

ཉེ་ཆར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔར་སྐྲུན་གནང་བའི་ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་ཕྲེང་ང་གསུམ་པ《ཕར་ཕྱིན་ཡན་ལག་གཅེས་བཏུས》ཀྱི་དཔེ་གཞུང་འདི་ནི། སྣང་ཞིག་ཁྲི་ཆེན་རིན་པོ་ཆེ་སྣང་སྟོན་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག་ནས་སྒྲིག་མཛད་གནང་བ་ཞིག་ཡིན་ཞིང་། དེབ་འདིའི་ནང་དུ་རྟེན་འབྲེལ་གྱི་རྣམ་བཤད་སྣང་བའི་འཁོར་ལོ་དང་། སྙོམས་འཇུག་གི་རྣམ་བཤད་བདུད་རྩིའི་ཟིལ་ཐིགས། ཞུགས་འབྲས་ཀྱི་རྣམ་བཤད་གསལ་བའི་ཉི་འོད་བཅས་ཕར་ཕྱིན་གྱི་ཡན་ལག་མི་འདྲ་བའི་གཞུང་གནད་གསུམ་དུ་བཞུགས་ལ། མིག་སྔར་མཇལ་ཡུལ་དུ་སྣང་བའི་སངས་རྒྱས་ཀྱི་བཀའ་དང་རང་གཞུང་སྔ་རབས་པའི་བཀའ་བརྟེན་ཁག་གང་དུའང་། ཕར་ཕྱིན་གྱི་ཡན་ལག་རྟེན་འབྲེལ་དང་། སྙོམས་འཇུག་དང་། ཞུགས་འབྲས་ཀྱི་སྐོར་ནི་བསྡུས་དོན་ཙམ་ལས་རྒྱས་སྤྲོས་ཀྱི་རྣམ་བཞག་ཤིན་ཏུ་དཀོན་པར་སྣང་། མ་ཟད་དུས་ཕྱིས་སུ་བྱུང་བའི་མཁས་པའི་ལེགས་རྩོམ་ཁྲོད་ལའང་ཁྲིད་གཞི་འོས་པ་དེ་དག་གི་སྐོར་ཡང་ཧ་ཅང་ཉུང་ལ། འགའ་རེ་ཆ་མ་ཚང་བ་དང་། འགའ་རེ་བསྡུས་དྲགས་པ་དང་། འགའ་རེ་གོ་དཀའ་བ་དང་། འགའ་རེ་ལ་གཞན་སྡེས་ཤུགས་རྐྱེན་ཆེ་སྟབས། ད་ཐེངས་སྣང་ཞིག་ཁྲི་ཆེན་རིན་པོ་ཆེ་ཁོང་གིས་སྟོན་པ་སངས་རྒྱས་ཀྱི་ཐེག་འགྲེལ་མེ་ལོང་དགུ་སྐོར་དང་། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྩ་རྒྱུད་ཉི་ཟེར་སྒྲོན་མ། མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ། མེ་སྟོན་ཆེན་པོའི་ལམ་རིམ་སུམ་བརྒྱ་བ། འགྲོ་མགོན་མཛོད་འགྲེལ་དང་ས་ལམ། སྒ་སྟོན་མཛོད་འགྲེལ་དང་ཐེག་འགྲེལ་དང་གཞི་ལམ་འབྲས་བུའི་རང་འགྲེལ། མཁས་མཆོག་སྐྱབས་སྟོན་གྱི་རྣམ་རྒྱལ་བཤགས་འགྲེལ། རྗེ་མཉམ་མེད་ཆེན་པོའི་མཛོད་འགྲེལ་དང་ས་ལམ། ཤེར་ཕྱིན་སྐབས་བཞི་བ་དང་དྲུག་པ་བདུན་པ་བཅས་བོན་རང་གཞུང་ཁུངས་ལྡན་དག་གི་ཚིག་དོན་གྱི་དགོངས་པ་ཕུན་སུམ་ཚོགས་ཤིང་འཐུས་སྒོ་ཚང་བ་ཞིག་གཅེས་བཏུས་གནང་སྟེ། བོད་མདོ་དབུས་ཁམས་གསུམ་གྱི་སློབ་མ་རིག་ལྡན་དོན་གཉེར་ཅན་རྣམས་ལ་ཉེ་བར་མཁོ་བའི་ཐུགས་དགོངས་བཞེས་ནས་ལེགས་སྒྲིག་མཛད་པའི་དཔེ་དེབ་ཞིག་ཏུའོ། །
གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས།
སྤྱི་ལོ ༢༠༢༥ ཟླ ༣ ཚེས ༦ ཉིན།