《ཀློང་རྡོལ་ཕུན་ཚོགས་བློ་གྲོས་མཆོག་གི་དགོངས་གཏེར་ཀུན་བཟང་མཛོད་ལྔ》ཞེས་པ་པར་དུ་བསྐྲུན་པ།
[ཟླ་ཚེས། 2024-10-27 09:08:20][རྩོམ་པ་པོ། རྫོགས་ཆེན་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《ཀློང་རྡོལ་ཕུན་ཚོགས་བློ་གྲོས་མཆོག་གི་དགོངས་གཏེར་ཀུན་བཟང་མཛོད་ལྔ》ཞེས་པ་པར་དུ་བསྐྲུན་པ།
སྔོན་གླེང་ཞོགས་པའི་ལྷ་བསང་།
དེ་ཡང་གླིང་ཆེན་བཞི་ཡི་ཡ་གྱལ་ཏེ་ལྷོ་རྒྱལ་འཛམ་བུ་གླིང་ཞེས་བདག་ཅག་གི་སྟོན་པ་ཀུན་ལས་རྣམ་པར་རྒྱལ་བ་གཤེན་རབ་མི་བོ་ཆེའི་སྐུ་གསུང་ཐུགས་ཀྱིས་འགྲོ་དོན་མཛད་སའི་ཞིང་མཆོག་ཁྱད་པར་ཅན་འདི་རུ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་བསྩལ་མཁན་དྲིན་ཆེན་གྱི་ཕ་མ་དང་། ཤེས་རབ་རྣམ་གསུམ་གྱི་ལམ་སྒོ་ཡངས་པོར་ཕྱེས་ནས་མ་རིག་གི་རྨོངས་པ་ལས་བསྐྱབས་ཏེ། རང་རིག་གི་སྒྲོན་མེ་སྤར་མཁན་བཀའ་དྲིན་གཞལ་ཐབས་བྲལ་བའི་དྲིན་ཆེན་རྩ་བའི་བླ་མ་རྣམ་པ་དང་རྒྱ་ཆེའི་ཀློག་པ་པོའི་སྙན་ལམ་དུ་ཞུ་མཆིད། གུས་པ་རང་ཉིད་ནི་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ་སྒྲུབ་གྲྭའི་གཞུང་ཁྲིད་གོ་རིམ་ལྟར་སྔགས་རྫོགས་ཀྱི་བོན་ལ་ཐོས་བསམ་སློབ་གཉེར་བྱས་པའི་ཁུལ་བླངས་ཏེ་སློབ་མཐར་ཕྱིན་ཀྱང་། བྱས་ལོ་དང་སྦྱངས་ལོ་ཙམ་ལས་སྒྲུབ་གྲྭའི་ཡོན་ཚད་ལོན་པ་ཞིག་གཏན་ནས་མིན། ཡིན་ཡང་རྫོགས་པ་ཆེན་པོའི་རིག་གཞུང་ཁོ་ནར་དད་མོས་དང་དགའ་ཞེན་དཔག་མེད་རྒྱས་ཤིང་ལུས་ངག་ཡིད་གསུམ་གཅིག་དྲིལ་གྱི་སྒོ་ནས་རྫོགས་པ་ཆེན་པོ་ཐོས་བསམ་སྒོམ་གསུམ་ལ་བརྩོན་འགྲུས་ལྷོད་མེད་བྱས་པས། ཚེ་སྔོན་ལས་འཕྲོ་བཟང་པོའི་སྐྱ་སྣེ་དང་སྐྱབས་གནས་ཡུལ་མཆོག་གནས་བཞིའི་བྱིན་རླབས་ཀྱིས་མ་བཅོས་རྫོགས་པ་ཆེན་པོའི་རིག་པ་ངོ་ཤེས་ཤིང་དོན་རྟོགས་ནས་དགོངས་པ་ཀློང་བརྡོལ་གྱི་ཚུལ་དུ་ཁྲིད་རིམ་དང་། སྒྲུབ་ཆོག ཞལ་གདམས། འདོན་ཆོག ཉམས་མགུར་སོགས་ཅི་རིགས་ཤིག་ཀློང་རྡོལ་གྱི་ངང་ནས་ཕབ་རྒྱུ་ཡོད་པ་དང་། རྫོགས་པ་ཆེན་པོ་ཉམས་སུ་བླངས་པའི་ཉམས་མྱོང་དག་འགག་མེད་ཀློང་བརྡོལ་གྱི་ངང་ནས་སྨྲ་ཐུབ་པ། ཉམས་ལེན་ཡང་ཉིན་མཚན་གང་ཅིའི་ཐད་ནས་གཞིག་ན་ཤི་དུས་སྡུག་མི་དགོས་པར་རང་ཐག་ཆོད་པའི་ཚད་དུ་སླེབས་འདུག
དེ་བཞིན་དབེན་པའི་རི་ཁྲོད་དུ་རང་དོན་ལ་སྒོམ་སྒྲུབ་ཉམས་ལེན་དང་གཞན་དོན་གྱི་ཁུལ་བླངས་ནས་འཁོར་སློབ་ཚོར་འཆད་ཉན་བྱེད་པའི་བར་གསེང་དུ《ཀུན་བཟང་འཕྲུལ་མཛོད》དང་། 《ཀུན་བཟང་གསང་མཛོད》 (སྟོད་སྨད་ཆ) 《ཀུན་བཟང་ཀློང་མཛོད》(སྟོད་སྨད་ཆ) 《ཀུན་བཟང་གཏེར་མཛོད》 《ཀུན་བཟང་ཐུགས་མཛོད》སོགས་ལས་ལ་ལ་གཞན་གྱིས་བསྐུལ་བ་དང་། ལ་ལ་མ་བསྐུལ་དང་བླངས་ཀྱིས་སྒོ་ནས་ཕབ་པ་དེ་དག་སྤྲུལ་སྐུ་རྫོགས་ཆེན་བསྟན་འཛིན་མཆོག་དང་། གྲྭ་བཙུན་ཉི་མ་བློ་གྲོས། སྐར་མ་བློ་གྲོས། ཁྲི་ལྡེ་གཡུང་དྲུང་བཅས་དངོས་སློབ་རྣམ་པས་ཐོས་བསམ་ཉམས་ལེན་མཛད་ཞོར་དུ་སྒྲ་བཤུས་དང་། ཞུ་དག གློག་ཀླད་ཡིག་བསྟར་སོགས་དཀའ་ལས་ཚད་མེད་བསྐྱོན་ཏེ་གསུང་པོད་དཔེ་དེབ་འགའ་ཞུ་སྒྲིག་གྲུབ་སྟེ་དཔར་སྐྲུན་བྱེད་འཆར་ཡོད་པ་ལ། དེ་དག་ནི་མཁས་པའི་མཁས་རྩོམ་ལྟ་བུ་ཞིག་གཏན་ནས་མིན་ལ། རང་ཉིད་ཀྱང་མཁས་པའི་ཁུལ་ལེན་ནས་གསུང་པོད་རྩམ་པའི་ཡོན་ཏན་གྱི་ཆུ་ཚད་ལོན་པའི་མི་ཞིག་ཀྱང་དེ་བས་མིན། མ་བཅོས་རྫོགས་པ་ཆེན་པོ་ཀློང་བརྡོལ་གྱི་དགོངས་གཏེར་ལས་བྱུང་བ་ཞིག་ཡིན་ཞེས་ཞུ་བ་ལགས་སོ། །
སྤྱིར་བཏང་འདི་ཕྱི་བདེ་ལེགས་ཀུན་གྱི་འབྱུང་གཞི་སངས་རྒྱས་གཡུང་དྲུང་གི་བོན་རིན་པོ་ཆེར། རྒྱལ་བའི་བཀའ་དྲི་མ་མེད་པ་དང་མཁས་གྲུབ་སྐྱེས་ཆེན་རྣམ་པའི་བསྟན་བཅོས་ཏེ་བཀའ་བརྟེན་དང་། གསུང་འབུམ་རིན་པོ་ཆེའི་རྒྱ་མཚོ་འཁྱིལ་བ་ལྟ་བུ་བཞུགས་པའི་དུས་འདིར། གུས་པས་ཡིག་ཉོབ་ཐར་ཐོར་གསུང་པོད་དུ་སྒྲིག་ནས་སྤེལ་བའི་དགོས་ཆེད་མི་འདུག་སྙམ་པ་ཡང་ཡང་བྱུང་སྟེ། རང་ལ་དགའ་མགུ་དང་ཡི་རངས་ཟབ་པའི་བླ་མ་དང་། གྲོགས་མཆེད། དད་མོས་གུས་གསུམ་ལྡན་པའི་སློབ་མ་མང་པོས་ཉམས་རྟོགས་ཟབ་མོ་ལས་འཁྲུངས་པའི་གསུང་འབུམ་ཞིག་དཔར་སྐྲུན་བྱེད་ཐུབ་ན་སངས་རྒྱས་བསྟན་པའི་མཛེས་རྒྱན་དང་། སྐལ་པ་ལྡན་པའི་སེམས་ཅན་རྣམས་ལ་འདི་ཕྱིར་ཕན་བདེ་ཟབ་མོ་འབྱུང་བ་མ་ཟད། མ་འོངས་པ་ལ་ཡང་ཁ་གསལ་གཏིང་གསལ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེར་ཕན་པའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཡོང་ངེས་རེད་ཅེས། ཡང་ཡང་བསྐུལ་བྱུང་བས་དེ་ལྟར་འབྱུང་བའི་སྨོན་འདུན་དང་བཅས་ཏེ། སྤྱི་ཁྱབ་དགོས་མཁོ་ཡོད་མེད་ལ་མ་བསྟུན་པར་དེབ་ཕྲེང་བརྒྱད་ཀྱི་བདག་ཉིད་ཅན་ཞིག་གུས་ཤིང་བཀུར་བར་འོས་པའི་བཀའ་དྲིན་ཅན་གྱི་ཕ་མ་དང་འདི་ཕྱི་ཀུན་གྱི་སྐྱབས་གནས་དྲིན་ཆེན་རྩ་བའི་བླ་མ་རྣམ་པ་དང་། རྒྱ་ཆེའི་ཀློག་པ་པོ་རྣམ་པར་གཟིགས་འབུལ་ཞུ་བ་ལགས་ཏེ། རང་ལ་ཤེས་རིག་ཡོན་ཏན་གྱི་ཆུ་ཚད་ཞན་ཞིང་ཉམས་མྱོང་གི་བློ་གྲོས་མ་ཕྱུག་པས། གང་ཅིའི་ཐད་ལ་ནོར་འཁྲུལ་དང་མ་འགྲིག་པ་བསམ་གྱིས་མི་ཁྱབ་པ་ཡོད་སྲིད་དེ། མཁྱེན་དཔྱོད་མཁའ་ལྟར་ཡངས་ཤིང་བློ་གྲོས་ཀྱི་ཉི་འོད་རྒྱས་པའི་བཀའ་དྲིན་ཅན་གྱི་རྩ་བའི་བླ་མ་དང་། ཕན་སེམས་ཀྱི་སྙིང་སྟོབས་རྒྱས་ཤིང་གཟུར་གནས་སྤྱན་དཀྱུས་ཡངས་པའི་མཁས་གྲུབ་རྣམ་པས་བཀའ་སློབ་ལམ་སྟོན་དང་དག་ཐེར་ཡོད་པའི་རེ་བ་སྙིང་ཐག་པ་ནས་ཞུ།
དེ་ཡང་རགས་བཤད་ཙམ་བྱས་ན་དེབ་ཕྲེང་དང་པོ《ཀུན་བཟང་འཕྲུལ་མཛོད》ཅེས་པ་འདི་ནི་ཀུན་བཟང་གནས་ལུགས་འཕྲུལ་གྱི་རིག་པ་སྒོ་བྱེ་སྟེ་སོར་རྟོགས་ཡེ་ཤེས་ཀྱི་སྣང་ཆ་མ་འགག་པ་རིག་འཛིན་མཁའ་འགྲོའི་མཇལ་སྣང་དང་ཞུས་ལན་སོགས་ཀྱི་སྐོར་ཡིན་ཏེ། འདིར་ཌཱཀྐི་བསྐལ་པ་བཟང་མོ་མཇལ་སྣང་། མཁའ་འགྲོ་ཀྱེ་མ་འོད་མཚོ་མཇལ་སྣང་། རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་མཇལ་སྣང་། བླ་ཆེན་དྲན་པ་ནམ་མཁའ་མཇལ་སྣང་། སྙ་ཆེན་ལི་ཤུ་སྟག་རིངས་མཇལ་སྣང་། མཁའ་འགྲོ་ཅོ་ཟ་བོན་མོ་མཇལ་སྣང་། ཚེ་དབང་རི་ཁྲོད་པ་མཇལ་སྣང་། ཌཱཀྐི་ཐུགས་རྗེ་ཀུན་སྒྲོལ་མཆོག་གི་ལུང་བསྟན། རིག་འཛིན་གྱེར་མི་ཉི་འོད་མཇལ་སྣང་། རིག་འཛིན་གཤེན་སྲས་ལྷ་རྗེ་མཇལ་སྣང་། འཇའ་ལུས་པ་དབྲ་སྲས་ཀུན་བཟང་ནམ་མཁའི་སྙིང་པོ་མཇལ་སྣང་། མཁའ་འགྲོའི་བརྡ་ལུང་གསེར་གྱི་མེ་ལོང་། གཡུང་དྲུང་དབལ་བྲག་གསང་བའི་གནས་ཡིག་མཐོང་བ་དོན་གསལ་བཅས་ཀྱིས་གྲུབ་ཡོད།
དེབ་ཕྲེང་གཉིས་པ《ཀུན་བཟང་གསང་མཛོད》(སྟོད་ཆ)ཞེས་པ་འདི་ནི་ཀུན་བཟང་དགོངས་པའི་ཀློང་ལས་སྙན་བརྒྱུད་བྱུང་བ་དང་དགོངས་གཏེར་ལས་འཁྲུངས་པའི་ཟབ་ལམ་གསང་སྔགས་ཀྱི་ཆོ་ག་སྟེ། འདིར་སྔ་དར་བསྟན་པའི་བདག་ཉིད་གསང་ཆེན་རིག་པ་འཛིན་པའི་མཁས་གྲུབ་སྐྱེས་མཆོག་གསེར་རི་ལྷུན་པོ་ལྟ་བུ་བླ་མ་དམ་པ་འགའ་དང་གསང་བདག་མཁའ་འགྲོའི་སྒྲུབ་ཆོག་དང་སྨིན་བྱེད་ཀྱི་དབང་། བཀའ་སྲུང་གི་ཚོགས་མཆོད། རིག་པའི་རྩལ་དབང་སོགས་སྤྲོས་པ་དབེན་པའི་རྣལ་འབྱོར་གྱི་ལམ་སྟེགས་ཤིག་ཡིན་ཏེ། ཏ་པི་ཧྲི་ཙའི་ཐུགས་སྒྲུབ་སྔོན་འགྲོ་རྒྱན་བཀོད་ཀྱི་རིམ་པ། ཏ་པི་ཧྲི་ཙའི་ཐུགས་སྒྲུབ་སྣང་བཞི་ཀུན་བཟང་ལམ་མཆོང་། ཏ་པི་ཧྲི་ཙའི་ཐུགས་སྒྲུབ་ཀྱི་དབང་མཆོག་ཀ་དག་རིག་པའི་གཏེར་མཛོད། དྲན་པ་ཕྱི་ནང་གསང་གསུམ་གྱི་ཐུགས་སྒྲུབ་རིག་པའི་གཏེར་ཆེན། དྲན་པ་ཕྱི་ནང་གསང་གསུམ་གྱི་ཚོགས་བསྐང་མ་རིག་མུན་སེལ། དྲན་པ་ཕྱི་ནང་གསང་གསུམ་ཐུགས་སྒྲུབ་ཀྱི་དབང་མཆོག་གསང་མཛོད་སྨུག་པོའི་ཁ་རླངས། ཚེ་དབང་ཡང་གསང་ཐུགས་སྒྲུབ་འོད་གསལ་ཆུ་རྒྱུན། ཚེ་དབང་ཡང་གསང་ཐུགས་སྒྲུབ་འོད་གསལ་ཆུ་རྒྱུན་གྱི་དབང་མཆོག མ་སྲིང་མཁའ་འགྲོའི་ཁྲག་རློན་མན་ངག་སྙིང་ཐིག་བསྐལ་བཟང་ཡང་སྒྲུབ། མ་སྲིང་མཁའ་འགྲོའི་ཁྲག་རློན་མན་ངག་སྙིང་ཐིག་བསྐལ་བཟང་ཡང་སྒྲུབ་ཀྱི་དབང་མཆོག མ་གཅིག་ཀུན་བཟང་དྲེལ་དམར་ཚོགས་འཁོར། སྤྲོས་བྲལ་ཚོགས་འཁོར་ཚོགས་གཉིས་འཇོ་བའི་བདུད་རྩི། རིག་པ་གཅེར་གྲོལ་ལྟ་བའི་དབང་མཆོག རིག་པའི་རྩལ་དབང་གནས་ལུགས་བོགས་འདོན། རིག་པའི་རྩལ་དབང་སྐུ་གསུམ་རང་གྲོལ། རྫོགས་ཆེན་རྩལ་དབང་རིག་སྣང་འོད་འབར་བཅས་ཀྱིས་གྲུབ་ཡོད།
དེབ་ཕྲེང་གསུམ་པ《ཀུན་བཟང་གསང་མཛོད》(སྨད་ཆ)ཞེས་པ་འདི་ཡང་ཀུན་བཟང་དགོངས་པའི་ཀློང་ནས་སྙན་བརྒྱུད་བྱུང་བ་དང་དགོངས་གཏེར་ལས་འཁྲུངས་པའི་ཟབ་ལམ་གསང་སྔགས་ཀྱི་ཆོ་ག་སྟེ། འདིར་བསྟན་པ་ཕྱི་དར་གྱི་དུས་སུ་བྱོན་པའི་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཆེན་པོ་དགོངས་མཛོད་ཡབ་སྲས་གཙོས་གྲུབ་པ་ཐོབ་པའི་བླ་མ་སྐྱེས་ཆེན་དམ་པ་འགའ་ཞིག་གི་སྒྲུབ་ཆོག་དང་། སྨིན་བྱེད་ཀྱི་དབང་སོགས་སྐལ་ལྡན་སྐྱེས་བུའི་ཐར་པའི་ལམ་སྟེགས་ཤིག་ཡིན་ཏེ། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ཡིད་བཞིན་ཀུན་འབྱུང་གི་རྒྱན་བཀོད། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ཡིད་བཞིན་ཀུན་འབྱུང་། ཕོ་སྒོམ་ཞིག་པོའི་བླ་སྒྲུབ་སྒོམ་བྱུང་ཤེས་རབ་འབར་བ། གཉལ་སྐྱེ་མེད་དྲང་སྲོང་གི་བླ་སྒྲུབ་དབྱིག་གི་རྒྱ་མཚོ་འཁྱིལ་བ། མེ་སྟོན་ཤེས་རབ་འོད་ཟེར་གྱི་བླ་སྒྲུབ་བསླབ་གསུམ་རད་ན་འདུས་པ། རྟོགས་ལྡན་སྒོམ་ཆེན་འབར་བའི་བླ་སྒྲུབ་སྐུ་གསུམ་རིག་པ་ཆིག་གྲོལ། བླ་སྒྲུབ་སྐྱབས་སེམས། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ཀྱི་བརྒྱུད་ཕྱག་འོད་སྣང་ཀུན་འབར། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ཀྱི་བརྒྱུད་བསྐང་ལྷ་མི་དགྱེས་པའི་པི་ཝང་། ཚེ་སྒྲུབ་འཆི་མེད་རིག་འཛིན་ཚེ་སྦྱིན། གཡས་རུའི་ཨ་ཁྲིད་བླ་སྒྲུབ་གསོལ་འདེབས་བདུད་རྩིའི་ཆར་ཆེན། རིག་འཛིན་བླ་མའི་ཚོགས་འཁོར་མཁའ་གསང་རིག་པའི་གཏེར་ཆེན། གཡས་རུའི་ཨ་ཁྲིད་བླ་སྒྲུབ་བརྒྱུད་པའི་ཕྱག་མཆོད་ཚོགས་གཉིས་ལྷུན་གྲུབ། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ཡིད་བཞིན་ཀུན་འབྱུང་གི་ཚོགས་བསྐང་། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ལས་དྲེའུ་དམར་མོའི་གསང་བསྐུལ་གནམ་ལྕགས་གློག་མྱུར་མ། གཡས་རུའི་ཨ་ཁྲིད་བླ་སྒྲུབ་ཡིད་བཞིན་ཀུན་འབྱུང་གི་དབང་བཞི་རིག་པ་ཆིག་རྫོགས། ལྷ་འདུས་བླ་སྒྲུབ་འདོད་འབྱུང་འོད་གསལ་ལྷུན་གྲུབ་ཀྱི་ཆ་ལག ལྷ་འདུས་བླ་སྒྲུབ་འདོད་འབྱུང་འོད་གསལ་ལྷུན་གྲུབ་ཀྱི་སྒྲུབ་གཞུང་དང་དབང་མཆོག མཚན་ལྡན་བླ་མ་སྒྲུབ་པའི་སྔོན་འགྲོ་རྒྱན་བཀོད་ཀྱི་རིམ་པ། མཚན་ལྡན་བླ་མ་དམ་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་བླ་སྒྲུབ་འདོད་འབྱུང་གཏེར་མཛོད་ཡིད་བཞིན་ནོར་བུའི་གཞུང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བླ་སྒྲུབ་ཀྱི་ཚོགས་འཁོར་ཚོགས་གཉིས་གཏེར་གྱི་མཛོད་ཆེན་དང་རྗེས་བྱའི་རིམ་པ། མཚན་ལྡན་བླ་མ་དམ་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བླ་སྒྲུབ་ཀྱི་ཚོགས་གླུ་དད་པའི་མཆོད་དབྱངས། མཚན་ལྡན་བླ་མ་དམ་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བླ་སྒྲུབ་ཀྱི་ཚོགས་བསྐང་། མཚན་ལྡན་བླ་མ་དམ་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བླ་སྒྲུབ་ཀྱི་ཚེ་སྒྲུབ། མཚན་ལྡན་བླ་མ་དམ་པ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་བླ་སྒྲུབ་ཀྱི་ཚོགས་བསྡུས། དཔོན་གསས་བླ་མའི་སྒྲུབ་པ་གསང་ཆེན་ཟབ་ལམ་རད་ན་ཀུན་འབྱུང་ཞེས་བྱ་བའི་གཞུང་བཅས་ཀྱིས་གྲུབ་ཡོད།
དེབ་ཕྲེང་བཞི་པ《ཀུན་བཟང་ཀློང་མཛོད》(སྟོད་ཆ)ཞེས་པ་འདི་ནི་ཀུན་བཟང་དགོངས་པ་ཡོན་ཏན་འཛད་མེད་ཀྱི་ཀློང་ལས་བརྡོལ་བའི་ནམ་མཁའ་རྒྱ་མཚོ་དང་མཚུངས་པའི་བོན་མཛོད་ལས་འདོན་ཆོག་གི་སྐོར་ཏེ། འདིར་ཉེ་བར་མཁོ་བ་ཁ་ཚ་དགོས་གཏུགས་ཀྱི་བོན་སྤྱོད་འགའ་ཐོལ་ཤར་དུ་ཕབ་པ་ལ། འཇོག་སྒོམ་སྐབས་དབང་བྱིན་ལེན་ཐབས། ཀ་དག་རྫོགས་པ་ཆེན་པོའི་གསོལ་འདེབས། ཀྱེ་མ་འོད་མཚོའི་གསོལ་འདེབས། བོན་གྱི་བླ་མ་དམ་པ་བཅུ་གཉིས་ཀྱི་གསོལ་འདེབས། རྣལ་འབྱོར་ཤེས་རབ་མཐར་ཕྱིན་གྱི་སྐྱེས་རབས་གསོལ་འདེབས། སྤྲུལ་སྐུ་རྫོགས་ཆེན་བསྟན་འཛིན་གྱི་སྐྱེས་རབས་གསོལ་འདེབས། དྲན་པ་ནམ་མཁའི་བླ་མ་རྒྱང་འབོད་སྐུ་གསུམ་མྱུར་འགྲུབ། འདམ་སྟོན་ཚུལ་འོད་ཀྱི་བླ་མ་རྒྱང་འབོད། དབྲ་སྲས་འཇའ་ལུས་པའི་བླ་མ་རྒྱང་འབོད་ཐུགས་རྗེའི་འོད་ཟེར། གྲུབ་ཆེན་མུ་ལ་ཝེར་ཞིའི་བླ་མ་རྒྱང་འབོད། ཤེས་རབ་མཐར་ཕྱིན་གྱི་བླ་མ་རྒྱང་འབོད། བླ་མ་རྒྱང་འབོད་བྱིན་རླབས་རྒྱུན་འབབ། ཚུལ་ཁྲིམས་ལེགས་ལྡན་གྱི་བླ་མ་རྒྱང་འབོད། སྤྲུལ་སྐུ་རྫོགས་ཆེན་བསྟན་འཛིན་གྱི་བླ་མ་རྒྱང་འབོད་བྱིན་རླབས་ཡེ་ཤེས་འབར་བ། བོན་གྱི་སྐྱེས་ཆེན་བླ་མ་དམ་པ་ཉེར་ལྔའི་ཕྱག་མཆོད། གནས་མཆོག་བསམ་གཏན་རི་བོའི་བསང་མཆོད། ལམ་ལྷ་རྫུ་འཕྲུལ་མྱུར་མགྱོགས། སྒྲ་བླའི་བསྐུལ་པ་བསམ་དོན་མྱུར་འགྲུབ། ཡེ་ཤེས་དབལ་མོའི་བསྐུལ་ཆུང་། ཡེ་ཤེས་དབལ་མོའི་སྐུལ་པ་དམ་ཚིག་ཙི་ཏའི་རྒྱ་ཅན། མ་གཅིག་ཡེ་ཤེས་དབལ་མོའི་བསྐུལ་ཆུང་བར་ཆོད་ཀུན་བཟློག སྲིད་རྒྱལ་མི་དྲེད་མའི་བསྐུལ་ཆུང་དགྲ་སྲོག་གཅོད་པའི་སྟ་རེ། ཚེ་དབང་བསྐང་བཤགས། བོད་ཡུལ་མའི་ཚོགས་བསྡུས། མ་གཅིག་དྲེལ་དམར་ཚོགས་བསྡུས། ཚོགས་གླུ་དཔལ་ལྡན་བླ་མ་དྲན་པའི་མཆོད་དབྱངས། ཚོགས་གླུ་སྨོན་ལམ་ཀུན་འབྱུང་། རྫོགས་པ་ཆེན་པོའི་སྨོན་ལམ་བདེ་ཆེན་ལམ་བགྲོད། གསང་རྒྱུད་བསྟན་པ་རྒྱས་པའི་སྨོན་ལམ། སྨོན་ལམ་ཡེ་ཤེས་རང་འཆར། བདེ་ཆེན་རང་གྲོལ་གྱི་སྨོན་ལམ། བསླུ་མེད་སྨོན་ལམ། བློ་འདས་འོད་གསལ་དུ་ལ་བཟླ་བའི་སྨོན་ལམ། བདེ་ཆེན་ཞིང་སྨོན། སྒྲུབ་བརྒྱུད་བསྟན་འབར་སྨོན་ལམ། བར་དོའི་སྨོན་ལམ་ཐར་ལམ་ཐེམ་སྐས། དབེན་གནས་བསམ་གཏན་རི་ཁྲོད་ཀྱི་བསྟན་འབར་སྨོན་ལམ། ཁོད་སྤུངས་དྲན་པ་ནམ་མཁའི་དབང་བཞི་བྱིན་རླབས་ཞུ་བྱེད་རང་འབྱུང་རིག་པ་འབྱེད་པའི་ལྡེ་མིག བྱིན་འབེབ་རང་སེམས་ངོ་སྤྲོད། བག་སྒྲིབ་ཀུན་སེལ་ཡེ་ཤེས་བླ་མའི་ཁྲུས་ཀྱི་ཆོ་ག མ་གཅིག་ཡེ་ཤེས་དབལ་མོའི་དགོངས་གཅོད་ཚོགས་གཉིས་གཏེར་གྱི་བང་མཛོད། མ་གཅིག་ཡེ་ཤེས་དབལ་མོའི་དགོངས་གཅོད། འཆི་ཁའི་ངོ་སྤྲོད་སྡུག་བསྔལ་མུན་པ་སེལ་བའི་སྒྲོན་མེ། སྙན་བརྒྱུད་འཕོ་བ་ཀུན་བཟང་ཞིང་བགྲོད། བར་དོའི་ངོ་སྤྲོད་འཕོ་བ་ཟུང་འཇུག་ཐར་ལམ་གསལ་བའི་སྒྲོན་མེ། སྙན་བརྒྱུད་འཕོ་བ་ཟབ་ལམ་མྱུར་འགྲུབ། མ་ཏྲིའི་འཛབ་དབྱངས་མུན་པ་སེལ་བའི་སྒྲོན་མེ། མ་ཏྲིའི་འཛབ་དབྱངས་དང་ཟབ་ལམ་འཕོ་བ་མྱུར་མགྱོགས་བཅས་ཀྱིས་གྲུབ་ཡོད།
དེབ་ཕྲེང་ལྔ་པ《ཀུན་བཟང་ཀློང་མཛོད》(སྨད་ཆ)ཞེས་པ་འདི་ནི་ཀུན་བཟང་དགོངས་པ་ཡོན་ཏན་འཛད་མེད་ཀྱི་ཀློང་ལས་བརྡོལ་བའི་ནམ་མཁའ་རྒྱ་མཚོ་དང་མཚུངས་པའི་བོན་མཛོད་ལས་ཐུན་མོང་དྲང་དོན་དང་བླ་མེད་རྫོགས་པ་ཆེན་པོའི་མན་ངག་ཞལ་གདམས་དམར་ལ་ཟབ་པ་ཤ་སྟག་ཡིན་ཏེ། འདིར་འཁོར་བ་ངེས་འབྱུང་སྐྱེ་བའི་གདམས་པ། ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ། རྫོགས་པ་ཆེན་པོའི་ཟབ་གདམས་ཇི་བཞིན་ཉིད་ཀྱི་ཚངས་དབྱངས། མ་གཅིག་འོད་ལྡན་འབར་མའི་སྙན་བརྒྱུད་དྲན་པའི་དབང་བཞི་ལེན་ཐབས། རང་སེམས་འདུལ་ཐབས་ཀྱི་གདམས་པ། འཁོར་བ་ཞེན་ལོག་གི་གདམས་པ། རྣམ་ལྔའི་ཕན་ཡོན་ཐབས་ལམ་ལྡེ་མིག དུག་ལྔ་རང་གྲོལ་གྱི་གདམས་པ། རྩ་བའི་བླ་མའི་བཀའ་དྲིན་དྲན་དགོས་ཚུལ་གྱི་གདམས་པ་ཐར་ལམ་སྒོ་འབྱེད། ཡེ་རིག་མཛུབ་ཚུག་དམར་ཁྲིད་ཀྱི་གདམས་པ། རྒྱུ་འབྲས་མན་ངག་བདུན་གྱི་གདམས་པ། ཤེལ་སྒོང་ཟུར་བཞི་ལོགས་བརྒྱད་ལ་བརྟེན་ནས་ཟང་ཐལ་རིག་པ་ངོ་སྤྲོད་ཀྱི་གདམས་པ། ཀློང་ཆེན་རྒྱ་བཀྲོལ་གྱི་གདམས་ངག མཉམ་བཞག་དང་རང་འབྱུང་ཡེ་ཤེས་དབྱེ་བའི་གདམས་པ། བསླུ་མེད་བོན་སྤྱོད་ཀྱི་གདམས་ངག མ་བཅོས་ལྟ་སྒོམ་དོན་འབྱོར་གྱི་གདམས་པ། རྫོགས་ཆེན་གཤིས་བཞིན་ཉམས་སུ་ལེན་ཚུལ་གྱི་གདམས་པ། ཕྱི་ནང་གསང་གསུམ་གྱི་ལྟ་བའི་ཤན་འབྱེད་པའི་ལྡེ་མིག བླ་ཆེན་དྲན་པའི་དགོངས་དོན་ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ། གང་ཤར་ཐད་ཀར་གཅོད་པའི་གདམས་ངག ཚོགས་དྲུག་ལམ་འཁྱེར་གྱི་གདམས་པ། དབེན་རི་བསྟེན་ཚུལ་གྱི་ཞལ་གདམས་རྒྱུད་གྲོལ་རིག་པའི་སྒྲོན་མེ། བློ་རབ་འབྲིང་ཐ་གསུམ་ལ་རང་འབྱུང་ཡེ་ཤེས་ངོ་འཕྲོད་ཚུལ་དང་ངང་སྐྱོང་ཚུལ་གྱི་གདམས་པ། ཉོན་སེམས་མ་རིག་འདུལ་ཚུལ་གྱི་གདམས་པ། སྤྲོས་བྲལ་ལྟ་བའི་མན་ངག ལྟ་སྒོམ་སྤྱོད་གསུམ་གྱི་ཞལ་གདམས། རྫོགས་ཆེན་ལྟ་བ་སྐྱོང་ལུགས་དམར་མོ་མཛུབ་ཚུག ཤུགས་གྲོལ་ཉམས་ཀྱི་མན་ངག སྙིགས་མའི་སེམས་ཅན་གྱི་སྤྱོད་ངན་འདི་ལ་བརྟེན་ཏེ་འཁོར་བ་ཞེན་ལོག་གི་གདམས་པ། ཁྲེགས་ཆོད་དང་ལྷག་མཐོང་གི་ཉམས་ཁྲིད་གབ་པ་ལྷ་གསལ། ཡེ་རིག་ལྟ་སྒོམ་རང་རྒྱུད་སྦྱར་ཚུལ་གྱི་གདམས་པ། དམ་ཚིག་འགྱུར་མེད་ལྡན་དགོས་ཚུལ་གྱི་གདམས་པ། དགོངས་གཏེར་ལ་སྤྱོད་པའི་ལུང་བསྟན་མན་ངག ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ་ཀུན་བཟང་རྒྱན་ཅན། ཏ་པི་ཧྲི་ཙའི་དབང་བཞི་ལེན་ཐབས་བྱིན་རླབས་ཆར་འབེབ། དོན་དམ་སྙིང་པོ་ལེན་ཚུལ་གྱི་གདམས་པ། སེམས་ཉིད་རང་གྲོལ་སྐྱོང་ཐབས་ཀྱི་ཟབ་གདམས་ཉུང་ངུ་། གནས་མཆོག་དབེན་རིར་བསྟེན་དགོས་ཚུལ་གྱི་ཟབ་གདམས་ཉུང་ངུ་། འདི་སྣང་བདེན་མེད་ཟང་ཐལ་དུ་གྲོལ་ཚུལ་གྱི་གདམས་པ། མ་བཅོས་རིག་པ་ཉམས་སུ་ལེན་ཚུལ་གྱི་གདམས་པ། རྣལ་འབྱོར་དགོངས་རྟོགས་ཀྱི་མན་ངག་སྣང་བ་ཆུ་ཟླ། རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཉམས་སུ་ལེན་ཚུལ་གདམས་པ། རྟག་འཛིན་རང་གྲོལ་གྱི་གདམས་པ་རང་རྒྱུད་བོན་བསྐུལ། ཡེ་རིག་ཅར་ཕོག་གི་གདམས་པ་དོན་བསྡུས། ལྷག་མཐོང་སྒྲོན་མའི་ཉམས་ཁྲིད། དཀའ་གནད་བཅིང་གྲོལ་གྱི་གདམས་པ། རྫོགས་པ་ཆེན་པོ་ཀུན་བཟང་སྙིང་ཐིག་གི་བརྒྱུད་རིམ་གདམས་པ། ལྟ་སྒོམ་སྤྱོད་པའི་གདམས་ངག་བཅས་ཞལ་གདམས་འགའ་དང་། ལེགས་བཤད་ཨུད་དཔལ་སྔོན་པོའི་དོ་ཤལ་མོས་ལྡན་དགྱེས་པའི་མགུལ་རྒྱན་ཞེས་རང་གི་གཏམ་བཤད་ལས་དམིགས་བསལ་གྱི་གོ་བ་ཕུན་སུམ་འཚོགས་པ་རེ་སྐྱེད་ནུས་པར་འདུག་ཅེས་སློབ་མ་འགས་ཟིན་བྲིས་བཏབ་པའི་ཚིག་ལྷུག་མི་འདྲ་བ་བརྒྱ་ཡིས་གྲུབ་ཡོད།
དེབ་ཕྲེང་དྲུག་པ《ཀུན་བཟང་གཏེར་མཛོད》ཅེས་པ་འདི་ནི་ཀ་དག་ཀུན་ཏུ་བཟང་པོའི་དགོངས་པ་ཉམས་རྟོགས་ཚད་མཐོར་ཕེབས་པའི་རང་རྟགས་སུ་མ་འགག་ཤུགས་འབྱུང་གི་ངང་ནས་རང་བབས་སུ་བརྡོལ་བའི་དགོངས་གཏེར་ཟབ་གདམས་དྲང་ངེས་ཀྱི་མགུར་མ་འདོད་འབྱུང་རིན་པོ་ཆེའི་གྲམ་པ་སྤུངས་པ་ལྟ་བུ་སྟེ། འདིར་ལྟ་སྒོམ་སྤྱོད་གསུམ་གྱི་མགུར་སྨོན། ཉམས་མགུར་མ་བཅོས་རིག་པའི་དགོངས་རྒྱན། དྲང་ངེས་ཀྱི་མགུར་གླུ་སྐལ་ལྡན་སྙིང་ནོར། འོད་གསལ་ལྟ་བའི་གླུ་ཆུང་། ཉམས་མགུར་ཡེ་ཤེས་རྩལ་ཤུགས། མགུར་སྨོན་བླ་མེད་བྱང་ཆུབ་ཀྱི་འོད་སྣང་། ཚེ་འདིར་ཞེན་ན་ཆོས་པ་མིན་ཚུལ་གྱི་གདམས་མགུར། སྒྲིབ་མེད་རིག་པའི་མགུར་ཆུང་། མི་རྟག་ཉམས་ཀྱི་མགུར་མ། ལྟ་སྒོམ་གདམས་པའི་མགུར་མ་མཁའ་ཟླ་མཛུབ་ཚུག དལ་རྟེན་སྙིང་པོ་ལེན་དགོས་ཚུལ་གྱི་གདམས་མགུར། ལྟ་སྒོམ་ཕུགས་ཆོད་ཀྱི་མགུར་མ་རིག་པའི་སྒྲོན་མེ། ཐོལ་བྱུང་རིག་པའི་གླུ་ཆུང་། ཟབ་གདམས་གླུ་རུ་དྲངས་པའི་ཉམས་མགུར། མགུར་སྨོན་ཀུན་བཟང་ས་ནོན། མི་རྟག་མཛུབ་ཚུག་གི་ཉམས་མགུར། བསླབ་བྱ་བོན་གྱི་མགུར་མ། རི་ཁྲོད་རྣལ་འབྱོར་པའི་བཅའ་སྒྲིག་འོད་གསལ་ཁོར་ཡུག སྡུག་བསྔལ་སྡུག་བསྔལ་ཤེས་ཤིང་ཡང་དག་དགེ་སྒྲུབ་དགོས་ཚུལ་གྱི་ཉམས་མགུར། ལྟ་སྒོམ་སྤྱོད་འབྲས་བཞི་ཡི་མགུར་མ་འོད་གསལ་ཆུ་རྒྱུན། གཤིས་བྱང་ཆུབ་སེམས་ཀྱི་མགུར་མ། བློ་བོན་ལ་འགུག་པའི་མགུར་མ། བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མའི་བཀའ་དྲིན་དྲན་དགོས་ཚུལ་གྱི་གདམས་མགུར། འདི་སྣང་སྤང་མེད་རིག་པའི་གསལ་ཆ་ཡིན་ཚུལ་གྱི་ཉམས་མགུར། འཁོར་ངན་སྡུག་བསྔལ་གྲོལ་བྱེད་ཀྱི་གདམས་མགུར། མི་རྟག་རྒྱུད་འཆར་གྱི་ཉམས་མགུར། མགུར་སྨོན་ཡེ་ཤེས་དོན་མཐོང་། དགེ་སྦྱོར་ལམ་གྱི་མགུར་མ། ལྟ་སྒོམ་རིག་པའི་མགུར་མ། དྲང་ངེས་ཀྱི་མགུར་མ་སྟོང་གསལ་རིག་པའི་གླུ་ཆུང་། རྣལ་འབྱོར་བཙན་ས་ཟིན་པའི་ཉམས་མགུར། བློ་སེམས་བོན་ལ་བསྐུལ་བའི་ཉམས་མགུར། གནས་ལུགས་ལྟ་བའི་ཉམས་མགུར། དྲང་དོན་སྟོང་ཉིད་ཀྱི་གླུ་ཆུང་། ཀ་དག་འོད་གསལ་གྱི་གླུ་ཆུང་། ཉམས་མགུར་ཟབ་གདམས་བདུད་རྩིའི་རྒྱ་མཚོ། ཀུན་བཟང་དགོངས་པའི་གདམས་མགུར། དྲང་ངེས་རྒྱུད་གྲོལ་གྱི་མགུར་མ། ལ་བཟླ་ལྟ་བའི་ཉམས་མགུར། བླ་མེད་རྩེ་རྒྱལ་གྱི་ཉམས་མགུར། སྨོན་ལམ་གདམས་པའི་མགུར་མ། གཤིས་རང་གྲོལ་མཐོང་བའི་ཉམས་མགུར། སྐྱེ་མེད་ཉམས་ཀྱི་གླུ་ཆུང་། ཡེ་རིག་ཀུན་བཟང་མཇལ་བའི་མགུར་སྨོན། རྣལ་འབྱོར་ཉམས་ཀྱི་གླུ་ཆུང་། ཀ་དག་སྤྲོས་བྲལ་གྱི་མགུར་མ། ཀྱེ་མ་འོད་མཚོའི་སྙན་བརྒྱུད་ཟབ་གདམས་རྫོགས་ཆེན་བོན་གྱི་མགུར་མ། མི་རྟག་རྒྱུད་བསྐུལ་གྱི་མགུར་གླུ། དྲང་དོན་བོན་གྱི་ཉམས་མགུར། མགུར་སྨོན་ཐུགས་རྗེའི་སྟོབས་ཤུགས། ཀུན་བཟང་རིག་པའི་གླུ་ཆུང་། རི་གྲོང་གཉིས་ཀྱི་དབྱེ་བའི་ཉམས་མགུར། ལྟ་སྒོམ་གཉུག་མའི་མགུར་གླུ། བློ་སྣ་ཡང་དག་དགེ་སྒོར་སྦྱོར་བའི་ཉམས་མགུར། བློ་འདས་རིག་པའི་མགུར་གླུ་འོད་གསལ་རྩལ་རྒྱས། དབྱིངས་ཉིད་རིག་པའི་གླུ་ཆུང་། གཞན་ཕན་བྱང་ཆུབ་སེམས་ལ་བློ་སྦྱོང་བའི་མགུར་མ། འོད་གསལ་གཤིས་གྲོལ་གྱི་མགུར་མ། དབང་མཆོག་ཐོབ་པའི་མགུར་སྨོན། དགེ་སྦྱོར་ཐར་པའི་ལམ་འདྲེན་རིག་པའི་མགུར་མ། མི་རྟག་མགུར་གླུ། ཀ་དག་རིག་པའི་མགུར་མ་འོད་གསལ་དོན་མཐོང་། ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ་ཤུགས་འབྱུང་ཉམས་ཀྱི་གླུ་དབྱངས། ཟབ་གདམས་དྲང་ངེས་ཀྱི་མགུར་མ། གཤིས་ལུགས་དོན་གྱི་མགུར་མ། གཞི་རང་འབྱུང་རིག་པའི་མགུར་མ། མགུར་སྨོན་སྨོན་པ་དོན་འགྲུབ། རིག་སྟོང་སྤྲོས་བྲལ་གྱི་ཉམས་མགུར། བློ་སྦྱོང་བོན་གྱི་མགུར་མ། དལ་འབྱོར་ལྡན་དུས་དགེ་སྒྲུབ་དགོས་ཚུལ་གྱི་ཉམས་མགུར། རྫོགས་ཆེན་གདམས་པའི་མགུར་གླུ། ལྟ་སྒོམ་སྤྱོད་འབྲས་རང་རྒྱུད་ལ་སྦྱར་བའི་གདམས་མགུར། དྲང་དོན་རིག་པའི་མགུར་མ། ཉམས་རྟོགས་འོད་གསལ་གྱི་གླུ་ཆུང་། གདམས་ངག་གླུ་ལ་དྲངས་པའི་ཉམས་མགུར། དཔོན་གསས་བླ་མ་བསྟེན་པའི་མགུར་མ། གཞི་ཀ་དག་རིག་པའི་གླུ་ཆུང་། འོད་གསལ་སྣང་བའི་ཉམས་མགུར། ཉམས་མགུར་སྨྱོན་པའི་གད་རྒྱངས། དགེ་སྦྱོར་བར་ཆོད་ཞི་ནས་ཚེ་འདིར་སངས་རྒྱས་འགྲུབ་པའི་མགུར་སྨོན། འགག་མེད་ཐོལ་བྱུང་གི་ཉམས་མགུར། བྱིན་རླབས་གདུང་འབོད་ཀྱི་གླུ་ཆུང་། རིག་པ་རྒྱ་གྲོལ་གྱི་མགུར་མ། མི་རྟག་པའི་མགུར་མ་རིག་པའི་རྩལ་ཤར། མགུར་སྨོན་རྣལ་འབྱོར་པའི་ཉམས་གླུ། གདམས་མགུར་བྱིན་རླབས་རང་འབར། ལྟ་སྒོམ་སྤྱོད་འབྲས་གདམས་པའི་ཉམས་མགུར། གནས་ལུགས་མ་བཅོས་སྐྱོང་ཚུལ་གྱི་ཉམས་མགུར། ཤུགས་འབྱུང་གནས་ལུགས་ཀྱི་མགུར་མ། དགོངས་རྟོགས་ཡེ་ཤེས་ཀྱི་ཉམས་མགུར། ལྟ་སྒོམ་ཉམས་ཀྱི་མགུར་མ་ཉི་མའི་སྙིང་པོ། སྣང་སྟོང་འགག་མེད་ཀྱི་ཉམས་མགུར། ཉམས་མྱོང་རིག་པའི་གླུ་ཆུང་། དབྱིངས་སྣང་སྒྲོན་མའི་ཉམས་མགུར། སྐུ་གསུམ་དབྱིངས་སུ་གྲོལ་བའི་མགུར་སྨོན་བཅས་ཀྱིས་གྲུབ་ཡོད།
དེབ་ཕྲེང་བདུན་པ《ཀུན་བཟང་ཐུགས་མཛོད》ཅེས་པ་འདི་ནི་ཀུན་བཟང་དགོངས་པའི་ཀློང་ལས་སྙན་བརྒྱུད་བྱུང་བ་དང་དགོངས་གཏེར་ལས་འཁྲུངས་པའི་བླ་མེད་ཐེག་པ་ཡང་རྩེའི་དགོངས་དོན་ཟབ་མོ་རྗེན་གཅེར་དུ་སྟོན་པའི་ཟབ་ལམ་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་དགོངས་པའི་གཏད་སོ་རོ་གཅིག་ཏུ་འདྲེས་པའི་རྫོགས་ཆེན་དྲང་ངེས་སོགས་ཁྲིད་རིམ་གྱི་སྐོར་ཡིན་ཏེ། འདིར་དྲང་ངེས་ཁྲིད་རིམ་ཀུན་ཏུ་བཟང་པོའི་ཐུགས་རློན་དང་། རྫོགས་པ་ཆེན་པོ་ཀུན་བཟང་ཐུགས་མཛོད། རིག་འཛིན་མཁའ་འགྲོའི་དགོངས་བཅུད་དྲན་པ་ཕྱི་ནང་གསང་གསུམ་ཁྲིད་རིམ། ལམ་གྱི་མཁའ་འགྲོ་རྒྱ་མཚོའི་གཅོད་ཁྲིད་མན་ངག་མདོར་བསྡུས། རྫོགས་པ་ཆེན་པོ་ཀུན་བཟང་ཡང་ཞུན། ཡེ་རིག་ལ་བཟླའི་ཉམས་ཁྲིད་ཀུན་བཟང་བླ་མའི་སྙིང་གཏམ། ཀུན་བཟང་ཐུགས་ཀྱི་གསང་ལམ་རང་འབྱུང་འོད་སྣང་འབར་བ། ཐུན་ངང་ཀློང་གསུམ་གྱི་ཟབ་ཁྲིད་སྐལ་ལྡན་ལམ་འདྲེན་བཅས་ཁྲིད་རིམ་མི་འདྲ་བ་འགས་གྲུབ་ཡོད།
དེབ་ཕྲེང་བརྒྱད་པ《རང་རིག་སྒྲོན་མའི་འོད་སྣང》ཞེས་པ་འདི་ནི་དམིགས་བསལ་རྫོགས་ཆེན་དང་སྒོམ་སྒྲུབ་འབྲེལ་ཡོད་གང་ཟག་གདུལ་བྱའི་བློ་ངོར་བསྟུན་པའི་རང་གི་གཏམ་བཤད་འགའ་མཆོག་སྤྲུལ་རྫོགས་ཆེན་བསྟན་འཛིན་གྱིས་ཡི་གེར་ཕབ་སྟེ་གསུང་འབུམ་དང་ལྷན་དུ་འགྲེམ་སྤེལ་དགོས་ཞེས་བཀས་བསྐུལ་གནང་བའི་རེ་བ་བསྐངས་པ་ཡིན་ཏེ། དེ་ལ་དད་པ་གཤའ་མ་ཞིག་མེད་ན་བཀའ་རྒྱུད་དང་བླ་མའི་བྱིན་རླབས་རང་སེམས་ལ་འཇུག་མི་སྲིད། དགེ་བྱེད་རྣལ་མ་ཡོང་བ་ལ་ངེས་འབྱུང་རྣལ་མ་སྐྱེ་དགོས། རྣལ་འབྱོར་ཉམས་ཀྱི་གྲོས་འདེབས་འོད་གསལ་སེམས་ཀྱི་མེ་ལོང་། རི་ཁྲོད་འགྲིམ་པར་རང་ཉིད་ལ་ཐོས་བསམ་གྱི་ཆ་རྐྱེན་ཚང་དགོས། ལམ་པའི་གང་ཟག་གི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་ཚུལ་རང་རིག་མཛུབ་ཁྲིད། རྫོགས་པ་ཆེན་པོའི་ཉམས་ཁྲིད་ཟབ་གདམས་ཀུན་བཟང་ཐུགས་ཀྱི་ཆོ་འཕྲུལ། རང་རྒྱུད་བོན་དང་མ་འདྲེས་ན་བོན་སྦྱོང་ཡང་དོན་གོ་ཆུང་། གསང་གསུམ་བོན་གྱི་སྙིང་ཁུ་རྣལ་འབྱོར་དགྱེས་པའི་མན་ངག་བློ་རྨོངས་སེལ་བའི་འོད་ཟེར། འཇོག་བཤིག་སྐྱོང་གསུམ་མྱོང་ཁྲིད་མཁའ་ཟླ་མཛུབ་ཚུག དཔལ་ལྡན་བླ་མའི་སྙིང་གཏམ་ཀུན་བཟང་དགོངས་པ་སྐྱོང་ཐབས་རང་རིག་གསལ་བའི་སྒྲོན་མེ། བོན་ལ་ཐོས་བསམ་སྦྱོང་བ་ཀུན་ཐོས་བསམ་ཉོན་མོངས་ཀྱི་གཉེན་པོར་སྨིན་པ་སྦྱོང་དགོས། བླ་མེད་ལྟ་བའི་ཟབ་གདམས་གཞི་རིག་ནམ་མཁའི་རྩལ་ཤར། རྫོགས་ཆེན་ཡེ་རིག་ངོ་འཕྲོད་དེ་རིག་པ་ཉམས་སུ་ལེན་ཚུལ་མོས་ལྡན་དགྱེས་པའི་འཁར་བ། སྒོམ་སྐྱོན་མུན་པ་སེལ་བའི་རྟ་བདུན་དབང་པོའི་འོད་སྣང་མྱོང་བའི་ཐིག་ལེ། ལྟ་སྒོམ་ཁས་བཤད་ཤེས་པ་མི་གཙོ་ལག་ལེན་དང་ཉམས་མྱོང་གཙོ། གནས་ལུགས་མྱོང་བའི་མན་ངག་བདེ་སྟོང་གསལ་བའི་རོལ་མོ། སྣང་སེམས་ཐུག་འཕྲད་བདེ་སྡུག་ལམ་དུ་སློང་ཚུལ་རང་ཉམས་ཀྱི་ཁ་བརྡ། ཟབ་གདམས་ཀུན་བཟང་ལྟ་བས་དད་ལྡན་བློ་སྒོ་འབྱེད་པའི་ལྡེ་མིག རྒྱུད་གྲོལ་བོན་གྱི་གསང་གཏམ་སྐལ་ལྡན་ཤེས་རྒྱུད་རླན་པའི་སྦྲང་ཆར། ལྷག་བསམ་དྲི་མེད་ཁ་བརྡའི་གྲོས་འདེབས་དགེ་སྦྱོར་རི་ཁྲོད་ཡར་བསྐུལ་ཕན་བདེའི་འོད་སྣང་། དུག་ལྔ་རང་ཤར་རང་གྲོལ་གཏོང་དགོས་ཚུལ་གྱི་གདམས་པ་དུས་ཀྱི་སྨན་ཆར། ལྷག་བསམ་དང་གཞན་ཕན་ཡོད་ན་བཙའ་དགོས་མེད་ན་བཙལ་དགོས། རབ་བྱུང་དང་ཁྱིམ་པ་གཉིས་ལ་བདེ་སྡུག་ཁྱད་པར་ཅི་ཙམ་ཡོད་པ་རབ་བྱུང་པས་ངེས་པར་དུ་ཤེས་དགོས་བཅས་སྣ་ཁ་མི་འདྲ་འགས་གྲུབ་ཡོད་པ་བཅས་སོ། །
ཆེས་མཐའ་མཇུག་ཏུ་ཞུ་བ་ལ་གསུང་འབུམ་ཕྱོགས་སྒྲིག་དཔར་སྐྲུན་གྱི་ཐད་ལ་ལམ་སྟོན་ཟབ་མོ་གནང་མཁན་དྲིན་ཆེན་རྩ་བའི་བླ་མ་ནོར་བུ་རིན་པོ་ཆེ་མཆོག་དང་། མཁས་གྲུབ་སྐྱེས་ཆེན་དམ་པ་རྒྱལ་བ་ཀུན་མཁྱེན་ཤར་རྫ་པའི་རྒྱལ་ཚབ་རིན་པོ་ཆེ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་ནས་གསུང་འབུམ་དཔར་སྐྲུན་ལ་ཤིས་བརྗོད་ཟབ་མོ་གནང་བ་དང་། ཐོག་མཐའ་བར་གསུམ་དུ་ཞུ་སྒྲིག་གི་ཞབས་འདེགས་མཛད་མཁན་སྤྲུལ་སྐུ་རྫོགས་ཆེན་བསྟན་འཛིན་དང་། གྲྭ་སློབ་ཉི་མ་བློ་གྲོས། སྐར་མ་བློ་གྲོས། ཁྲི་ལྡེ་གཡུང་དྲུང་བཅས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་དང་། དཔར་སྐྲུན་འགྲོ་སོང་གི་ཐད་ལ་དཀའ་ཁག་ཆེད་སེལ་དུ་སྒོར་མོའི་ཞལ་འདེབས་གནང་མཁན་རྣམས་ལའང་བཀའ་དྲིན་ཆེ་ཞེས་ཡང་ཡང་དུ་ཞུ་བ་དང་ཆབས་ཅིག དགེ་བའི་མཐུ་དང་ནུས་པ་དཔལ་དང་བྱིན་རླབས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་ལུང་རྟོགས་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་ཀུན་སྒྲིབ་གཉིས་བྱང་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་སྨོན་འདུན་དང་བཅས་ཏེ་སྤྱི་ལོ་༢༠༢༤ལོའི་ཟླ་བ་༨པའི་ཚེས་༢༢ཉིན་ཕུན་ཚོགས་བློ་གྲོས་སུ་འབོད་པས་སྦྱར་བའོ། །
མཛད་པ་པོའི་རྣམ་ཐར་ཉུང་བསྡུས།
ཕུན༷་ཚོགས་དགེ་ལེགས་བསོད་ནམས་དཔལ་མངའ་སྟེ། །ཚོག༵ས་གཉིས་སྟོབས་ཀྱིས་སྔོན་སྦྱངས་ལས་འཕྲོ་སད། །བློ༵་འདས་བླ་མེད་རིག་པའི་རང་མདངས་ཤར། །གྲོ༵ས་ལམ་རྫོགས་ཆེན་དགོངས་པ་ཀློང་དུ་བརྡོལ། །དབྱིང༵ས་ཉིད་སྤྲོས་བྲལ་སྐུ་གསུམ་གཞི་ཀློང་ནས། །རིག༵་པ་མ་འགག་འཁོར་འདས་སྣང་ཆ་ཀུན། །ར༵ང་འབྱུང་འོད་གསལ་སྣང་སྟོང་གཉིས་མེད་ངང་། །གྲོ༵ལ་བ་བཞི་ལྡན་རྩལ་རྫོགས་རྣལ་འབྱོར་པ། །སྙིང༵་ཏིག་ཟབ་དོན་དགོངས་པའི་གཏེར་ཆེན་ལས། །པོ༵་ཏི་ཁྲི་ཕྲག་གཏེར་སྙན་མི་ཟད་པའི། །ཟག་མེད་ཡེ་ཤེས་ཡོན་ཏན་ཕུང་པོ་ལ། །ཚེ་རབས་མི་འབྲལ་དད་པས་ཕྱག་འཚལ་སྐྱབས། །ཞེས་མཆོད་བརྗོད་ཤེལ་དཀར་འཕྲེང་བས་མདུན་ནས་ལེགས་པར་བསུས་ཏེ་སྐབས་བབས་ཀྱི་གླེང་བྱ་ནི། དེ་ཡང་དུས་གསུམ་སངས་རྒྱས་ཀྱི་ངོ་བོ་འགྲོ་བའི་མགོན་པོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་དང་དབྱེར་མ་མཆིས་པའི་དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན། ༧རྫོགས་ཆེན་ཀློང་བརྡོལ་ཕུན་ཚོགས་བློ་གྲོས་སམ་དབྱིངས་རིག་རང་གྲོལ་སྙིང་པོ་མཆོག་ཉིད་ཀྱི་རྣམ་ཐར་ཉུང་བསྡུས་ཤིག་ཞུ་བ་ལ།
རྫོགས་ཆེན་ཀློང་བརྡོལ་ཕུན་ཚོགས་བློ་གྲོས་མཆོག་ནི། མཁས་གྲུབ་སྐྱེས་ཆེན་དམ་པའི་འབྱུང་གནས་ཁམས་ཁྱུང་པོ་སྟེང་ཆེན་ཞེས་གྲགས་པའི་ནང་ཚན། ཁྱུང་སྟོད་ག་ཐ་ལུང་པའི་གནས་མཆོག་སྤུ་རྒྱལ་གངས་དཀར་གྱི་ཤར་ངོས་སྡོམ་གཞུང་ལྷ་སྡེ་ཕྱུག་མོར་གཡུང་དྲུང་བོན་གྱི་ལྷ་འབངས་སུ་གྱུར་བ། བདེན་པ་ལྷ་ཆོས་ཉིད་ལ་ཕུགས་གཏད་ཅིང་སྡིག་པ་མཚམས་མེད་མི་དགེ་རིང་དུ་འདོར་བའི་ཡ་རབས་སྤྱོད་བཟང་གི་ཁྱིམ་རྒྱུད། བ་རི་ཚང་ཞེས་པར་ཡབ་གཤིས་རྒྱུད་བལ་ལས་འཇམ་ཞིང་གཞུང་རྒྱུད་མདའ་ལྟར་དྲང་བ་བ་རི་ནོར་བརྟན་དང་། ཡུམ་དད་སེམས་གཙང་མའི་དགེ་བརྩོན་ཆེ་ཞིང་བྱམས་སེམས་ངང་རྒྱུད་ཀྱིས་ཕྱུག་པ་ལྷ་བཟའ་དཀར་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ཏེ་སྤྱི་ལོ་༡༩༨༩ལོའི་བོད་ཟླ་༢པའི་ཚེས་༡༥ཉིན་སྐུ་བལྟམས།
ཁོང་སྐུ་ན་ཆུང་དུས་ཀྱི་མཚན་ལ་གཡུང་དྲུང་བློ་གྲོས་ཞེས་མེ་སྟོན་བླ་རྒན་ལྷུན་གྲུབ་རྒྱལ་མཚན་མཆོག་ནས་གསོལ། སྔོན་སྨིན་བག་ཆགས་བཟང་པོའི་སྟོབས་ཀྱིས་ན་མཉམ་བྱིས་པ་གཞན་དང་མི་འདྲ་བར་དགེ་འདུན་སེར་མོའི་རིགས་ལ། དད་མོས་དང་དག་སྣང་ལྡན་ཞིང་དགེ་བའི་ལས་ལ་སྤྲོ་བ་དང་དད་སེམས་ཆེ་བ། སྡིག་པར་འཛེམ་བག་ཆེ་ལ་རང་གཤིས་འཇམ་ཞིང་སྤྱོད་པ་དུལ་བ། ཉམ་ཐག་སེམས་ཅན་མཐོང་ན་བྱམས་པ་དང་བརྩེ་བ། སྙིང་རྗེ་སོགས་རང་འབྱུང་བཅོས་མིན་དུ་མངའ་བ་དང་། གོན་པ་ཡང་དམར་པོ་གྱོན་པ་ལ་དགའ་བ་ཐུན་མིན་སྐྱེས་བུ་བཟང་པོའི་ངང་ཚུལ་ལྷང་ངེར་མཇལ་ཡུལ་དུ་གྱུར་བ་ལ་སོགས་རྟགས་མཚན་བརྗོད་ལས་འདས་པར་མཆིས་སྐད། ཇི་སྐད་དུ། ཡི་གེ་ནག་པོའི་རྒྱུད་བསླབ་ན། །ཤེས་རབ་རིམ་གྱིས་འཕེལ་བར་འགྱུར། །གསུངས་པ་ལྟར། དགུང་ལོ་དགུ་ནས་ཡབ་ནོར་བརྟན་དང་ཨ་ཁུ་གྲྭ་དུང་དཀར་རམ་ཉི་མ་རྒྱལ་མཚན་རྣམ་གཉིས་ཀྱི་དྲུང་ནས་ཤེས་བྱ་ཀུན་གྱི་གཞི་མ་ཡི་གེ་འབྲུ་ཀློག་ལ་སྦྱངས་བརྩོན་ལྷོད་མེད་མཛད།
དགུང་ལོ་བཅུ་དྲུག་ཐོག་ཏུ་ཨ་མྱེ་བསྟན་རྒྱས་དང་ལྷན་དུ་གནས་མཆོག་ཀོང་པོ་བོན་རིར་ཕེབས་ཤིང་། གནས་སྐོར་བར་གསེང་དུ་རབ་བྱུང་སྒྲུབ་དགོས་ཞེས་ཨ་མྱེ་བསྟན་རྒྱས་ལ་ཉིན་གྲངས་མང་པོར་དུང་དུང་བྱས་ཏེ་དབུས་ཕུག་མཚམས་པ་ལྷ་འདུས་རིན་པོ་ཆེའི་མདུན་དུ་རབ་བྱུང་སྒྲུབ་ཏུ་ཕེབས་སྐབས། ལྷ་འདུས་རིན་པོ་ཆེ་མཆོག་ནས་མདང་གི་རྨི་ལམ་དང་ཉིན་གྱི་ཉམས་སྣང་ལ་རྟགས་མཚན་ཆེན་པོ་བྱུང་ཞེས། མཆོག་གིས་ཁོང་ཉིད་ཐུན་མོང་མ་ཡིན་པ་སྤྲུལ་པའི་སྐུ་མཆོག་སྨན་རིའི་མཁན་ཆེན་ཉེར་བརྒྱད་པ་མཁན་ཆེན་ཕུན་ཚོགས་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགའ་སྤྲོ་ཆེན་པོའི་ངང་ནས་གཙང་གཙུག་གི་སྡོམ་པ་གནང་བ་དང་མཚན་ལ་ཡང་ཕུན་ཚོགས་བློ་གྲོས་ཞེས་གསོལ་བར་མཛད།
དེ་ནས་དགུང་ལོ་བཅོ་བརྒྱད་ཐོག་རྗེ་བཙུན་ཕུན་ཚོགས་བློ་གྲོས་ཁོང་སྤྱི་ལོ་༢༠༠༧ལོར་བོན་གྱི་གདན་ས་ཆེན་མོ་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་དང་། རྒྱལ་བ་བསྟན་འཛིན། འཕགས་མཆོག་སེམས་དཔའ། ནོར་བུ་རིན་པོ་ཆེ་སོགས་མཉེས་པ་གསུམ་གྱིས་སྒོ་ནས་རྩ་བའི་བླ་མར་བཀུར་ཏེ་ཨ་རྫོགས་སྙན་གསུམ་དང་། ཤར་རྫའི་མཛོད་ཆེན་རྣམ་ལྔ། སྟོན་པའི་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར། རྗེ་རིན་པོ་ཆེའི་ས་ལམ། འདུལ་བ་ཀུན་བཏུས། མ་རྒྱུད་སངས་རྒྱས་རྒྱུད་གསུམ། གསང་སྔགས་བཀའ་འགྲེལ། བྱང་ཆུབ་ལམ་རིམ་བཀའ་བརྟེན་སུམ་བརྒྱ་པ་ལ་སོགས་ཐོས་བསམ་ཉམས་ལེན་གནད་དུ་སྨིན་པར་མཛད་པ་ལས། ཁ་ཚིག་ཙམ་དང་སྦྱངས་ལོ་ཙམ་མ་ཡིན་པར་ཚིག་དོན་ལག་ལེན་གང་ཅིའི་ཐད་ནས་མ་རྨོངས་པར་རྒྱུད་ལ་འབྱོར་ངེས་སུ་སྦྱངས་བརྩོན་ལྷུ་རུ་བླངས་ཤིང་། ཇི་སྐད་དུ། ཐོས་དོན་ཞི་ཞིང་དུལ་བ། །སྒོམ་དོན་ཉོན་མོངས་ཆུང་བ། །ཞེས་པ་ལྟར། རང་རྒྱུད་བོན་དང་འདྲེས་པའི་ཐོས་བསམ་སྒོམ་གསུམ་ལ་བརྩོན་འགྲུས་ལྷོད་མེད་མཛད་པ་དང་། གཙོ་ཆེར་རྫོགས་པ་ཆེན་པོའི་བོན་ལ་ཐུགས་འདུན་ཟབ་མོ་འཁྲུངས་ཏེ་ཉམས་ལེན་ཆེད་སྦྱོང་གཡོ་མེད་མཛད་པས་ཉམས་རྟོགས་ཟབ་མོའི་འབྲས་བུ་གཡུར་དུ་ཟ་བ་ཐུགས་རྒྱུད་ལ་གཏམས། དེ་ལྟར་ཐོས་བསམ་སློབ་གཉེར་ཚུལ་བཞིན་མཛད་པ་དང་། གཞན་ཡང་ཐུན་མོང་གི་རིག་གནས་དང་བཀའ་དང་བཀའ་བརྟེན་སོགས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་ཕལ་ཆེ་བ་གསན་ཞིང་། དབང་ལུང་ཁྲིད་གསུམ་གྱིས་རང་རྒྱུད་ཡོངས་སུ་སྨིན་པ་དང་གྲོལ་བ་ཕྱུག་པར་མཛད་དེ་སྤྱི་ལོ་༢༠༡༡ལོར་སྒྲུབ་ཐེངས་དགུ་པའི་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པའི་ཕྱག་འཁྱེར་བཞེས་ཏེ་མཐར་ཕྱིན་དགའ་སྟོན་རྟེན་འབྲེལ་གྱིས་མཇུག་གྲུབ།
དེའི་སྐབས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་བོད་ཉི་མ་ལྷ་སར་ཞབས་སོར་འཁོད་སྐབས་སྟེང་ཆེན་དགོན་པའི་བཤད་སྒྲུབ་འདུས་སྡེའི་བླ་སློབ་མང་དག་ཅིག་མཇལ་ཁར་ཕེབས་པ་དང་མཉམ་དུ་བྱོན་ནས་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་དང་ཁྲིད་གདམས་སོགས་ཞུ་བའི་སྐལ་བ་བཟང་པོ་ལྡན་པ་དང་། རྗེ་བླ་མ་མཆོག་ནས་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་དུ་ཞེ་གཡུང་དྲུང་དཔལ་རི་དགོན་གྲུབ་ཐོབ་བཟོད་པ་རིན་པོ་ཆེའི་སྐུ་གདུང་མདུན་ནས། གཙང་སྨན་རི་དགོན་རྗེ་མཉམ་མེད་ཆེན་པོའི་སྐུ་གདུང་མདུན་བར་རྐྱང་ཕྱག་བཞེངས་རྒྱུའི་ཁས་ལེན་དམ་བཅས་མཛད་དེ། རྗེས་སོར་སྒྲུབ་མཐར་ཕྱིན་རྗེས་ལོ་ངོ་གཅིག་གི་རིང་ལ་རྐྱང་ཕྱག་བཙལ་ཞིང་ལེགས་གྲུབ་མཛད།
དེ་ནས་སྤྱི་ལོ་༢༠༡༤ལོར་རང་ཡུལ་དུ་དབེན་གནས་གོ་སྡོམ་རི་ཁྲོད་དུ་བཞུགས་ཤིང་ཡི་དམ་ཞི་བ་ཨ་གསལ་གྱི་བསྙེན་སྒྲུབ་ཚུལ་བཞིན་བཅད་རྒྱ་མཛད་དེ་བཞུགས་སྐབས། ལུང་ལས། སྔོན་སྦྱངས་ལས་འཕྲོ་དུས་འདིར་སད། །ཅེས་པ་ལྟར། སྔོན་སྦྱངས་བསོད་ནམས་བསགས་པའི་མཐུ་སྟོབས་དང་ད་ལྟའི་དགེ་སྦྱོར་ཉམས་ལེན་དྲག་པོའི་མཐུ་རྐྱེན་འཛོམས་ཤིང་རྫོགས་པ་ཆེན་པོའི་རིག་པ་སད་དེ་དགོངས་པ་ཀློང་བརྡོལ་གྱི་བདག་ཉིད་ཆེན་པོ་རུ་གྱུར། ཉམས་མགུར་དང་། སྒྲུབ་གཞུང་། དབང་གདམས། ཁྲིད་རིམ་སོགས་ཅི་ཕབ་ཀྱང་འགག་མེད་ཀློང་བརྡོལ་དགོངས་པའི་གཏེར་ཆེན་ལ་མངའ་བརྙེས་ཤིང་མཁས་བླུན་ཀུན་གྱིས་མཇལ་ཡུལ་དུ་གྱུར་ཏེ། བླ་མ་དང་། དགེ་བཤེས། མཚམས་པ་མང་དག་གིས་དད་མོས་གུས་པས་མེ་ཏོག་འཐོར་བ་དང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ཁོང་ཉིད་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རྣམ་སྤྲུལ་རེད་འདུག་ཅེས་ཞལ་ནས་མངོན་སུམ་དུ་གསུངས་པ་དང་། བླ་མ་དགེ་བཤེས་མཚམས་པ་སོགས་ཀྱིས་གསོལ་འདེབས་བྱིན་ཆེན་མང་པོ་ཕུལ་བ་དང་། ཁྱད་པར་དུ་ཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གིས་ཁོང་ལ་གསོལ་འདེབས་ཤིག་གནང་བ་དེ་ཐུན་མོང་མ་ཡིན་པའི་གསོལ་འདེབས་ཤིག་ཏུ་སྣང་བས་དག་སྣང་དང་གདེང་འཇོག་དཔག་མེད་མཛད་པ་དངོས་གསལ་དུ་གྲུབ་སྟེ། དེ་ཡང་། ཨེ་མ་ཧོ། རྒྱལ་ཀུན་སྤྱི་གཟུགས་ཚེ་དབང་རིག་འཛིན་གྱི། །གསང་གསུམ་ཡོན་ཏན་ཕུན༵་ཚོག༵ས་བྱིན་བརླབས་ནས། །ཟབ་དོན་རྟོགས་པའི་བློ༵་གྲོ༵ས་རྩལ་རྫོགས་པའི། །མཚན་ལྡན་བླ་མ་ཁྱེད་ལ་གསོལ་བ་འདེབས། །ཞེས་པའོ། །
དེ་ནས་ལྟ་བ་ཡས་ནས་ཕབ་ཅིང་སྤྱོད་པ་མས་ནས་འཛེགས་ཏེ་སྒོམ་སྒྲུབ་ལ་ནན་ཏན་བརྩོན་བཞིན་དབེན་པའི་རི་ཁྲོད་དུ་བཞུགས་པ་ལ། མཁན་ཆེན་བསོད་ནམས་གཡུང་དྲུང་ཞལ་ནས། པད་མོའི་ཚོགས་ལ་སྦྲང་རྩི་གནས། །མོས་པའི་བུང་བ་དེ་ལ་འཁོར། །སྐྱེས་བུ་དམ་པ་ཡོན་ཏན་མཛོད། །དད་ལྡན་བློ་གསལ་དེ་ལ་འཁོར། །ཞེས་གསུངས་པ་ལྟར། བུང་བ་རྩི་ལ་འཁོར་བ་བཞིན་སྒོམ་སྒྲུབ་ལ་དད་མོས་གུས་གསུམ་ལྡན་པའི་སློབ་ཚོགས་མང་ཞིང་དག་པ་འཕེལ་བ་ལ། ཇི་སྐད་དུ། སེམས་ཅན་དོན་བྱེད་མ་གཏོགས་པར། །སངས་རྒྱས་ལ་ཡང་ལས་གཞན་མེད། །ཅེས་པ་ལྟར། སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་གྱི་བདེ་སྐྱིད་འཛོམས་པའི་ཆེད་དུ་བོན་ཕྱི་ནང་གསང་གསུམ་ཀུན་གྱི་སྙིང་པོ་ལུང་རྟོགས་སྨིན་གྲོལ་གྱི་འབྱུང་རྩ། ཡང་དག་བྱང་ཆུབ་སྒྲུབ་པའི་གཞུང་ལམ། སྒོམ་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་ཡོང་ཞིང་། དགེ་ལེགས་ཀུན་གྱི་འབྱུང་གནས་བོན་བསྟན་རིན་པོ་ཆེ་འདི་ཉིད་གང་ཟག་གི་རྒྱུད་ལ། མ་གོ་བ་གོ་བར་བྱ་བ་དང་། མ་ཤེས་པ་ཤེས་པར་བྱ་བ། ཤེས་པ་གྲོལ་བར་བྱ། གྲོལ་ནས་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་སྟེ། སྨིན་གྲོལ་གྱིས་འཁོར་བའི་ལས་ཉོན་རིང་དུ་སངས་ཏེ་གཏན་བདེའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་ཟབ་མོ་ཐུགས་ལ་བཏགས་ནས། རང་གནས་གོ་སྡོམ་རི་ཁྲོད་ཐོས་བསམ་སྒོམ་སྒྲུབ་གླིང་གི་འཁོར་སློབ་ལ་གླིང་སྡེ་གཉིས་སུ་ཕྱེས་ཏེ། ཕོ་གླིང་འོད་གསལ་རྫོགས་ཆེན་རི་ཁྲོད་ཅེས་པ་རྗེ་ཉིད་ཀྱིས་ཕྱག་བཏབ་སྟེ་རང་སློབ་གྲྭ་པ་རྣམས་ལོ་གྲངས་བཅུ་གཉིས་ལ་སྒོམ་གྲྭའི་ཚད་གཞི་མཛད་དེ། རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེ་བ་བཞི་སྟེ། ཞང་ཞུང་སྙན་བརྒྱུད། བསྒྲགས་པ་སྐོར་གསུམ། གབ་པ་དགུ་སྐོར། ཡེ་ཁྲི་མཐའ་སེལ། མུ་མེད་བདལ་པ། ཞང་ཞུང་སྙན་བརྒྱུད་ཀྱི་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ། ནམ་མཁའ་འཕྲུལ་མཛོད། རྫོགས་ཆེན་ཨ་ཁྲིད། ཡང་རྩེ་ཀློང་ཆེན། ཤར་རྫ་རིན་པོ་ཆེའི་མཛོད་ཆེན་རྣམ་ལྔ་ལ་སོགས་པར་ཐོས་བསམ་སྒོམ་གསུམ་གྱི་ལམ་ནས་སློབ་སྦྱོང་སྟེ། ཚིག་གི་སྒྲོ་འདོགས་ཆོད་པ། དོན་གྱི་རྟོགས་པ་ཤར་བ། ཚིག་དོན་ཡ་འཆལ་དུ་མ་སོང་བ། ལག་ལེན་ཁོག་ཏུ་མ་རྨོངས་པར་ཤེས་རབ་གསུམ་གྱིས་རྒྱུད་སྦྱོང་ཚུལ་བཞིན་ཡོང་བར་གཞུང་ལུགས་ཀྱི་ལམ་རིམ་ལྟར་སློབ་ཁྲིད་མཛད་དེ། རྫོགས་པ་ཆེན་པོའི་གཞུང་ལུགས་ལ་ཆེད་སྦྱོང་གི་སྐལ་བ་བཟང་པོ་བསྩལ། མོ་གླིང་ལ་དགའ་རི་བསམ་གཏན་མི་གཡོ་གླིང་ཞེས་པའི་མཚན་གསོལ་ཏེ། བཙུན་མ་རྣམ་པར་སྒོམ་གྲྭའི་དུས་ཡུན་ལོ་གྲངས་བདུན་གྱི་རིང་ལ། ཨ་རྫོགས་སྙན་གསུམ་དང་། ཤར་རྫའི་མཛོད་ཆེན་རྣམ་ལྔ་གཙོས་པའི་དྲང་ངེས་བོན་སྐོར་ལ་སོགས་པ་ཐོས་བསམ་སྒོམ་གསུམ་གྱི་ལམ་རིམ་ཚུལ་བཞིན་སློབ་ཁྲིད་མཛད་དེ། ཤེས་རབ་གསུམ་གྱིས་རྒྱུད་སྦྱོང་གནད་སྨིན་ཡོང་བར་འབད་བརྩོན་ལྷོད་མེད་ཀྱི་བཀའ་དྲིན་ལྷག་ཏུ་སྐྱོང་ཞིང་། རྫོགས་པ་ཆེན་པོའི་ཉམས་ལེན་ལ་དམར་ཐག་གཅོད་ཅིང་འདི་ཕྱི་གཉིས་ལས་ཕྱི་མ་གཙོ་བོར་བཟུང་བའི་དགེ་སྦྱོར་རྣམ་དག་དུ་མ་སྐྱེད་སྲིང་གི་མཛད་འཕྲིན་སྐྱོང་བཞིན་པ་དང་། ཞོར་དུ་དད་ལྡན་མང་ཚོགས་རྣམས་ཀྱི་ཐུགས་དགོངས་མི་ལྡོག་པར་སྔོན་འགྲོ་དང་དངོས་གཞི་མུན་མཚམས་སོགས་སྨིན་གྲོལ་བོན་འཁོར་གྱི་བཀའ་དྲིན་སྐྱོང་མུས་སུ་བཞུགས།
གཞན་ཡང་རྗེ་ཉིད་ཀྱང་སྦྱིན་པ་རྣམ་བཞི་དང་། ཁ་འདོན་བཟླས་བརྗོད། ཕྱག་སྐོར་སྒྲིབ་སྦྱོང་། དགེ་སྦྱོར་རྒྱུན་སྤྱོད་ཀྱི་མཛད་པ་ལས་མི་འབྲལ་ཞིང་། དུས་རྣམ་ཀུན་ཏུ་ལྟ་བ་ལྷ་དང་མཉམ་ཡང་སྤྱོད་པ་མི་ལ་བསྟུན་ཞེས་པ་ལྟར། དགེ་སྦྱོར་གྱི་ངང་ཚུལ་ཁོ་ན་བཟུང་ནས་རྒྱུན་པར་མཚམས་བསྙེན་སྒྲུབ་ཀྱིས་དུས་འདའ་བར་མཛད་པ་ལས། དེང་སང་སྒོམ་ཆེན་ཡིན་ཟེར་བའི་ཁ་ཅིག་གིས་ཉམས་རྟོགས་མཐོན་པོར་རློམས་ཏེ། དགེ་སྤྱོད་རྣམས་གཅོག་ཅིང་སྟོང་ལྟ་ཧད་པོ་རྒྱུད་ལ་བཟུང་ནས་ལས་འབྲས་རྩིས་མེད་རྡོག་རོལ་གཏོང་བ་ལྟ་བུ་ལ་ཐུགས་གཏན་ནས་མི་དགྱེས་ཏེ། རྒྱུད་ལས། བོན་ཉིན་མངོན་སུམ་རྟོགས་ན་ཡང་། །འདུ་བྱས་དགེ་རྩ་རྒྱུན་མི་གཅོད། །ཅེས་པ་ལྟར་རྨད་དུ་བྱུང་བའི་མཛད་སྤྱོད་ལས་མི་འདའ་སྟེ། ཤར་རྫ་རིན་པོ་ཆེའི་ཞལ་སྔ་ནས། བྱང་ཆུབ་སྒྲུབ་པའི་ཐབས་ལ་མང་ལགས་ཀྱང་། །རྩ་བ་ངེས་འབྱུང་བློ་དང་བྱང་ཆུབ་སེམས། །སྟོང་ཉིད་ཟབ་མོ་གསུམ་གྱིས་མ་ཟིན་ན། །ཐར་པའི་ལམ་སྣ་ཟིན་པ་གཅིག་ཀྱང་མེད། །གསུངས་པ་ལྟར། ངེས་འབྱུང་གི་བློ་དང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཟབ་མོ་སོགས་དྲང་ངེས་ཟུང་འབྲེལ་དུ་ཉམས་ལེན་བར་མེད་ཆུ་བོའི་རྒྱུན་བཞིན་སྐྱོང་ཞིང་། དད་པ་དང་། དག་སྣང་། རྒྱུ་འབྲས་ལ་བརྩི་འཇོག་ཟབ་མོ་མཛད་དེ། བྱང་ཆུབ་དོན་དུ་གཉེར་བའི་གང་ཟག་ལམ་པའི་སྣང་ངོར་བྱང་ཆུབ་འཇུག་སྒོར་མ་ནོར་བའི་བག་ཆགས་ཟབ་མོ་སྟོན་པ་ལགས་སོ། །
དེ་ལྟར་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པའི་བར་གསེང་དུ། ཁོང་གིས་རྫོགས་པ་ཆེན་པོའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ལོ་མང་འབད་བརྩོན་མཛད་པའི་འབྲས་རྟགས་སུ་རྫོགས་པ་ཆེན་པོའི་ཡིན་ལུགས་ཐུགས་རྒྱུད་ལ་སྨིན་ཞིང་གྲོལ་ནས། དགོངས་པ་ཀློང་བརྡོལ་གྱི་གཏེར་མཛོད་དགོངས་གཏེར་ལས་འཁྲུངས་པའི་བོན་སྡེ། ཉམས་མགུར་དང་། ཁྲིད་རིམ། སྒྲུབ་ཆོག ཞལ་གདམས། འདོན་ཆོག མཇལ་སྣང་སྐོར་སོགས《དགོངས་གཏེར་ཀུན་བཟང་མཛོད་ལྔ》ཞེས་པའི་གསུང་འབུམ་ཕྱོགས་བསྒྲིགས་བྱས་ཏེ། ཐུན་མོང་མ་ཡིན་པའི་གསུང་འབུམ་གལ་ཆེ་བ་ཞིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་དཔར་སྐྲུན་ཞུ་འཆར་ཡོད་པ་ལ་རྗེ་ཉིད་ཀྱི་ལོ་རྒྱུས་ཉུང་བསྡུས་འདི་ཕུལ་བ་ལགས་ཏེ། ཇི་སྐད་དུ། སངས་རྒྱས་ཁམས་དང་སངས་རྒྱས་ཡེ་ཤེས་དང་། །སངས་རྒྱས་མཛད་ཕྲིན་གང་དག་མ་ལུས་རྣམས། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞལ་མི་ནུས། །ཞེས་གསུངས་པ་ལྟར། གཡུང་དྲུང་སེམས་དཔའ་དག་གིས་ཀྱང་ས་ཡི་རྡུལ་དང་བསྐལ་པའི་ཆར་གྲངས་རྣམས་གྲངས་སུ་ཆོད་ཀྱང་། སྐྱེས་བུ་དམ་པའི་གསང་གསུམ་མཛད་འཕྲིན་གྱི་ཡོན་ཏན་ནི་གྲངས་སུ་བརྗོད་པར་མི་ནུས་པའི་ཚད་དུ་འདུག་པས། རང་རེ་ལས་ཉོན་གྱི་ཕུང་པོ། ཆུ་བུར་མིག་ལྡན་དག་གིས་བརྗོད་པར་རི་རབ་ཆེན་པོའི་རྒྱ་མཚོ་སྐྱོགས་ཀྱིས་གྲངས་སུ་གཞལ་མི་ནུས་པ་ལྟར། ཡིན་ཡང་རྗེ་བླ་མ་མཆོག་ཡུན་རིང་དུ་བསྟེན་པའི་མྱོང་བ་དང་འབྲེལ་ཞིང་མིག་མཐོང་ལག་ཟིན་གྱི་མཛད་འཕྲིན་བསམ་མཐའ་ཡས་པ་ལས་ཆ་ཤས་ཙམ་བརྗོད་པ་འདི། ཕྲན་ནི་སྐྱེས་སྟོབས་ཀྱི་ཤེས་རབ་མ་ལྡན་ཞིང་། སྦྱངས་སྟོབས་ཀྱི་ཡོན་ཏན་བླུན་པ། ཉམས་མྱོང་གི་ཡོན་ཚད་མ་ལོན་པ་ལ་སོགས། གང་ཅིའི་ཐད་ནས་བརྗོད་བྱའི་གོ་རིམ་དང་། ཚིག་གི་སྡེབ་སྦྱོར་སོགས་མ་འདང་བ་གྲངས་ལས་འདས་པ་ཡོད་སྲིད་པས་ན། བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་བླ་མ་མཆོག་དང་བློ་གཟུར་བོར་གནས་པའི་དྲན་དབང་མཁྱེན་ལྡན་རྣམ་པའི་སྤྱན་སྔར་མཐོལ་བཤགས་དང་བཟོད་གསོལ་ཞུའོ། །
སླར་སྨྲས་པ། གོང་སྐུ་རྣམ་གྲོལ་ཡེ་ཤེས་མགོན་པོ་ཡི། །གསང་གསུམ་འཕྲིན་ལས་ནམ་མཁའི་མཐའ་ཡས་པ། །གཤོག་ལྡན་བྱེའུ་ཆུང་ལྡིང་སྐོར་རང་སྣང་གིས། །ནམ་མཁའི་གཏིང་མཐའ་ཆོད་ཟེར་གླེན་གཏམ་མོ། །དེ་ལྟར་སྐྱེས་བུ་དམ་པའི་མཛད་འཕྲིན་གང་། །བརྗོད་པའི་ཤེས་རབ་ལྡན་པ་མ་ལགས་ཀྱང་། །དགོས་གལ་ཕྲག་ཏུ་ལྷུངས་པས་མ་བཟོད་དེ། །དད་གུས་གཙང་མས་རྣམ་ཐར་ཆ་ཙམ་སྨོས། །དེ་ཡང་རང་ཕྱོགས་ཆེ་བསྟོད་ང་རྒྱལ་དང་། །གཞན་ཕྱོགས་སྨད་འདོད་ཕྲག་དོག་ཟུར་ཟ་སོགས། །རིང་དུ་དོར་ཞིང་གཟུར་གནས་གཞུང་ལམ་ནས། །ཇི་བཞིན་བརྗོད་པའི་སྤོབས་པ་ཡང་ཡང་རྒྱས། །ལར་ཡང་པཎ་ཆེན་ལི་ཤུའི་ཞལ་སྔ་ནས། །དོན་དུ་མི་མཐུན་རྒྱལ་བའི་བཀའ་ཡང་ཞོག །དོན་དང་ལྡན་ན་བྱིས་པའི་ལས་ཀྱང་ལོན། །གསུངས་ལྟར་སྐལ་ལྡན་དགྱེས་པའི་མཆོད་སྤྲིན་འབུལ། །བརྗོད་གཞི་མགོ་མཇུག་ཚིག་སྦྱོར་མ་དག་དང་། །ནང་དོན་ཚིག་དབེན་ཆད་ལྷག་ནོར་འཁྲུལ་སོགས། །དྲིན་ཆེན་བླ་མ་མཁྱེན་ལྡན་མཁས་པའི་དྲུང་། །མཐོལ་བཤགས་བཟོད་གསོལ་སྙིང་ནས་ལན་བརྒྱར་ཞུ། །
ཞེས་སྤྱི་ལོ་༢༠༢༤ལོའི་ཟླ་༧པའི་ཚེས་༡༣ཉིན་མཆོག་གི་སློབ་མའི་གྲལ་མཐའ་བ་རྫོགས་ཆེན་བསྟན་འཛིན་དུ་འབོད་པས་ཐོས་བསམ་ཉམས་ལེན་འཕེལ་སའི་གནས་མཆོག་དབེན་པའི་རི་ཁྲོད་དུ་རང་ལོ་ཉེར་བརྒྱད་སྐབས་སུ་རྗེ་བླ་མ་མཆོག་གི་མཛད་རྣམ་ཉུང་བསྡུས་འདི་བྲིས་པས་དགེ་ལེགས་འཕེལ་གྱུར་ཅིག