《གཡུང་དྲུང་བོན་གྱི་བཀའ་འགྱུར་ཀུན་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2025-02-20 23:22:04][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《གཡུང་དྲུང་བོན་གྱི་བཀའ་འགྱུར་ཀུན་གསལ་འཕྲུལ་གྱི་མེ་ལོང》(པོད1~6)ཞེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་སེང་སྤྲུལ་རིག་འཛིན་ཉི་མ་བདག་གཉིས་ཀྱིས་བརྩམས་པའི《གཡུང་དྲུང་བོན་གྱི་བཀའ་འགྱུར་ཀུན་གསལ་འཕྲུལ་གྱི་མེ་ལོང》ཞེས་བྱ་བའི་བརྗོད་བྱ་གཙོ་བོ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཉིས་མཉམ་འབྲེལ་གྱི་སྒོ་ནས་པར་དུ་བསྐྲུན་པའི《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཞེས་བྱ་བ་འདི་ཉིད་ཡིན་ལ། དེ་ཡང་། སྔོན་བྱོན་མཁས་གྲུབ་མང་པོས་རྒྱལ་བའི་བཀའ་ལ་དཀར་ཆག་རིགས་མང་པོ་བཏབ་པ་སོགས་ཀྱི་ལེགས་ཆ་དང་དུ་ལེན་ཅི་ཐུབ་བྱས་པ་ལ་བསྟེན་ནས《གཡུང་དྲུང་བོན་གྱི་བཀའ་འགྱུར་ཀུན་གསལ་འཕྲུལ་གྱི་མེ་ལོང》ཞེས་བྱ་བ་དེབ་དྲུག་བདག་ཉིད་ཅན་འདི་ཀོ་གྲུབ་པ་ཡིན། དེ་ཡང་དེབ་དང་པོ《བཀའ་འགྱུར་ལོ་རྒྱུས》ཞེས་པའི་ནང་དུ་སྐབས་བཅོ་ལྔ་བསྟན་ཏེ། སྐབས་དང་པོ། རྒྱལ་བའི་བཀའ་གསུངས་པའི་གནས་སྣོད་བཅུད་ཆགས་ཚུལ་བསྟན་པ། སྐབས་གཉིས་པ། རྒྱལ་བའི་བཀའ་གསུང་པ་པོ་དུས་གསུམ་སྟོན་པ་བྱོན་ཚུལ། སྐབས་གསུམ་པ། རྒྱལ་བའི་བཀའ་འཆད་གཞི་བོན་དང་གཡུང་དྲུང་བོན་གྱི་སྐོར་བསྟན་པ། སྐབས་བཞི་པ། རྒྱལ་བའི་བཀའ་རིན་པོ་ཆེ་ཇི་ལྟར་བྱུང་ཚུལ། སྐབས་ལྔ་པ། བཀའ་ཡི་གཉེར་གཏད་དང་བཀའ་སྡུད་ཇི་ལྟར་བྱུང་ཚུལ་བསྟན་པ། སྐབས་དྲུག་པ། རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་རྣམ་བཞག། སྐབས་བདུན་པ། རྒྱལ་བའི་བཀའ་འཛམ་གླིང་ཡུལ་གྲུར་དར་ཚུལ། སྐབས་བརྒྱད་པ། བོད་གངས་ཅན་ལྗོངས་སུ་རྒྱལ་བའི་བཀའ་དར་ཚུལ། སྐབས་དགུ་པ། རྒྱལ་བའི་བཀའ་བོད་ཡུལ་དུ་སྔ་ཕྱི་བར་གསུམ་དར་ཚུལ། སྐབས་བཅུ་པ། རྒྱལ་བའི་བཀའ་ལ་བཀའ་མ་སྙན་རྒྱུད་གཏེར་མ་གསུམ་དུ་དབྱེ་བ་བསྟན་པ། སྐབས་བཅུ་གཅིག་པ། མདོ་དབུས་ཁམས་གསུམ་དུ་རྒྱལ་བའི་བཀའ་བྱུང་ཚུལ་སྐོར། སྐབས་བཅུ་གཉིས་པ། རྒྱལ་བའི་བཀའ་འགྱུར་དར་སྤེལ་སྐོར་བསྟན་པ། སྐབས་བཅུ་གསུམ་པ། བྱེ་བྲག《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》དཔེ་སྡུར་མའི་སྐོར་རྒྱས་པར་བསྟན་པ། སྐབས་བཅུ་བཞི་པ། རྒྱལ་བའི་བཀའ་འགྱུར་གྱི་དཀར་ཆག་བྱུང་རིམ་སྐོར། སྐབས་བཅོ་ལྔ་པ། རྒྱལ་བའི་གསུང་རབ་དག་བཞེངས་བྱས་པའི་དགེ་བའི་ཕན་ཡོན་སྐོར་བཤད་ཡོད།
《བཀའ་འགྱུར་བསྡུས་དོན》ཞེས་པའི་དེབ་ཕྱི་མ་ལྔའི་ནང་དུ་སྐབས་གསུམ་བསྟན་ཏེ། སྐབས་དང་པོ། རྒྱལ་བའི་བཀའ་རིན་པོ་ཆེའི་བསྡུས་དོན་བསྟན་པའི་ནང་ཚན་ལ་ཕུན་སུམ་ཚོགས་པ་མདོ་ཡི་སྡེ་དང་། རྣམ་དག་རྒྱས་པ་འབུམ་གྱི་སྡེ་དང་། ཟབ་ལམ་གསང་སྔགས་རྒྱུད་ཀྱི་སྡེ་དང་། བླ་མེད་སེམས་ཕྱོགས་མཛོད་ཀྱི་སྡེ་དང་བཞི་བསྟན་པའི《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཞེས་པའི་དེབ་བརྒྱ་དང་བརྒྱད་པོ་རེ་རེ་ལ་ལེ་ཚན་ཅི་ཡོད་དང་། ལེའུ་དང་། བམ་པོ། ས་བཅད། ཕྱག་རྒྱ། ཡན་ལག་བཅས་ལ་ལྡེབ་གྲངས་ཨང་ཀི་བྲིས་ཡོད། ལེ་ཚན་རེ་རེ་ལ་མཚན་བྱང་སོགས་ཆིངས་སུམ་ཅུ་བཀོད་ཡོད། མཚན་གཞན་མེད་པ་དང་། བཀའ་དང་བཀའ་བརྟེན་གང་ཡིན་མི་གསལ་བ་དང་། གསུང་བ་པོ་སུ་ཡིན་མི་ཤེས་པ། གཏེར་མ་དང་སྙན་རྒྱུད་སོགས་གང་ཡིན་མི་གསལ་བའི་རིགས་རྣམས་ནི། ཨང་གྲངས་བཀོད་མེད་པ་སོགས་དེང་གི་རིག་གཞུང་ཞིབ་འཇུག་གི་འགྲོ་ལུགས་ཏེ། བཀའ་འགྱུར་གྱི་བརྒྱུད་རིམ་དང་དར་ཚུལ། བམ་གྲངས། པར་གཞི་སོགས་ཞིབ་ཅིང་ཕྲ་བར་བརྗོད་པར་མ་ཟད། སྔོན་མེད་བདེན་པ་ཁུངས་འཚོལ་དང་ར་སྤྲོད་ཀྱི་ཁྱད་ཆོས་རྩལ་དུ་བཏོན་ཡོད་པ་དང་། ཁྱད་པར་དུ་ཡིད་ཆེས་ཀྱི་ཁུངས་འཕེར་བའི་ཕྱིར། ད་ཡོད་བཀའ་འགྱུར་ཡོད་དོ་ཅོག་དཔེ་སྣ་རེ་རེའི་མཚན་བྱང་སྟེ། མཚན་ཇི་ལྟར་བཀོད་ཡོད་པ་དེ་ཇི་བཞིན་འཁོད་པ་དང་པར་གཞི་མི་འདྲའི་སྐབས་མཚན་མི་འདྲ་བ་བྱུང་བའང་ཇི་བཞིན་འཁོད་ཡོད་པ་དང་། མཚན་བསྡུས་མ་ཞེས་པ་དཔེ་ཆ་ལ་རྒྱུས་ལོན་སླ་བའི་ཆེད་དུ་བཀོད་པ་དང་། རིགས་ཞེས་པ་སྟེ་བཀའ་དང་བཀའ་བརྟེན་གཉིས་ལས་རིགས་གང་དུ་གཏོགས་པ། སྡེ་མཚན་ཞེས་པ་སྟེ་མདོ་འབུམ་རྒྱུད་མཛོད་སྡེ་ཚན་བཞི་ལས་སྡེ་ཚན་གང་དུ་གཏོགས་པ། སྐད་གཉིས་ཤན་སྦྱར་ཞེས་པ་སྟེ་པོད་ཡི་དབུ་རུ་གཡུང་དྲུང་ལྷ་ཡི་སྐད་དང་ཞང་ཞུང་གི་སྐད་སོགས་སྐད་གཉིས་སྐད་གསུམ་ཤན་སྦྱར་ཇི་ལྟར་ཡོད་པ་དང་པར་གཞི་མི་འདྲའི་སྐབས་སྐད་གཉིས་ཤན་སྦྱར་མི་འདྲ་བ་བྱུང་བའང་ཇི་བཞིན་འཁོད་པ་དང་། གསུང་བ་པོ་ཞེས་པ་སྟེ་སྟོན་པ་རང་གི་ཞལ་ལས་གསུངས་པའམ་བྱིན་གྱིས་རླབས་པའམ་རྗེས་སུ་གནང་བ་བཅས་རིགས་གསུམ་ཡོད་པ་ལས་གང་ཞིག་ཡིན་པ། གསུངས་པའི་གནས་ཞེས་པ་སྟེ་གཞུང་དེ་ཐོག་མར་གསུངས་པའི་གནས་གང་ཡིན་པ། ཞུ་བ་པོ་ཞེས་པ་སྟེ་བཀའ་དེ་ཐོག་མ་སྟོན་པ་ལ་ཞུ་མཁན་དང་བརྒྱུད་སའི་གང་ཟག་སུ་ཡིན་པ། ཞུ་བའི་རྟེན་ཞེས་པ་སྟེ་ཞུ་བ་པོའི་དངོས་འབྱོར་དང་ཡིད་སྤྲུལ་སོགས་མཆོད་རྫས་གང་ཕུལ་ནས་སྟོན་པ་ལ་གསུང་ཞུ་བ། བཀའ་མ་ཞེས་པ་སྟེ་སྟོན་པའི་བཀའ་ལ་བརྒྱུད་ཚུལ་མི་འདྲ་བ་བཀའ་མ་དང་། གཏེར་མ། སྙན་རྒྱུད་གསུམ་ཡོད་པ་ལས་དེང་གི་བར་རྡོ་ལག་བརྒྱུད་ལྟར་གཏེར་དང་སྙན་བརྒྱུད་དུ་མ་སོང་བའི་རིགས་ཡིན་པ། བཀའ་བྱང་ཞེས་པ་སྟེ་བཀའ་མ་ཡིན་པ་གང་དེའི་གཞུང་གི་མཇུག་བྱང་གང་ཡོད་པ་དེ་ཇི་བཞིན་བཀོད་པ། གཏེར་མ་ཞེས་པ་སྟེ་སྟོན་པའི་བཀའ་བསྟན་པ་འཕེལ་འགྲིབ་བྱུང་དུས་གཏེར་དུ་སྦས་པ་ལ་ཕྱིས་སུ་གཏེར་སྟོན་རྣམས་ཀྱིས་གཏེར་དྲངས་པ་ལ་བྱང་གཏེར་དང་ལྷོ་གཏེར་དང་དབུས་གཏེར་དང་ཁམས་གཏེར་དང་གཏེར་གསར་ཞེས་མི་འདྲ་བ་རིགས་ལྔ་ཡོད་པ་ལས་གང་དུ་གཏོགས་པ། གཏེར་སྦེད་མཁན་ཞེས་པ་སྟེ་བཀའ་གཞུང་གང་དེ་ཐོག་མར་གཏེར་དུ་སྦེད་མཁན་རིག་འཛིན་གང་ཡིན་པ་དང་དུས་ནམ་ཞིག་གནས་གང་དུ་སྦས་པ། གཏེར་སྟོན་ཞེས་པ་སྟེ་གཏེར་ལེན་མཁན་སུ་ཡིན་པ་དང་། འཁྲུངས་ལོ་གང་ཡིན་འཁོད་ཅི་ཐུབ་ཡོད་པ། གཏེར་གནས་ཞེས་པ་སྟེ་གཏེར་འདོན་སའི་གནས་ཀྱི་མིང་གང་འཁོད་ཡོད་པ་དེ་དེང་སང་ས་གནས་གང་ཡིན་པ་ངོས་བཟུང་བ། གཏེར་བྱང་ཞེས་པ་སྟེ་གཏེར་མ་དེ་ཡི་མཇུག་བྱང་གང་འཁོད་ཡོད་པ། སྙན་རྒྱུད་ཅེས་པ་སྟེ་སྟོན་པའི་བཀའ་གཞུང་གང་དེ་དུས་ཀྱི་འགྱུར་བ་དང་དགོས་དབང་གིས་སྙན་ནས་སྙན་དུ་བརྒྱུད་པའམ་དགོངས་པའི་ངང་ནས་བརྒྱུད་པ། སྙན་དུ་རྒྱུད་མཁན་ཞེས་པ་སྟེ་སྙན་རྒྱུད་དུ་གཏོགས་པའི་བཀའ་གཞུང་གང་དེ་དགོངས་པའམ་སྙན་དུ་རྒྱུད་མཁན་སུ་དག་ཡིན་པ། སྙན་རྒྱུད་འབེབས་མཁན་ཞེས་པ་སྟེ་སྙན་རྒྱུད་གང་དེ་ཡི་གེར་འབེབས་མཁན་གྱི་མཚན་དང་ཕབ་སའི་གནས་འབེབས་མཁན་དུས་ནམ་ཞིག་བྱོན་པ་དང་མཚན་གཞན་ཇི་ལྟར་ཡོད་པ། སྙན་བྱང་ཞེས་པ་སྟེ་སྙན་དུ་བརྒྱུད་པའི་གཞུང་གང་དེ་ཡི་མཇུག་བྱང་གང་འཁོད་ཡོད་པ། ལེའུ་གྲངས་ཞེས་པ་སྟེ་བཀའ་གཞུང་དེའི་གླེགས་བམ་དང་ལེ་ཚན་དང་ལེའུ་གྲངས་དང་བམ་པོ་དང་ཕྱག་རྒྱ་དང་ཡན་ལག་གི་རྣམས་གྲངས་བསྟན་པ་མ་ཟད་རྣམ་གྲངས་སྐོར་གཞུང་ལུགས་མི་མཐུན་ས་ཡོད་པ་ཀུན་གསལ་བཤད་བསྟན་པ། གསལ་བཤད་ཅེས་པ་སྟེ་བཀའ་གཞུང་གང་དེའི་ནང་དོན་གཙོ་བོ་གང་ཡིན་པ་གོ་སླའི་ཚིག་གིས་གནད་བསྡུས་སུ་བསྟན་པ། དབལ་ཁྱུང་དགོན་པའི་བཀའ་འགྱུར་ལག་བྲིས་མ་དང་། བླ་མ་ཨ་གཡུང་ངམ་གཤེན་བསྟན་དྲི་མེད་དང་། རྟོགས་ལྡན་བོན་བློན་ནམ་མཁའ་བསྟན་འཛིན། སྨན་རྒྱལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ། ཁྱུང་པོ་སྟེང་ཆེན་བླ་མ་རྒྱལ་མཚན་ནོར་བུ། རག་ཞིག་བླ་མ་ཀུན་གསལ་སྙིང་པོ། ཀྲུང་ཧྭ་བཀའ་བསྟན་ཆེན་མོ་སོགས་ཀྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་རིགས་མི་འདྲ་བརྒྱད་ཀྱི་ནང་དུ་ལྡེབ་གྲངས་གང་ཡོད་དང་མི་འདྲ་ས་གང་ཡོད་བཅས་ཁྱོན་སྡོམ་དུ་ཆིངས་སུམ་ཅུས་གསལ་པོར་བསྟན་ཡོད།
སྐབས་གཉིས་པ། 《ཀྲུང་ཧྭ་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་སྡེ་ཚན་དང་སྒྲིག་རིམ། ལེ་ཚན་གྱི་གྲངས་དང་གླེགས་བམ་གྲངས་སྐོར་བསྟན་པ། སྐབས་གསུམ་པ། རྒྱལ་བའི་བཀའ་རིན་པོ་ཆེ་དཔེ་སྐྲུན་བྱས་པའི་དགེ་བ་འགྲོ་བ་ཡོངས་ལ་བསྔོ་སྨོན་སྐོར་བསྟན་ཡོད།
མདོར་བསྡུས་ན། 《གཡུང་དྲུང་བོན་གྱི་བཀའ་འགྱུར་ཀུན་གསལ་འཕྲུལ་གྱི་མེ་ལོང》འདི་ནི་གཡུང་དྲུང་བོན་གྱི་བཀའ་འགྱུར་ལ་མོས་ལྡན་དག་ལ་མཚོན་ན་དད་པའི་རྟེན་ཁྱད་པར་ཅན་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་ལ་རྒྱུས་ལོན་བྱེད་མཁན་དག་ལ་མཚོན་ན་མཛུབ་སྟོན་རི་མོ་ལྟ་བུ་དང་། བོན་གྱི་བཀའ་འགྱུར་ཞིབ་འཇུག་གམ་བལྟ་ཀློག་བྱེད་མཁན་དག་ལ་མཚོན་ན་བཀའ་འགྱུར་གྱི་སྒོ་འབྱེད་ལྡེ་མིག་ལྟ་བུ་དང་། ཞང་ཞུང་བོན་གྱི་ཤེས་རིག་དོ་སྣང་ཅན་དག་ལ་མཚོན་ན་རྣམ་པ་ཀུན་མཐོང་བའི་འཕྲུལ་གྱི་མེ་ལོང་ལྟ་བུ་ཞིག་ཡིན་ཟེར་ན་མི་ཆོག་པ་མེད་དོ། །
ཞེས་སེང་སྤྲུལ་རིག་འཛིན་ཉི་མས་སྔོན་འགྲོ་གླེང་བའི་གཏམ་དང་མཐུན་པ་སྤོས་ངད་ལྡང་བའི་གྲོང་ཁྱེར་དུ་སྦྱར་བའོ། །