སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་སྐྱང་སྤྲུལ་ལུང་རྟོགས་རྒྱ་མཚོ་གཉིས་ཀྱི་གསུང་འབུམ་པར་སྐྲུན་བྱས་པ།
[ཟླ་ཚེས། 2025-10-29 10:24:29][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་སྐྱང་སྤྲུལ་ལུང་རྟོགས་རྒྱ་མཚོ་གཉིས་ཀྱི་《བཀའ་འབུམ་རིན་ཆེན་གཏེར་གྱི་བང་མཛོད་》ཅེས་པ་པར་སྐྲུན་ལེགས་འགྲུབ་བྱུང་བ།
དེ་ཡང་《མཛད་པ་དྲུག་ཅུའི་མདོ》ལས། གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་།། མ་འོངས་འགྲོ་ཀུན་ཐར་པར་འདྲེན་པའི་དཔལ།། གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།། དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན།། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས།། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར།། ཞེས་དང་། 《གབ་པ》ལས། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན།། མུན་པའི་མཛུབ་ཡུག་དེས་ཀྱང་བརྡ་མི་འཕྲོད།། ཅེས་དང་། 《ལེགས་བཤད་ལྷ་ཆབ་འཁྱིལ་བ》ལས། བསྟན་པའི་སྙིང་པོ་ལུང་རྟོགས་བདག་ཉིད་ཅན།། འཆད་ཉན་ཟབ་མོའི་སྒྲ་ཙམ་ཐོས་པས་ཀྱང་།། གདུལ་བྱར་ཐར་བའི་ས་བོན་ཐེབས་ངེས་ན།། སྐྱོབ་པ་བླ་མེད་བོན་ཞེས་ཅིས་མི་བསྔགས།། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་ཕན་བདེ་སྩོལ་བའི་གཞི་མ་དཀོན་མཆོག་རིན་ཆེན་རྣམ་གསུམ་ལས། བོན་དཀོན་མཆོག་ནི། བཀའ་རྒྱ་ཆེ་བ། ལུང་གྲངས་མང་བ། མདོ་འབུམ་རྒྱུད་མཛོད་དང་ཐེག་པ་རིམ་དགུ་སོགས་ལུང་གི་བོན་ལ་བཀའ་དང་བཀའ་བརྟེན་མཐའ་ཡས་པ་ཞིག་བཞུགས་པ་ལས། འདི་ན་མདོ་སྨད་འཕན་ཆུའི་སྐྱང་མདའ་ཆེན་དགོན་གྱི་གདན་རབས་ཉེར་བཞི་བ་མཁས་ཤིང་གྲུབ་པའི་བདག་ཉིད་སྐྱང་སྟོན་རྒྱལ་བའི་དབང་པོ་མུ་ལ་ཝེར་ཞིའམ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་(༡༧༧༠-༡༨༣༣)མཆོག་དང་། གདན་རབས་སུམ་ཅུ་བ་སྐྱང་སྤྲུལ་མཁས་གྲུབ་ལུང་རྟོགས་བསྐལ་བཟང་རྒྱ་མཚོ་(༡༩༢༢-༡༩༥༧)རྣམ་གཉིས་ལ་བཀའ་བརྟེན་རྩོམ་པའི་ཚད་ལྡན་གྱི་ཡོན་ཏན་ལྔ་དང་ལྡན་ཏེ། ཤེས་རབ་ཀྱི་རྩལ་རྫོགས་པ། ཚིག་དོན་ལ་དབང་འབྱོར་བ། མངོན་པར་ཤེས་པ་མངའ་བ། གཞན་དོན་གྱི་སེམས་བསྐྱེད་དང་ལྡན་པ། གོང་མའི་ལུང་བསྟན་ཐོབ་པའི་ཚུལ་བཅས་རྣམ་ཐར་ལས་གསལ་བ་ལྟར་ཡིན་ལ། དེར་མ་ཟད་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་ཞལ་ནས། འཇིག་རྟེན་ཡོན་ཏན་མཁན་ལྟར་གཞན་མཐོང་རང་སྒྲིབ་ཀྱི་སྐྱོན་རྩོམ་པ་ལ་འཇུག་པ། འདབ་ཆགས་གྱ་གྱུ་ལྟར་སྟོང་མགྱོགས་གནས་ཆོད་ཀྱི་སྐྱོན་རྩོད་པ་ལ་འཇུག་པ། སྨྲ་མཁན་ནེ་ཙོ་ལྟར་གཞན་མཚར་རང་དོན་སྟོར་བའི་སྐྱོན་འཆད་པ་ལ་འཇུག་པ་གསུམ་དོར་ནས། ཞེས་གསུངས་པ་བཞིན་དམ་པ་རྣམ་གཉིས་ཀྱིས་མཛད་པའི་བཀའ་བརྟེན་རྣམས་དཔྱད་པ་གསུམ་གྱིས་དག་ཅིང་། ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་བོན་ཐེག་པ་རིམ་དགུའི་བབས་དང་བསྟུན་པའི་བཀའ་འབུམ་པོད་ཆེན་བཅུ་དྲུག་གི་བདག་ཉིད་ཅན་འདི་ནི། བརྡ་དག་ཅིང་ཚིག་གསལ་བ། དོན་ཟབ་ཅིང་རྟོགས་སླ་བ་བཅས་ཀྱི་ངོ་མཚར་ཁྱད་བོན་དུ་མ་དང་ལྡན་པར་འདུག་གཤིས། སྤྱིར་ཁ་བ་གངས་ཅན་པའི་རིག་གཞུང་དར་སྤེལ་དང་། སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ་ཆེད་དང། རྗེས་རབས་དད་ལྡན་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་དམིགས་ནས། ངེད་སྐྱང་མདའ་ཆེན་དགོན་དཔེ་མཛོད་ཁང་ནས་མི་ལོ་བཅུ་ཕྲག་གི་རིང་ལ་ཕྱོགས་ཡས་མས་ནས་མ་ཕྱི་འཚོལ་བསྡུད་དང་དག་བསྒྲིག་གི་བྱ་བ་ཟིན་མཚམས་ཏེ། ད་ལན་《བཀའ་འབུམ་རིན་ཆེན་གཏེར་གྱི་བང་མཛོད་》དེ་བཀའ་བརྟེན་གླེགས་བམ་བཅུ་དྲུག་གི་བདག་ཉིད་འདི་དཔར་དུ་བསྐྲུན་པ་ལགས་སོ།།

༄༅།། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་བཀའ་འབུམ་བཞུགས་སོ།།
1.སྣང་གསལ་ཡེ་ཤེས་རིག་པའི་མོ་དང་ཇུ་ཐིག་ཆ་ལག་གི་སྐོར། (ཀ)
2.ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མའི་གཞུང་གི་སྐོར། (ཁ)
3.རྣམ་ཐར་དང་བོན་སྤྱོད་བསྟན་རྩིས་སོགས་ཀྱི་སྐོར། (ག)
4..ཀླུ་ཡི་མཆོད་ཐབས་དང་འབར་མ་ཐབས་ལམ་བཤགས་པའི་སྐོར། (ང)
5.བོན་སྐྱོང་གི་མཆོད་གཞུང་དང་ཆ་ལག་ཁྱུང་དམར་སྒྲུབ་སྐོར། (ཅ)
6.སྐྱབས་སེམས་གསོལ་འདེབས་དང་བྱང་ཆོག་གི་སྐོར། (ཆ)
7.ཟིན་རིས་དང་ཕྱག་བཞེས་ཆ་ལག་སོགས་ཀྱི་སྐོར། (ཇ)
8.རྟེན་གཏོར་བཅའ་ཐབས་དང་ཀུན་རིག་སྦྱིན་སྲེག་གི་སྐོར། (ཉ)
9.མ་མོ་མཁའ་འགྲོ་སྤྱི་འདུལ་གྱི་སྒྲུབ་སྐོར། (ཏ)
10.མཁའ་འགྲོ་སྤྱི་དྲིལ་སྐལ་བཟང་རིགས་ལྔའི་གསང་སྒྲུབ་སྐོར། (ཐ)
11.གསང་སྔགས་ཡི་དམ་ཀུན་འདུས་ཆེན་མོའི་སྒྲུབ་སྐོར། (ད)
12.རྩ་གསུམ་མཆོག་སྒྲུབ་དང་བསང་ལྔ་སོགས་ཀྱི་སྐོར། (ན)
13.མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་ཐབས་དང་རི་འགྲིམ་ལག་ལེན་སྐོར། (པ)
14.མན་ངག་ཉམས་མྱོང་ཞལ་གདམས་ཀྱི་སྐོར། (ཨ)

༄༅། །སྐྱང་སྤྲུལ་མཁས་གྲུབ་ལུང་རྟོགས་བསྐལ་བཟང་རྒྱ་མཚོ་མཆོག་གི་གསུང་འབུམ་བཞུགས་སོ།།
15. སྐྱང་སྤྲུལ་བླ་སྒྲུབ་སོགས་འདོན་ཆོག་གི་སྐོར། (སྟོད་ཆ)
16. དག་ཡིག་ལྷ་ཆབ་འཁྱིལ་བ་སོགས་ཐ་སྙད་རིག་གནས་ཀྱི་སྐོར། (སྨད་ཆ)
དེ་ལྟར་བཀའ་འབུམ་རིན་པོ་ཆེ་འདི་ཉིད། གནའ་དེང་ཤེས་རིག་གི་དོན་ལ་མཁྱེན་དཔྱོད་ཀྱི་འཇུག་པ་ཡངས་པའི་ཞིབ་འཇུག་པ། སློབ་པ་དོན་དུ་གཉེར་ཞིང་བརྩོན་འགྲུས་ཀྱི་གོམ་སྟབས་མྱུར་བའི་སློབ་གཉེར་བ་སོགས་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་དང་། བསྙེན་སྒྲུབ་ཉམས་ལེན། གསོན་ལ་སྐུ་རིམ་དང་གཤིན་པོའི་འདྲེན་ཆོག་ལ་འབད་པའི་བོན་གཤེན་དག་དང་། དད་དམ་གཙང་མས་དཀོན་མཆོག་ལ་ཡིད་རྟོན་བྱེད་པའི་དད་ལྡན་མང་ཚོགས་རྣམ་པ་བཅས་ཕྱོགས་སོ་སོ་ནས་དུས་ལྟར་མངགས་བླུ་གནང་བར་དགའ་བ་འབུམ་གྱིས་བསུ།
བླུ་ཡོན། དམངས་སྒོར་དགུ་བརྒྱ། (ས་གནས་གང་སར་སྐུར་ཐུབ། སྐུར་གླ་བླུ་མཁན་གྱིས་འགན་ཁུར་དགོས།)
འབྲེལ་གཏུག་ཁ་པར། 18011263655 13909044343

