མཁན་པོ་ཨ་འཆི་མེད་རྣམ་རྒྱལ་གྱི་རྩོམ་དེབ་གཉིས་འགྲེམ་སྤེལ་གནང་བ།
[ཟླ་ཚེས། 2026-04-04 20:39:56][རྩོམ་པ་པོ། ཉག་གཡུ་འབྲུག་][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཤེས་ཡོན་གྱིས་འཚོ་བའི་དཔེ་ཆ་བ་ཞིག་གི་ཤེས་རབ་ཀྱི་ཉིང་བཅུད་ལས་ཐོན་པའི་དཔེ་དེབ་ཅིག་གི་མཚམས་སྦྱོར།


མཁན་པོ་ཨ་འཆི་མེད་རྣམ་རྒྱལ་ནི་སྤྱི་ལོ1978ལོར་ཁམས་ཉག་རོང་དུ་སྐྱེས། རང་ལོ་བཅུ་གཉིས་ནས་བཟུང་སློབ་གྲྭ་དང་སྒྲུབ་གྲྭ་བཤད་གྲྭ་སོགས་རིམ་པར་འགྲིམ་ནས་ཐོས་བསམ་སློབ་གཉེར་དང་འཆད་ཉན་སྒོམ་སྒྲུབ་སོགས་ཀྱི་སློབ་མཐར་ཕྱིན་ནས་རང་དགོན་ལ་ཁ་གཡུང་དྲུང་བསྟན་རྒྱས་གླིང་དུ་དགོན་གཞུང་གི་མཁན་པོ་དང་། ཉག་རོང་རྫོང་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་པ། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་ཆགས་ཡོད་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་དགེ་བཤེས་ཆེན་མོ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐར་ཕྱིན་རབ་འབྱམས་པ། ཁམས་ཉག་རོང་ནང་བསྟན་རིག་གཞུང་དར་སྤེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྒན་པ། མདོ་ཁམས་ཤར་རྫའི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཟུར་པ། གཡུང་དྲུང་བོན་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་རྐང་འཛིན་དགེ་རྒན་ཆེན་མོ་ཟུར་པ། ད་ལྟའི་ཆར་ལ་རང་དགོན་ལ་ཁ་གཡུང་དྲུང་བསྟན་རྒྱས་གླིང་གི་ལས་ཐོག་མཁན་པོ་སྟེ་ཡུལ་དགོན་ཟུང་གི་བསྟན་སྲིད་གཉིས་ལ་སྨན་པའི་མཛད་པ་སྐྱོང་བཞིན་ཡོད།

མཁན་པོ་ཨ་འཆི་མེད་རྣམ་རྒྱལ་ཁོང་མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས་དུས་ཐོག་ཆར་བཞིན་དུ་གཡུང་དྲུང་བོན་བྱ་བཏང་བཙུན་མའི་བཤད་སྒྲུབ་སློང་གླིང་དུ་རྐང་འཛིན་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་ནས་ཤེས་ཡོན་དང་དཔལ་འབྱོར་གཉིས་ཆ་ནས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་བར་མ་ཚད། ཁོང་གིས་སྐྱོང་མྱོང་བའི་སློབ་མ་རྣམས་ནི་སློབ་གླིང་དེའི་ཤེས་ཡོན་གྱི་མིག་དཔེ་ལྟ་ས་དང་འབྱུང་འགྱུར་གྱི་རེ་ལྟོས་བྱེད་ས་ཡིན། ཁོང་གིས་དཔེ་ཁྲིད་ཀྱི་ཉམས་མྱོང་དང་གཞུང་ལུགས་ཀྱི་གོ་བ་གཉིས་གཅིག་ཏུ་བསྲེས་ཏེ་ན་གཞོན་ཤེས་ཡོན་པ་དག་གི་ཤེས་རབ་ཀྱི་སྤྱན་ཟུང་ལ་ཆེས་མཛེས་པའི་ལེགས་སྐྱེས་ཏེ་ཚོན་མདོག་སྣ་ལྔ་ཡི་ཁ་དོག་སྡེབ་ནས་མཛེས་དཔྱོད་ཀྱི་རི་མོ་ཕབ་པའི་རྩོམ་ཆོས་དག་སྔར་གཞུག་ཏུ་ཁྱེད་རྣམས་ཀྱི་མདུན་དུ་བཤམས་ཟིན་པ་དེའོ།། དཔེ་ཆ་ལ་དགའ་བའི་མི་ཞིག་ལ་མཚོན་ན་ནམ་རྒྱུན་དཔེ་ཆ་ནི་བློ་གཏད་ཆོག་པའི་གྲོགས་པོ་ཞིག་དང་ཡིད་ཆེས་ཆོག་པའི་ནང་མི་ཞིག་དང་འདྲ་བར་སྐྱིད་སྡུག་གང་དུ་ཡང་སེམས་ཀྱི་གསང་བ་ཡོད་ཚད་སྦས་གསང་མེད་པ་གླེང་ཆོག་ས་ནི་དཔེ་ཆ་ཁ་ནའོ།།



དཔེ་ཆ་ནི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་པའི་མི་དེ་ནི་དཔེ་ཁྲིད་ཙམ་གྱིས་མ་ཚིམས་པ་རྒྱལ་བའི་གསུང་རབ་ཀྱི་དཀའ་གནད་ལ་ཉམས་ཞིབ་དང་དཔེ་ཀློག་ཙམ་གྱིས་མི་འདུག་པར་འཕགས་པའི་བསྟན་བཅོས་རྣམས་ལ་དཔྱད་པར་བཏང་ནས་དགེ་རྒན་དང་ཕ་མ་རྣམས་ལ་དྲིན་གཟོ་དང་རང་ཉིད་མི་ཡུལ་འདིར་འགྲིམ་པའི་ཟས་རིན་གྱི་དོད་དུ་མིང་ཚིག་དང་ཐ་སྙད་སྒུམ་སྟེ་ལེའུ་དང་བམ་བོ་བསགས་ནས་གྲུབ་པའི་གླེགས་བམ་གྱི་ཉིན་སྲུབ་ཀུན་ཏུ་གཏིང་ཟབ་པའི་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་སྤྱི་ཆིངས་དང་ཚད་མཐོ་བའི་བོན་གྱི་གཞི་ལམ་འབྲས་གསུམ་གྱི་བྱིན་རླབས་འབར་བའི《གཡུང་དྲུང་བོན་གྱི་ལྟ་གྲུབ》ཅེས་པའི་དཔེ་དེབ་འདི་འཚར་ལོངས་བྱུང་བ་ནི་དགའ་འོས་པའི་འཕྲིན་བཟང་ཞིག་ཏུ་ངེས་ཏེ། ང་ཚོ་དུས་རབས་འདིའི་བྱ་དངོས་ཀྱི་འཕེལ་རྒྱས་དང་རིག་གནས་ཀྱི་མཁའ་དབུགས་གཙང་མ་འདིའི་འོག་རྩ་བའི་རྨང་གཞི་ལ་སུ་ཡིས་བཅོས་སུ་མེད་ཀྱང་། དེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལམ་ནི་དེང་རབས་ཀྱི་ཚན་རིག་དང་ཅི་ཙམ་ཉེ་ན་དེ་ཙམ་གྱིས་ང་ཚོའི་ལྟ་གྲུབ་དེའང་མི་ཡོད་ཚད་ཀྱིས་དང་ལེན་ཐུབ་ཅིང་མི་ཡོད་ཚད་ལ་སྔར་ལས་ལྷག་པའི་ཕན་ཐོགས་ཡོད་པའི་ཁ་ཡོད་ལག་ཡོད་ཀྱི་རིག་གནས་ཤིག་ཏུ་གྱུར་ན་བསྟན་པ་འདི་ཉིད་ཡུན་རིང་དུ་གནས་པའི་མཐུན་རྐྱེན་རྨད་དུ་བྱུང་བ་ཞིག་གོ། གནད་དོན་འདིའི་རིགས་ལ་དགོངས་ནས་རྩོམ་པ་པོ་ཁོང་གིས་ཀྱང་མི་ལོ་གང་མང་རིང་གི་གཞུང་ལུགས་ལ་བལྟས་པའི་ཤེས་རབ་ཀྱིས་མཐོང་ཚད་སྨྱུག་རྩེར་དྲངས་པ་དང་གནས་ལུགས་ལ་བཞག་པའི་མྱོང་ཚོར་ཐམས་ཅད་སྣག་ཚ་རུ་བསྲེས་ཏེ་ཕབ་པའི་རི་མོའི་ཁ་དོག་རེ་རེ་ནི་ཤེས་ཡོན་པ་རྒན་པ་རྣམས་ལ་ཕུལ་བའི་ཤེས་རབ་ཀྱི་མཆོད་པ་ཞིག་དང་། ཤེས་ཡོན་པ་གཞོན་པ་རྣམས་ལ་ཤེས་རབ་ཀྱི་དབལ་སོ་བརྡར་བའི་རྟགས་གསལ་གྱི་སྒྲ་དབྱངས་ཤིག་གི་ང་རོ་ཡིན། ཤེས་ཡོན་གྱི་ཐང་ཆེན་ལ་གསར་དུ་ཞུགས་པའི་ན་གཞོན་སློབ་གཉེར་བ་རྣམས་ལ་ཤེས་རབ་ཀྱི་ཅང་ཤེས་ལ་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་བའི་ཀི་སྒྲའི་འབོད་སྐུལ་ཞིག་ཀྱང་ཡིན་ནོ།།



དགེ་བཤེས་སྦྱངས་ཀྱང་སློབ་གཉེར་དང་ཁ་འབྲལ་མེད་པའི་རྩོམ་པ་པོ་ཁོང་གིས་མི་ལོ་དེ་དག་གི་རིང་ལ་གཞུང་ལུགས་ཀྱི་དཀའ་གནད་སྐོར་ལ་བསམ་བློ་བཏང་བའི་དཔེ་དེབ་འདི། ཁྱེད་ཤེས་ཡོན་པའི་སྡེ་ཁར་སྤྱན་འབུལ་ཞིག་ཐུབ་པ་དེའང་བསོད་ནམས་ཀྱི་ཚོགས་སུ་སྒོམ་ཡོད། མཁན་པོར་གྱུར་ཀྱང་འཇིག་རྟེན་དུ་ལག་པ་མ་བསྲིང་པའི་རྩོམ་པ་པོ་ཁོང་གིས་མི་ལོ་དེ་དག་གི་རིང་ལ་བོན་གྱི་ལྟ་གྲུབ་སྐོར་ལ་དཔྱད་པར་བཏང་བའི་དཔེ་དེབ་འདི་ཁྱེད་སློབ་གཉེར་བའི་སྡེ་ཁར་འགྲེམ་སྤེལ་ཐུབ་པ་དེའང་གཟི་བརྗིད་ཅིག་དང་ང་རྒྱལ་ཞིག་ཏུ་སྒོམ་ཡོད། བོད་ཡིག་གི་ལམ་ནས་བྲིས་པའི《གཡུང་དྲུང་བོན་གྱི་ལྟ་གྲུབ》དེ 世界联合出版社འཛམ་གླིང་མཉམ་འབྲེལ་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་པ་དང་།《གཡུང་དྲུང་བོན་གྱི་ལྟ་གྲུབ》རྒྱ་འགྱུར་མ་དེ། 中国青年出版社ཀྲུང་གོའི་གཞོན་ནུ་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་པའོ།། ད་ལན་གྱི་དཔར་དུ་སྐྲུན་པའི་དཔེ་དེབ་འདིས་གཡུང་དྲུང་བོན་གྱི་ལྟ་གྲུབ་སྐོར་ལ་ཞིབ་འཇུག་དང་དད་པ་བྱེད་མཁན་གྱི་མི་རིགས་གཞན་གྱི་རིག་གནས་ཀྱི་ལྡིངས་ཆ་ཆེན་པོ་ཞིག་གི་སྟོང་ཆ་བསྐངས་ཡོད་པ་སྟེ་ང་ཚོའི་གྲུབ་མཐའ་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་བསམ་པའི་རྒྱ་རིགས་མང་པོ་ཞིག་ལ་དཀའ་ཁག་ཅིག་ཡོད་པ་ནི་བོད་ཡིག་མི་ཤེས་པ་དེ་རེད། དེའི་ཕྱིར་རྒྱ་ཡིག་ལམ་ནས་གཡུང་དྲུང་བོན་གྱི་ལྟ་གྲུབ་སྐོར་གྱི་དཔེ་དེབ་གང་མང་ཞིག་དཔར་སྐྲུན་འགྲེམ་སྤེལ་ཐུབ་ན་དཀའ་ཁག་མང་པོ་ཞིག་སེལ་བར་མ་ཚད་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལའང་མཛད་རྗེས་བླ་ན་མེད་པ་ཞིག་བཞག་པ་རེད། རྩོམ་པ་པོ་ཁོང་གིས་ཤེས་རབ་ཀྱི་བདེན་པར་བདར་བའི་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་འདིས་ཀློག་པ་པོ་ཡོངས་ལ་སྔར་མེད་ཀྱི་ཤེས་རབ་གསར་པ་ཞིག་གི་དངོས་གྲུབ་བསྩལ་བའི་སྨོན་འདུན་དང་བཅས་རེ་ཞིག་སྐད་ཆ་ཡི་མཇུག་གྲུབ་པའོ།།
ལྕགས་མདུད་ཉག་བློན་ཚང་གི་ཁྱིམ་དུ་རྩོམ་པ་པོ་དང་གློ་བ་ཉེ་བའི་པིར་མིང་ལ་ཉག་གཡུ་འབྲུག་ཏུ་འབོད་པ་དེས་བྲིས།
