག་པ་པོའི་གཏམ།

  དེ་ཡང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་དཔེ་རྙིང་ཁྲོད་ཀྱི་ཡིག་འབྲུ་ལ་གསོན་ཤུགས་རྒྱས་ཤིང་། གོང་རིམ་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བོད་ཡིག་གནའ་དཔེ་པར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་ཆེན་པོ་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་། ཆེད་ལས་མཁས་པ་དང་རིག་གཞུང་ཉམས་ཞིབ་པ་དག་གིས་མགྲིན་གཅིག་དབྱངས་གཅིག་ཏུ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་བོད་ཀྱི་ཤེས་རིག་གི་རྨང་གཞི་རུ་ངོས་འཛིན་གནང་གིན་ཡོད་ཅིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དེའང་ཆུ་འགོ་གངས་ལ་ཐུག་པ་བཞིན་བོད་རང་ས་ནས་དར་བའི་གནའ་བོའི་བོན་གཞུང་ལས་བྱུང་ཡོད་པ་ངོས་ཟིན་ཡང་དག་གནང་བའི་ཁར། སྤྱིའི་ཆ་ནས་བོད་ཀྱི་ཤེས་རིག་གི་མགོ་ཁུངས་དང་རྩ་བ་རུ་གྱུར་པའི་བོན་གྱི་ཤེས་རིག་སྐོར་གྱི་དཔེ་རྙིང་སྒྲིག་ཞུས་དང་དཔེ་སྐྲུན། ཞིབ་འཇུག་བྱེད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་དང་། བྱེ་བྲག་སྔ་དར་བོན་གྱི་རིག་གཞུང་ལོ་རྒྱུས་སྐོར་གྱི་དཔེ་རྙིང་སྒྲིག་ཞུས་དང་དཔེ་སྐྲུན་གནང་རྒྱུ་ནི་དེ་བས་ཀྱང་དགོས་གལ་ཆེ་བར་གྱུར་སྟབས། དེའི་ཕྱོགས་ནས་ཞིབ་འཇུག་གི་གྲུབ་འབྲས་ཀྱང་ཧ་ཅང་ལེགས་པོ་འདོན་དང་ཐོན་བཞིན་འདུག སྔོན་འགྲོའི་རྒྱུ་རྐྱེན་དེ་འདྲའི་འོག་ཏུ། ང་ཚོས་ཀྱང་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་འཛེམ་པར་ལོ་ངོ་དུ་མའི་རིང་ལ། གནའ་བོའི་བོན་ལུགས་ཀྱི་རིག་གཞུང་ཁྲོད་ནས་ལོ་རྒྱུས་ཀྱི་རིན་ཐང་བླ་ལྷག་ལྡན་པའི་གཙུག་ལག་རིག་གཞུང་རྒྱ་མཚོ་ལས། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་རྒྱས་པ་《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་》(བསྡུས་མིང་ལ་མདོ་དྲི་མེད་གཟི་བརྗིད་)དེ་ཉིད་ལོ་རྒྱུས་རྣམ་ཐར་རིག་གཞུང་ལ་ཞིབ་འཇུག་བྱེད་པར་རིན་ཐང་གཞལ་དུ་མེད་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་མཐོང་ནས་བསྡུ་སྒྲིག་དང་པར་སྐྲུན་ཞུས་པ་ཡིན།

  《མདོ་དྲི་མེད་གཟི་བརྗིད་》ཅེས་སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་པ་པོ་ཏི་བཅུ་གཉིས་ཀྱིས་གྲུབ་པ་འདི་ལ་ལེའུ་དྲུག་ཅུ་རེ་གཅིག་གིས་གཏན་འབེབས་བྱས་ཡོད། བརྗོད་བྱ་གཙོ་བོ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཁོང་ཉིད་གདུལ་དཀའི་སེམས་ཅན་གྱི་སླད་དུ་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་འཁྲུངས་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་དུ། ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་སྐུ་སྐྱེས་པ་བཞེས་ཚུལ་ནས། བསྟན་སྤེལ་འགྲོ་ཕན་གྱི་མཛད་བཟང་རིམ་གྱིས་བསྐྱངས་ཏེ། མཐར་དགོངས་པ་མྱ་ངན་ལས་འདས་པའི་བར་གྱི་མཛད་པ་རྣམས་ཞིབ་གསལ་གོ་བདེའི་ངང་ནས་བསྙད་ཡོད་པར་མ་ཟད། སྲིད་པ་འཇིག་རྟེན་ཆགས་ཚུལ་དང་། བསྐལ་པ་ཡ་ཐོག་གི་འགྲོ་བ་བྱུང་ཚུལ། བོན་བསྟན་དར་ཚུལ། ཁྱད་པར་དུ་བཀའ་འཁོར་རྣམ་པ་གསུམ་སྟེ། དང་པོ་ཐེག་པ་རིམ་དགུ། བར་བ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་བཅས་བསྟན་ཏེ། རྒྱུ་འབྲས་རྣམ་པར་དག་པ་ཐེག་པ་རིམ་དགུ་ཇི་ལྟར་གཏན་ལ་ཕབ་པ་སོགས་གསལ་པོར་བཀོད་ཡོད།

  སྟོན་པའི་མཛད་ཆེན་འདི་ནི་ཉིད་ཀྱི་ཞལ་ནས་གསུངས་པའི་མདོ་སྡེ་ཡི་བཀའ་རུ་གཏོགས་ཤིང་། བསྟན་པ་དར་ནུབ་ཀྱི་མཚམས་སུ་བླ་ཆེན་དྲན་པ་ནམ་མཁས་མདོ་འདི་གསང་བྲག་རྒྱ་བོར་གཏེར་དུ་སྦས་ཤིང་། ཕྱིས་སུ་དུས་ལ་བབས་ནས་རིག་འཛིན་སྟངས་ཆེན་དམུ་ཙ་གྱེར་མེད་ཀྱི་ཐུགས་ལ་གབ་པར་གདམས་ནས་བོན་མི་ནུབ་པའི་རྒྱལ་མཚན་ཕྱོགས་བཅུ་ཀུན་ཏུ་སྤེལ་བར་དགོངས་ནས་གཏེར་རྒྱ་ཟབ་མོ་བཀྲོལ་ཞིང་། བདེན་པའི་སྨོན་ལམ་དག་པ་སྨིན་པའི་སྟོབས་ལས། རིག་འཛིན་སྟངས་ཆེན་པོས་གསའ་ཡི་རག་པ་གཡུ་རྩེའི་བྲག་ནས་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་སྙན་དུ་(1385ལོར་)བརྒྱུད་དེ་འགྲོ་བ་ཀུན་གྱི་སྤྱི་དཔལ་དུ་བཀའ་རྒྱུད་གླེགས་བམ་གྱི་རྣམ་པར་ཡོངས་སུ་དར་བ་ཡིན།

  གནའ་བོའི་ཞང་ཞུང་རིག་གནས་དང་། ལྷག་པར་བོན་བསྟན་རྒྱུད་འཛིན་དང་བོན་གྱི་བཀའ་འགྱུར་ཤིང་བརྐོས་པར་འདེབས་ལ་ཕྱག་རྗེས་འཇོག་སའི་ཡུལ་གྲུ་ཆེན་མོ་སྟེ་ཞང་ཞུང་ཡུལ་གྱི་ཤར་སྣེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡུལ་ཁམས་སུ། དུས་རབས་བཅོ་བརྒྱད་མགོར་འཁྲུངས་པའི་རྒྱལ་དབང་རིག་འཛིན་ཀུན་གྲོལ་གྲགས་པས་རྒྱལ་རོང་བསྟན་འཛིན་གྱི་རྒྱལ་པོ་སྡེ་དྲུག་ལ་མཆོད་ཡོན་གྱི་འབྲེལ་བ་རིམ་པར་བྱུང་བའི་རྟེན་འབྲེལ་ངོ་མཚར་ཕུན་སུམ་ཚོགས་པ་ཤར་བ་དང་། ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་སྦྱིན་བདག་ཆེན་མོ་ཆུ་ཆེན་རབ་བརྟན་མི་དབང་ནམ་མཁའི་རྒྱལ་པོ་དང་། ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ནོར་བུ་རྣམ་གཉིས་སྔ་ཕྱིར་བོན་གྱི་བཀའ་འགྱུར་གཙོས་གསུང་རབ་མང་པོ་ཤིང་པར་དུ་བརྐོ་བཞེངས་མཛད་ནས། རབ་བརྟན་ཟངས་པར་མ་དང་ཁྲོ་སྐྱབས་ཤིང་པར་མ་ཞེས་བཀའ་རིན་པོ་ཆེའི་དཔར་བྱང་ལ་བཏབ་སྟེ་རྒྱལ་བསྟན་ལ་མཛད་རྗེས་བླ་མེད་བཞག་ཅིང་། དུས་ཀྱི་འཕོ་འགྱུར་ཁྲོད་ཞང་ཞུང་རིག་གནས་ལ་གཏོར་སྐྱོན་ཆེན་པོ་ཐེབས་ནས་སྔར་བཞུགས་ཤིང་པར་མར་ཆགས་འཇིག་གི་འཚུབ་རླུང་གཡུགས་ནའང་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དང་མདོ་དྲི་མེད་གཟི་བརྗིད་སོགས་གསུང་རབ་སྐོར་ཞིག་ལ། འབྱུང་བཞིའི་གནོད་སྐྱོན་གང་གིས་མ་གཙེས་པར་ད་ལྟ་འུ་ཅག་གི་མཐོང་ཡུལ་དུ་ལྷགས་ཡོད་པ་འདིའོ། །ད་ལན་པར་དུ་བསྐྲུན་པའི་ཁྲོ་སྐྱབས་ཤིང་པར་མ་《མདོ་དྲི་མེད་གཟི་བརྗིད་》འདིའི་པར་གཞིའི་ཞིབ་བསྡུར་དག་བྱེད་ཀྱི་ཐད་ལ། རིག་འཛིན་ཀུན་གྲོལ་གྲགས་པས་བརྡ་དང་ཚིག་དོན་གྱི་ཆ་ལ་འགོ་མཇུག་ཀུན་ཏུ་ཐོ་ཙམ་གཟིགས་ཤིང་། ཁྲོ་ཁྱུང་ནང་སོ་ནམ་མཁའ་དབང་ལྡན་དང་དགེ་བཤེས་མཁས་གྲུབ་ལྷ་དབང་གཡུང་དྲུང་གཉིས་ནས་དུམ་པ་རེ་ཟུང་ལ་གཟིགས་རྟོག་མཛད་པ། ཞིབ་པར་སྨོན་རྒྱལ་སངས་རྒྱས་རིན་ཆེན་དཔལ་བཟང་དང་། རྒྱལ་ནག་བླ་མ་ཤེས་རབ་གཡུང་དྲུང་། མདའ་མདོ་དབོན་པོ་གཡུང་དྲུང་རྒྱལ་མཚན་གསུམ་གྱིས་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ནས་ཤིང་བྱ་(1752~1765)བར་ཏེ་ལོ་ངོ་བཅུ་གསུམ་རིང་ལ། ཁྲོ་ཆེན་རྒྱལ་པོའི་བཞུགས་གནས་དྲུག་ཟུར་རྣམ་རྒྱལ་འབྲུག་མོ་རྫོང་དུ་ལེགས་གྲུབ་བྱུང་ཞིང་། སྐབས་དེའི་མ་དཔེ་དག་གསུམ་གྱི་ཐད་ནས་ཆད་ནོར་ལྷག་གསུམ་ཅི་རིགས་དང་ཁ་སྐོང་འཕྲི་བཅོས་ལན་མང་གནང་ཡོད་ཕྱིར། ལྷད་སྐྱོན་གྱི་དྲི་མས་གོས་མེད་པ་ཡང་དག་གི་ལམ་ནས་ངེས་པ་རྙེད་ཐུབ།

  ངེད་ཅག་གི་རྩོམ་སྒྲིག་བྱ་བའི་གོ་རིམ་ཁྲོད་ཆུ་ཆེན་རབ་བརྟན་པར་མའི་དྲི་མེད་གཟི་བརྗིད་མ་ཕྱི་ཆ་ཚང་ཞིག་ཕལ་ཆེར་བོད་ཁམས་སུ་ལྷག་མེད་རྐྱེན། ཁྲོ་སྐྱབས་དྲི་མེད་གཟི་བརྗིད་མ་ཕྱི་ཅན་པར་རྩར་བཟུང་སྟེ་ཁྲོ་སྐྱབས་ཤིང་པར་མའི་ཁྱད་བོན་འབུར་དུ་ཐོན་པར་བྱས་ཡོད་ལ། པར་རྐོས་ནོར་འཛོལ་མངོན་གསལ་ཡོད་རིགས་དང་ངེས་པར་བཟོ་བཅོས་བྱེད་དགོས་པའི་བརྐོས་ནོར་ཅན་རེ་གཉིས་ལས་གཞན་དག་ཁྲོ་སྐྱབས་ཤིང་པར་གྱི་ངོ་བོ་དང་མཁས་པའི་དགོངས་དོན་ལ་བརྩི་འཇོག་བྱས་ཏེ་མ་དཔེ་ཇི་བཞིན་དུ་ཐོན་པར་འབད་བརྩོན་བགྱིས་ཤིང་། ལེའུ་རེ་རེའི་དབུ་ཤོག་སྟེང་བཀོད་པའི་བར་བཅུག་ལྷ་སྐུའི་རི་མོ་དང་ཡིག་འབྲུ་མི་གསལ་བ་དག་གིས་ཕབ་འཇུག་གི་བྱ་བར་དཀའ་ཁག་མི་ཉུང་བ་ཞིག་འཕྲད་སྟབས། ད་ལྟ་ཁྲོ་སྐྱབས་ཤིང་པར་གྱི་པར་མའི་མ་ཕྱི་དངོས་ཉར་བའི་རྒྱལ་རོང་ཁྲོ་སྐྱབས་ཀྱི་མ་དགོན་མཚོ་སྟེང་ནོར་བུའི་གླིང་གི་ཁྲོ་ཁྱུང་ནང་སོའི་བླ་བྲང་དང་ཁམས་སྡེ་དགེ་རྫ་ཁོག་སོགས་སུ་བཙལ་འཚོལ་པར་བཤུས་བརྒྱབ་ནས་དོན་གནད་ཐག་གཅོད་བྱས་པ་དང་། ཞུས་སྒྲིག་གི་སྐབས་སུ་པར་སྐྱོན་དོགས་གཞི་ཡོད་རིགས་གཟི་བརྗིད་པར་མ་སྨོན་རྒྱལ་ལྷ་སྲས་ཅན་དང་། ཁྱུང་པོ་རྩེ་དྲུག་དགོན་གྱི་གཟི་བརྗིད་བྲིས་མ་སོགས་ཟུར་བརྒྱན་དུ་བཞག་ནས་གུག་རྟགས་( )འདིའི་ནང་གདམ་གའི་ཚུལ་དུ་བཀོད་ཡོད། ལྷག་པར་དུ་མཚུངས་བསྡུར་གྱི་ལས་རིམ་ཁྲོད་བོན་གྱི་གནའ་དཔེ་ཡིག་ཚང་ཆེན་མོར་ཐུན་མིན་གྱི་བརྡ་སྤྲོད་རིག་པའི་ཁྱད་བོན་རེ་སྣང་བས་ན། ང་ཚོས་བོན་གྱི་ཡིག་ཆ་དག་གི་བརྡ་སྤྲོད་བཞེད་སྟངས་ལ་ཁུངས་བཅོལ་ཏེ་མ་ཕྱི་ངོ་མའི་རྣམ་པ་སོར་བཞག་ཅི་ཐུབ་བྱས་ཡོད།

  རྒྱལ་རོང་ཁྲོ་སྐྱབས་ཤིང་པར་མའི་པར་རྩ་རྙིང་བ་འདི་མ་དཔེ་རུ་བཟུང་ནས་པར་སྐྲུན་བྱེད་དགོས་དོན་ནི། དཔེ་རྙིང་འདི་བོད་མདོ་དབུས་ཁམས་གསུམ་ནས་རྣམ་པ་མི་འདྲ་བ་ཅི་རིགས་ཀྱི་ལམ་ནས་བྲིས་མ་དང་པར་མ་སོགས་དཔེ་ཚད་རིང་ཐུང་ཅན་གྱི་གླེགས་བམ་མི་འདྲ་བ་རེ་འགའ་བཞུགས་ཀྱང་། ཁྲོ་སྐྱབས་ཤིང་པར་དངོས་ལ་དཔེ་བསྡུར་བགྱིས་ནས་པར་སྐྲུན་ཚད་ལྡན་ཞིག་ད་སྔ་ཕལ་ཆེར་ས་གནས་ཀུན་ནའང་བྱུང་མེད། འདི་ནི་གནའ་བོའི་བོན་ལུགས་ཀྱི་ངོ་བོ་དང་རྣམ་པ་མཚོན་པར་མ་ཟད། གནའ་བོའི་བོད་ཀྱི་རིན་ཐང་གི་ལྟ་ཚུལ། འཚོ་བའི་སྤྱོད་སྟངས། ཡུལ་སྲོལ་གོམས་གཤིས་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་ཡིག་རྩ་ཆེན་དུའང་སོང་ཡོད་སྟབས། བོད་རིག་པའི་མཁས་དབང་རྣམ་པས་གདེང་འཇོག་དང་ཞལ་བཞེས་མང་པོ་གནང་ཡོད་པ་མ་ཟད། བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་དང་ཉར་ཚགས། རིག་གནས་དར་སྤེལ་དང་རྒྱུད་འཛིན། ཞིབ་འཇུག་པར་དཔྱད་གཞིའི་ཡིག་ཆར་མཁོ་སྤྲོད་གནང་ཕྱིར་གཙོ་སྒྲིག་པའི་ལས་འདིར་ཞུགས་པ་ཡིན། མ་དཔེ་རྣམས་ཀྱི་ཡོངས་ཁུངས་བཙུན་པ་དང་། དོགས་གཞིའི་རིགས་ལ་བརྡར་ཤ་བཅད་པ། ཞིབ་བལྟས་ནན་མོས་དག་ཆ་གང་ལེགས་ཅི་ཐོན་བཅས་ཀྱི་ཁྱད་ཆོས་སུམ་ལྡན་ཅན་ཡིན་པས་ཀུན་གྱིས་དོ་སྣང་དང་ཐུགས་ཉམས་བཞེས་རྒྱུ་མཁྱེན།

  མཐར་མཛད་རྣམ་གྲགས་ཅན་འདིའི་སྔོན་དངོས་རྗེས་གསུམ་ལ་ཐུགས་ཁུར་དང་རོགས་རམ་གནང་བའི་གྲོགས་པོ་ལྷག་བསམ་ཅན་ཡོངས་དང་། ལྷག་པར་དུ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གྱི་རྒྱབ་སྐྱོར་གནང་བ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་འགོ་བརྗོད་ཀྱི་བཀའ་དྲིན་བསྩལ་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ངེད་རྩོམ་སྒྲིག་པར་སྐྱེས་ཐོབ་ཀྱི་ཤེས་རབ་དམན་ཞིང་ཤེས་རྟོགས་ཀྱི་ཆུ་ཚད་ཧ་ཅང་ཞན་པས་རྩོམ་སྒྲིག་གི་གོ་རིམ་ཁྲོད་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་སྲིད་པས། འགལ་འཁྲུལ་བྱུང་རིགས་རྩ་གསུམ་སྲུང་མའི་སྤྱན་སྔར་འཆགས་ཤིང་གཟུར་གནས་སྤྱན་ལྡན་རྣམས་ཀྱིས་ཡོ་བསྲང་དག་སེལ་ལྷུག་སྩོལ་གནང་བའི་རེ་བ་དང་། པར་སྐྲུན་གྱི་ལས་བགྱིས་པའི་དགེ་བའི་རྩ་བ་འདིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་གངས་ཅན་ལྗོངས་སུ་བཅུ་ཕྲག་རིག་གཞུང་གི་དཔལ་ཡོན་སྔར་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཞུ། །

ཞེས་གུས་པ་ཁྲི་བསོད་བསྟན་གྱིས་ཁྲི་ཀའི་བོན་པོ་གདོང་སྣ་ཀུན་བཟང་འོད་གསལ་གླིང་གི་ཉེ་ཟུར་དུ་བོད་རབ་རྒྱན་མེ་རྟ་སྟེ་སྤྱི་ལོ་༢༠༢༦ལོའི་ཟླ་བ་༦པའི་ཚེས་༡༥ཉིན།

གཙོ་སྒྲིག་པའི་ངོ་སྤྲོད་རགས་བསྡུས།

  གཙོ་སྒྲིག་པ་ཁྲི་བསོད་བསྟན་ནི། མདོ་སྨད་ཁྲི་ཀར་སྐྱེས། ཆུང་དུས་ནས་རིམ་གྱིས་སློབ་གྲྭར་འགྲིམས་ཤིང་མཁས་དབང་བོན་བརྒྱ་རིན་པོ་ཆེའི་མདུན་ནས་བོད་ཀྱི་རིག་གནས་སྤྱི་ལ་ཐོས་བསམ་བྱས། སྔ་གཞུག་ཏུ་བོད་ཀྱི་གཞུང་སྒེར་གཉིས་ཀའི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་བཞི་བཅུ་ལྷག་དང་དཔྱད་རྩོམ་སྣ་ཚོགས་སྤེལ་ཞོར་དུ་དབྱིན་ཡིག་ལ་ཡང་རང་རྐྱ་འཕེར་བར་སྦྱངས་པ་བྱས།

  རྩོམ་སྒྲིག་ལས་ཀའི་སྐོར།

  ཁོང་གིས་རྩོམ་སྒྲིག་ལས་ཀའི་སྐོར་དུ།ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཞེས་ལས་སྒྲུབ་ཁང་ཞིག་རང་གནས་སུ་བཙུགས་ཏེ་ཞང་བོད་ཤེས་རིག་དར་སྤེལ་དང་འབྲེལ་བའི་ཞིབ་འཇུག་གི་བྱ་ཡུལ་ཅི་རིགས་སྔོག་འདོན་གཅེས་སུ་བཟུང་ནས། གཡུང་དྲུང་བོན་གྱི་དཔྱད་བརྗོད་ལོ་དེབ《དཔྱོད་ལྡན་མཆོད་པའི་མེ་ཏོག》གི་གཙོ་སྒྲིག་པ་དང《ཧི་མ་ལ་ཡའི་བོན》དྲ་ཚིགས་ཀྱི་གཙོ་སྒྲུབ་པ་བྱས། དུས་ད་ལྟའི་བར་གཞུང་སྒེར་གྱི་དཔེ་དེབ་མང་པོ་ཞིག་དག་སྒྲིག་དང་བླངས་ཀྱིས《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》དང་། དཔྱད་རྩོམ་བདམས་བསྒྲིགས《བོན་བཤད་སྤྱི་རྒྱ་རླབས་གཅོད》། བོན་གྱི་ཡིག་ཚང་རྙིང་གྲས《སྲིད་པ་རྒྱུད་ཀྱི་ཁ་བྱང》། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》(1~10) 《བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ》(1~10) 《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》(1~12) 《མདོ་དྲི་མེད་གཟི་བརྗིད》(1~12)སོགས་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན་གྱི་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་གཙོ་འགན་བཞེས།

  གཞན་མཉམ་འབྲེལ་ལས་ཞུགས་ཀྱི་སྐོར་དུ། 《གངས་ཏི་སེ་བོན་གཞུང་རིག་མཛོད》(1~25)དཔེ་ཚོགས་ཀྱི་རྩོམ་སྒྲིག་པའི་ལས་ཀ་དང་། སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གཙོ་འགན་འོག་བསྒྲིགས་པའི《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》(1~10)ཞེས་པ་ངོ་བཤུ་དག་སྒྲིག བསོད་ལོ་ལགས་ཀྱིས་གཙོ་འགན་འོག《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》(1~20) 《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》(1~22) 《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》(1~3) 《རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ》(1~8)སོགས་ཀྱི་དག་སྒྲིག་གི་ལས་ཀར་ཞུགས།

  ལག་བསྟར་རྩོམ་སྒྲིག་གི་སྐོར་དུ།《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས》(1~17)དང་། 《མ་རྒྱུད་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གཟི་ཡི་དོ་ཤལ》《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ》(1~23)བཅས་དང་ལོ་རྒྱུས་དང་ཞིབ་འཇུག་སྐོར་གྱི་ཆེད་དེབ་དང་། དཔེ་ཚོགས། གསུང་འབུམ་སོགས་པར་སྐྲུན་རྩོམ་སྒྲིག་བྱས།

  རྒྱལ་སྤྱིའི་ཚོགས་འདུའི་སྐོར།

  2013ལོར་སོག་ཡུལ་དུ“རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་གསུམ་པར”ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་དང་། 2015ལོར“ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ”དང“སྐབས་གཉིས་པའི་བོད་ལྗོངས་ལྷ་སའི་རིག་གཞུང་དཔྱད་གླེང་ཚོགས་འདུ”བཅས་ལ་མཉམ་ཞུགས་གནང་། 2016ལོར་ནོར་ཝེ་པིར་ཀིན་དུ“རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་བཞི་པར”ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་བཅས་སོ། །

  ཆེད་ཞུ། ཉེ་ཆར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྟོན་པའི་རྣམ་ཐར་མཛད་རྣམ་རྒྱས་པ《མདོ་དྲི་མེད་གཟི་བརྗིད》(སྤུས་ལེགས)ཅེས་པར་ཁྱོན་བསྡོམས་པོད་བཅུ་གཉིས་བཞུགས། དཔེ་ཚོགས་སྤྱིའི་རིན་གོང་སྒོར880(མ་གོང)ཡིན་ལ། སྡེབ་ཉོ་བླུ་གཏོང་བར་འོས་འཚམ་གྱིས་རིན་གོང་ཕྱེད་གཅོག་བྱེད་འཆར་ཡོད་པས་མངགས་ཉོ་མཁན་དག་གིས་འབྲེལ་བ་བྱེད་རོགས།

  འབྲེལ་ཡུལ། གཟེར་མིག 156 0973 9205

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།