༼ཐུགས་རྗེ་ཉི་མ་དགུ་ཤར་གྱི་འབུམ་༽གསེར་གྱི་གླེགས་བམ་ཅན་འགྲེམས་སྤེལ་དབུ་འབྱེད་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2024-06-23 07:45:58][རྩོམ་པ་པོ། དཔེ་སྐྲུན་པ་སྐལ་བཟང་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དེ་རིང་༢༠༢༤/༦/༡༩/ ཉིན་ལ་བྱང་བྱ་དུར་དགལ་མལ་དགོན་ཆེན་ནས་༧རྒྱལ་བའི་བཀའ་རིན་པོ་ཆེ་༼ཐུགས་རྗེ་ཉི་མ་དགུ་ཤར་གྱི་འབུམ་༽གསེར་གྱི་གླེགས་བམ་ཅན་འགྲེམས་སྤེལ་དབུ་འབྱེད་མཛད་སྒོ་སྤེལ་བ།
ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ།  བོད་སྐད་དུ། གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ།།  འཕྲུལ་གྱི་ཡི་གེར་བསྟོད་པའི་མདོ་ལས། གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་།། མ་འོངས་འགྲོ་ཀུན་ཐར་བ་འདྲེན་པའི་ཕྱིར།། གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།། དེའི་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན།། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས།། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར།། ཞེས་གསུངས་པ་ལྟར་སྟོན་པ་ཐུགས་རྗེ་ཅན་སྐུ་དངོས་སུ་མི་བཞུགས་ན་ཡང་ཁོང་གིས་གསུངས་པའི་རྗེས་བཞག་གསུང་རབ་དག་སྤྱད་ཅིང་ཉམས་སུ་བླངས་ན་ལུས་ཅན་སྡུག་བསྔལ་ལས་ཐར་བའི་ཐབས་ཁྱད་པར་ཅན་དང་ལྡན་པས། ཕྱི་རབས་འགྲོ་བ་རྣམས་ཀྱིས་རྒྱལ་བའི་བཀའ་རིན་པོ་ཆེ་འདི་ཉིད་ལ་མཆོད་ཅིང་བཀུར་བ་སོགས་བྱེད་དགོས་པ་སངས་རྒྱས་ཉིད་ཀྱིས་ལུང་དུ་བསྟན་པ་ཡིན། དེ་བས་གཡུང་དྲུང་བོན་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་ཚེ་ཐོས་ན་ཤིན་ཏུ་དགའ་འོས་པའི་གཏམ་བཟང་ཞིག་སྤེལ་རྒྱུ་ལ། ད་སྐབས་སྤྱིར་ན་བོན་པོའི་སྤྱི་ཚོགས་ཁྲོད་ན་བོན་བསྟན་སྤྱི་ལ་ཕན་པའི་བྱ་བཞག་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པ་མང་པོ་མཐོང་དུ་སྲིད། ང་ཚོས་ཀྱང་ཁ་མིག་ཡར་ལྟོས་བྱས་ཏེ་བྱ་བ་བཟང་བོ་ཞིག་བསྒྲུབ་ཨེ་ཐུབ་སྙམ་པའི་ཀུན་སློང་གཞིར་བཅས་སྔར་ཡང་སྤྱི་ཚོགས་སུ་བོན་གྱི་མཁོ་ཆས་མང་བོ་ཞིག་འདོན་སྤེལ་མང་ཙམ་བྱས་པ་ཡིན། ད་ཐེངས་ཡིན་ན་སྔོན་ཆད་འཕྲུལ་དཔར་ཅན་སྤུས་ཚད་དང་ལེབ་ཆེན་གང་ཐད་ནས་བྱུང་མ་མྱོང་བའི་སངས་རྒྱས་ཀྱི་བཀའ་ཐུགས་རྗེ་ཉི་མ་དགུ་ཤར་གྱི་འབུམ་གསེར་འབུར་ཅན་ཞིག་དཔར་བསྐྲུན་བྱས་པ་ཡིན། བཀའ་རིན་པོ་ཆེ་འབུམ་འདི་ཡི་པར་གཞི་ནི་སྨོན་རྒྱལ་ཀུན་གྲོལ་ལྷ་སྲས་རིན་པོ་ཆེས་དཔར་དུ་བསྐྲུན་པ་ཅན་དེ་ཡིན། གསུང་རབ་དཔར་བསྐྲུན་བྱས་པའི་ཐོག་མཐའ་བར་གསུམ་དུ་བོན་གྱི་མཁས་གྲུབ་གཉིས་ལྡན་གྱི་བླ་ཆེན་མང་པོ་དང་དགེ་བའི་བཤེས་གཉེན་དུ་མ་ཞིག་ལ་ཆེད་དུ་བཅར་འདྲི་ཡང་ཡང་བྱས་མཐར་ཁོང་རྣམས་ཀྱིས་མཛུབ་མོས་རི་སྟོན་ཚུལ་ལྟར་གསུང་རབ་ཀྱི་སྤྱི་ཡི་ཇུས་འགོད་དང་། དབུ་ལྷ་འཇོག་སྟངས། དག་ཆ་བཟོ་སྟངས་བཅས་ཀྱི་ཚུན་ཆད་ནས་རང་བཟོས་བསླད་པ་ཞིག་གཏན་ནས་མེད་པས་ཚད་ལྡན་ལུང་མཐུན་ཞིག་བྱུང་བ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཅི་ལ་མིན། ཤོག་གུ་དང་གསེར་གཉིས་ཀྱི་རྒྱུ་སྤུས་ལེགས་ཞིང་གསེར་ཡང་མདོག་བཟང་ཞིང་ལོ་ངོ་ཅི་ཙམ་ཕྱིན་ཡང་དག་དཀའ་བ་ཅན་ཞིག་ཡིན་པ་ངོས་ནས་ཁག་ཐེག་བྱེད་ཐུབ། པོད་གོང་འོག་ཀུན་ཏུ་ཡིག་འབྲུ་ལ་མ་གསལ་བའི་སྐྱོན་དང་སྔ་ཕྱི་བསྲེ་བ། མཐའ་ཐིག་ལ་ཚོན་གྱིས་འཚུབས་ཆ་དོད་པ་སོགས་གཅིག་ཀྱང་ཡོད་དུ་མི་སྲིད། ནང་གི་མཆོག་ལྷ་ལ་ཡང་ཞུ་འཁོར་སོགས་བཞག་ན་ལེགས་གསུངས་པའི་བཀའ་གསུང་ཐོབ་པར་བརྟེན་མདོ་ལུང་ལྟར་ཐང་ཀ་ཞིག་ཆེད་བྲིས་བྱས་ཏེ་པར་གཞི་བྱས་པ་དང་། ལྷའི་ཚོན་མདོག་དང་རྒྱུ་སྤུས་ཀྱི་ཐད་ནས་བློ་འཁེལ་ཆོག་པ་ཞིག་ཡོད། གླེགས་ཤིང་དང་གླེགས་ཐགས། གདོང་དར་དང་བཅས་བཞུགས་སུ་གསོལ་ཡོད་ལ། གླེགས་ཤིང་མདུན་ངོས་སུ་གནའ་བོའི་གླེགས་བམ་རྙིང་བ་ལྟར་ཟངས་རི་མོ་ཅན་བཞག་ཡོད་པ་སོགས། མདོར་ན་གླེབས་བམ་ཕྱི་ནང་ཆ་ཚང་ཅན་ཞིག་བཟོས་ཡོད་པས་དད་པའི་རྟེན་དུ་བརྩེགས་ཆོག་ཆོག་དང་། མཐོང་ན་དང་བ་འདྲེན་པ་ཞིག་ཡིན་པས་གཡུང་དྲུང་བོན་གྱི་སྐྱབས་འོག་ཏུ་ཚུད་པའི་དད་ལྡན་པ་སུས་རང་ལ་བསོད་ནམས་ཀྱི་བགོ་སྐལ་དུ་བཞག་འདོད་ན་ལེགས་ཆ་ཆེན་པོ་ཞིག་ཐོབ་པ་ལས་རྒྱུ་ནོར་ཆུད་ཟོས་སུ་མི་འགྲོ་བ་ཁག་ཐེག་བྱེད་ཐུབ། སྤྱིར་ན་མདོ་འབུམ་སོགས་ལས་སངས་རྒྱས་ཀྱི་གསུང་གང་ཞིག་འཆང་བ་དང་། ཀློག་པ། འབྲི་བ། མཆོད་པ་དང་། ནན་ཏན་དུ་བྱས་པ་སོགས་ཀྱི་ཕན་ཡོན་ནི་སྟོང་གསུམ་གྱི་རྡུལ་དང་མཉམ་པ་ཡོད་གསུངས་པས་ན། ང་ཚོས་ཀུན་སློང་རྣམ་དག་གཞིར་བྱས་ངལ་བ་དང་ལེན་གྱི་སྒོ་ནས་གསུང་རབ་རིན་པོ་ཆེ་དཔར་བསྐྲུན་ཟབ་རྒྱས་མཛད་པའི་ཕན་ཡོན་ནི་རྒྱ་ཆེ་མོད། དེ་ལས་ཀྱང་ཁ་མ་ཏྲི་ཅན་གྱི་བོན་འབངས་ཁྱེད་ཅག་གིས་བསགས་པའི་རྒྱུ་ནོར་ཚོགས་སུ་ཕུལ་ཏེ་གསུང་རབ་འབུམ་རིན་པོ་ཆེ་འདི་ཉིད་དད་པའི་རྟེན་དུ་བཞེངས་པའི་ཕན་ཡོན་ནི་ནམ་མཁའ་ལས་ཀྱང་མཐའ་ཡས་སོ།། རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་ཡིན་ནོ།། ད་རུང་རེ་བ་ཞིག་ལ། བོན་འབངས་རྣམས་ཀྱིས་ང་ཚོ་འདི་ཀ་ནས་ལས་དང་ལས་བཞིན་པའི་གསུང་རབ་དཔར་བསྐྲུན་ཐད་ལ་ཡིད་ཆེས་དང་རྒྱབ་སྐྱོར་མི་དམན་པ་གནང་རོགས་གྱིས་དང་རྗེས་ནས་སངས་རྒྱས་ཀྱི་བཀའ་རིན་པོ་ཆེ་ཆ་ཚང་འདི་ལྟར་དཔར་བསྐྲུན་བྱེད་རྒྱུའི་རེ་འདོད་ཆེན་པོ་སེམས་ལ་ཡོད་པས་ན་དེ་བཞིན་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པའི་གོ་སྐབས་ཀྱང་ཡོད་པའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།