《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2022-09-20 17:07:25][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

  ཉེ་བའི་དེབ་གསར《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》(སྟོད་ཆ། བར་ཆ། སྨད་ཆ།)ནི་པར་གཞི་བོད་ཡིག་ཅན་ཡིན། ཁྱོན་ཤོག་ངོས་༡༦༠༠དང་ཡིག་འབྲུ་ཁྲི་༡༢༠༠ཡོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༢༢ལོའི་ཟླ་བ༩པའི་ནང་པར་དུ་བསྐྲུན། རྒྱ་ཡིག་གི་མཚན་བྱང་ལ《古藏文历史文献研究》ཟེར།

  དེབ་འདི་ལ་ས་བཅད་ཆེན་མོ་བརྒྱད་ཕྱེས་ནས་བྲིས་ཡོད། ས་བཅད་དང་པོ། ཡ་ཐོག་གདོད་མའི་བོན་གྱི་ལོ་རྒྱུས་ནང་དུ་བོན་ལུགས་སྲིད་པ་གྲོལ་ཚུལ་དང་ཡ་ཐོག་མངའ་མཛད་རིམ་པ་བྱུང་ཚུལ། རྫོགས་ཆེན་སྟོན་པ་དགུའི་སྐོར། གཡེན་བོན(གནའ་བོ་ཚོ་བ་སོ་གསུམ)སོ་གསུམ་སྐོར། བོན་ཤེས་པ་ཅན་བཅུ་གཉིས་སྐོར། སྒྲུང་ལྡེའུ་བོན་གསུམ་སྐོར། ཡ་ཐོག་སྟོན་པ་རབས་དགུ་བྱོན་ཚུལ། བོན་གཞུང་ལས་བྱུང་བའི་ས་མིང་གལ་ཆེན་འགའ་ངོ་སྤྲོད་བཅས།

  ས་བཅད་གཉིས་པ། བོན་གྱི་ལྷ་རབས་སྐབས་སུ་ཁྲོ་བོ་དབལ་གསས་དང་ཞི་བ་ཨ་གསལ། རྒྱལ་པོ་ཤེལ་ཁྲབ། བསྟན་སྲུང་ཨ་བསེ་རྒྱལ་བ། དགའ་ཐང་འབུམ་ཆེ་ཡིག་རྙིང་ལས་བྱུང་བའི་གཟེ་མ་དགུའི་སྐོར། གེ་ཁོད་ལ་སོགས་ཞང་ཞུང་གི་ལྷ་རིགས་སྐོར།

  ས་བཅད་གསུམ་པ། སྟོན་པ་གཤེན་རབ་སྐབས་སུ་སྟོན་གཤེན་རབ་ཀྱི་རུས་རྒྱུད། ཡབ་ཡུམ། སྲས་དང་སློབ་མ། འཁྲུངས་ཡུལ་དང་འཁྲུངས་དུས། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཞང་ཞུང་གི་ལོ་རྒྱུས་སོགས་ངོ་སྤྲོད་བྱས་ཡོད།

  ས་བཅད་བཞི་པ། མཁས་པའི་རྒྱན་དྲུག་དང་གནམ་གྱི་ཁྲི་བདུན་སྐབས་སུ་འཛམ་གླིང་མཁས་པའི་རྒྱན་དྲུག་དང་ལྷ་ཀླུ་མིའི་གཤེན་གསུམ། སྟག་ལ་མེ་འབར། གནམ་གྱི་ཁྲི་བདུན། རྫོགས་ཆེན་བྱང་སེམས་གབ་པ་དང་སེམས་སྨད་སྡེ་དགུ། བཙན་པོ་རྒྱལ་རབས་སྔ་མའི་སྐབས་ཀྱི་སྐུ་སྲུང་གི་བོན་པོ་དང་སྒྲུབ་པའི་གཤེན་པོ་སོགས་ཀྱི་ངོ་སྤྲོད། ཞང་ཞུང་སྙན་རྒྱུད་འཁྲུགས་ཅན་འཁྲུགས་མིན་ལས་བྱུང་བའི་བླ་བརྒྱུད་འགའ་ངོ་སྤྲོད་བྱས་ཡོད།

  ས་བཅད་ལྔ་པ། གྲི་གུམ་ནས་གནམ་རི་སྲོང་བཙན་བར་གྱི་ལོ་རྒྱུས་ལས་གྲི་གུམ་བཙན་པོའི་སྐབས་ཀྱི་གནས་ཚུལ་དང་སྤུ་ལྡེ་གུང་རྒྱལ་དང་རུ་ལས་སྐྱེས་ཀྱི་སྐོར། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད། ཕུན་སུམ་ཚོགས་པའི་རྒྱལ་པོ་བཞི། བར་གྱི་བཙན་ལྔ་སོགས་གསལ།

  ས་བཅད་དྲུག་པ། སྲོང་བཙན་ནས་དར་མ་འུ་དུམ་བཙན་བར་གྱི་ལོ་རྒྱུས་ལས་བཙན་པོ་རྒྱལ་རབས་ངོས་འཛིན་སྟངས་དང་། བཙན་པོ་རྒྱལ་རབས་སྐབས་ཀྱི་བན་བོན་གནས་སྟངས། རྒྱ་གར་བོན་སྐོར་དང་ཞང་ཞུང་བོན་སྐོར། བཙན་པོ་རྒྱལ་རབས་སྐབས་ཀྱི་བོན་གྱི་མི་སྣ་གལ་ཆེན་ངོ་སྤྲོད། བོན་གྱི་ཡིག་ཚང་ལས་བཤད་པའི་བཙན་པོ་རྒྱལ་རབས་སྐོར། སྣང་བཞེར་ལོད་པོ་མན་ཆད་ཀྱི་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་རིམ་བླ་མ་ངོ་སྤྲོད་བཅས།

  ས་བཅད་བདུན་པ། བསྟན་པ་ཕྱི་དར་སྐབས་ཀྱི་བོན་པོའི་རིག་གནས་ལས་བོན་གྱི་ཡིག་ཚང་ངོ་སྤྲོད་དང་བོན་གྱི་གཏེར་སྟོན་འགའ་ངོ་སྤྲོད། བོན་གྱི་བཀའ་འགྱུར་ངོ་སྤྲོད། བོན་གྱི་བཀའ་འགྱུར་དཀར་ཆག གདན་ས་ཆེན་པོ་གཡས་རུ་དབེན་ས་ཁ་ངོ་སྤྲོད་བཅས།

  ས་བཅད་བརྒྱད་པ། ཨ་ཁྲིད་རྫོགས་པ་ཆེན་པོ་དང་འབྲེལ་བའི་ཡིག་ཆ་ངོ་སྤྲོད། ཨ་ཁྲིད་རྫོགས་པ་ཆེན་པོ་དར་བའི་རྒྱུ་རྐྱེན་བཤད་པ། དགོངས་མཛོད་རི་ཁྲོད་པ་ངོ་སྤྲོད། ཨ་ཁྲིད་ཀྱི་བླ་བརྒྱུད་ངོ་སྤྲོད། ཨ་རྫོགས་སྙན་གསུམ་གྱི་ཉམས་ལེན་རིམ་པ་ངོ་སྤྲོད་བཅས་བཞུགས།


《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》ཅེས་པའི་དཀར་ཆག









 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།