ཤེས་བྱ་རིག་པའི་རྒྱ་མཚོ་ལ་འཇུག་པར་འདོད་པའི་དཔེ་ཀློག་པ་ཞིག་ལ་མཚོན་ན། དཔེ་དེབ་ནི་སྐོམ་པ་སེལ་བའི་ཆུ་དང་ལྟོགས་པ་བཅོམ་པའི་ལོ་ཏོག་བཞིན་རེ་བ་དང་འཚོལ་སྙེག་གིས་གྲུབ་པར་བྱས་ཡོད་ཅིང་། ལྷག་པར་དུ་གནའ་བོའི་དཔེ་དཀོན་དག་ནི་ཤེས་བྱ་རིག་པའི་ནོར་བུ་ལྟ་བུ་ཆགས་ཡོད་ཕྱིར། དཔེ་དེབ་མང་དུ་སྤེལ་རྒྱུ་འདིའང་གཞན་ལ་ནུས་ཚོད་ཀྱིས་རོགས་རམ་ཞིག་ཏུ་སྒོམ་པའི་དམིགས་ཡུལ་མ་དོར་བའི་ཐོག་ནས་ད་ལན་ཞུ་སྟོན་ཡོན་ཏན་རྒྱ་མཚོ་མཆོག་གི་ཐུགས་བཀོད་བླ་ན་མེད་པའི་ལམ་སྟོན་འོག་ང་ཚོས་ཡུན་རིང་ཞིག་ལ་དཀའ་སྡུག་གི་དུས་ཚོད་སྤྱད་པའི་གྲུབ་འབྲས་སུ་མཁས་མཆོག«སངས་རྒྱས་ཞུ་ཆེན་གྱི་གསུང་འབུམ»དཔར་སྐྲུན་ལེགས་པར་གྲུབ་ཡོད། མཁས་གྲུབ་འདི་ནི་སྤྱི་ལོ༡༡༢༣ལོར་སྐུ་འཁྲུངས་ཤིང་དབང་ལྡན་བསྟན་པའི་བསྟི་གནས་རི་ཞིང་དུ་བོན་གྱི་མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་འཕངས་མེད་དུ་མཛད་ཡོད་ཅིང་ཡོག་ཐང་ཀ་སྟེགས་ཁ་ནས་བཤད་སྒྲུབ་ཀྱི་བསྟན་པའི་དབུ་བཙུགས། མཁས་གྲུབ་ཀྱི་སློབ་མང་དུ་བྱུང་། མཐར་སྤྱི་ལོ༡༡༦༣ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

འདིར་ཁོང་གི་གསུང་རབ་རྩ་ཆེན་དག་བཞུགས་ཏེ། མཛོད་ཏྲིག་ཅེས་པ་སྲིད་པའི་མཛོད་གནས་བཅུ་བདུན་ལ་འགྲེལ་དུ་བཏབ་པའི་མཛོད་ཕུགས་ཡིན་ཅིང་ཕྱི་དར་ཁྲོད་ནས་མཛོད་ཕུགས་སྔ་ཤོས་ཡིན་ཞེས་བཤད་ན་ཆོག མཚན་དངོས་ལ་«མཛོད་ཏྲིག་ལེགས་བཤད་གཏེར་མཛོད་གསལ་བའི་སྒྲོན་མ»ཞེས་བཏགས་ན་ཧ་ཅང་འཚམས་པ་ནི་མཇུག་བྱང་དུ་གསལ། འདིའི་མ་དཔེ་ནི་སྨན་རི་ནས་དཔར་སྐྲུན་ཞུས་པ་ཇི་བཞིན་ལས་གཞན་མ་ཡིག་བསྡུར་ས་མ་རྙེད་ལ་ཤད་ཚེག་མ་གཏོགས་སོར་བཞག་བྱས་ཡོད། རིན་ཆེན་སྤྱི་སྤུངས་གསལ་བའི་སྒྲོན་མ་ཡང་སྔོན་གྱི་ཞུ་ཚང་གསུང་འབུམ་ནང་གི་དེ་དང་མི་འདྲ་བར་སྟེང་ཆེན་དགོན་གྱི་མ་དཔེ་དང་བསྡུར་བ་བྱས་ནས་ཆད་པ་ཁ་བསབ་བྱུང་ཡོད་ཅིང་དཔེ་རྙིང་ཇི་བཞིན་ཡིག་གཏགས་བྱས་ཡོད་པས་ཆེས་རིན་བྲལ་གྱི་ནོར་བུ་ཞིག་ཡིན། གབ་འགྲེལ་དང་གཟུངས་མཆོག་སོགས་ཁོང་གི་གསུང་འབུམ་འཐུས་ཚང་ཅན་དུ་ཡོང་བར་འབད་བརྩོན་གང་ལེགས་ཞུས་ཡོད།

དེ་སྔར་ཁོང་གི་གསུང་འབུམ་འགྲེམ་སྤེལ་ཐུབ་མེད་ཅིང་འདི་ནི་སངས་རྒྱས་ཞུ་ཆེན་གྱི་གསུང་འབུམ་ཐོག་མ་དེ་ཡིན་སྟབས་ཀློག་པ་པོ་ཀུན་ལ་མཁོ་གལ་ཆེན་པོ་བྱུང་ཡོད། ལྷག་དོན་དུ་མཛོད་ཏྲིག་ལྟ་བུ་ནི་དགོན་སྡེའི་སློབ་གླིང་ཀུན་ལ་ཆེས་མཁོ་ཉག་ཆེ་བའི་གསུང་རབ་ཅིག་ཡིན་ལ་བོན་གྱི་མཛོད་ཕུགས་འགྲེལ་སྟངས་དམིགས་བསལ་བ་ཞིག་ཡིན་པས་འགྲེལ་བརྗོད་མ་ཐུབ་བའི་གནད་མང་པོ་ཞིག་ཁ་སྐོང་ཐུབ་པའི་ཡིད་ཆེས་ཡོད། ད་སྔར་སྤྱི་ཚོགས་སུ་དར་ཁྱབ་བྱུང་མེད་པས་རིན་ཐང་ཧ་ཅང་ཆེ། དེབ་གྲངས་ཀྱང་གཉིས་སུ་དབྱེ་ཆོག་ནའང་ཀློག་པ་པོའི་གཟིགས་སྟབས་བདེ་བའི་ཆེད་དང་རང་གཞན་ཀུན་ལ་འཁྱེར་བདེ་ཡོང་ཆེད་ཤོག་ངོས་བདུན་བརྒྱ་ལྷག་གིས་གྲུབ་པའི་རྒན་གཅིག་བཞུགས་སུ་གསོལ་ཡོད། དཔར་སྟངས་ཀྱང་སྤུས་ལེགས་ཀོ་བ་ཅན་དང་དཀྱུས་མ་འབུར་དོད་ཅན་བཅས་སྣ་ཁ་གཉིས་བཟོས་ཏེ་ཕྱོགས་སོ་སོའི་སློབ་གླིང་དང་དགོན་སྡེ་ཁག་ལ་འགྲེམ་བཞིན་ཡོད།
མ་འོངས་པར་འདི་དང་འདི་ལྟ་བུའི་དཔེ་དཀོན་དག་ཀློག་པ་པོའི་སྤྱན་ལམ་ལ་འབུལ་ཐུབ་ཚེ་རིན་ཐང་གཞལ་དུ་མེད་པ་ཡིན་ཅིང་དེ་ལྟར་ལས་ལ་སེམས་ཤུགས་སྣོན་རྒྱུའི་འདུན་པའང་ཡོད།
ཞུ་གཡས་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ནས།
སྤྱི་ལོ2025ལོའི་སྤྱི་ཟླ5པའི་ཚེས17ཉིན་སྤེལ།