《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》(པོད1-22)ཞེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2022-07-05 08:32:25][རྩོམ་པ་པོ། བསོད་ལོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]



འགོ་བརྗོད།

སྟོང་སྐོར་ཚེ་རིང་ཐར།

  དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ཐམ་པ་ནས་བཟུང་སྟེ། དེང་རབས་ཚན་རིག་གི་ཐབས་ལམ་བེད་སྤྱོད་བྱས་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གཞི་ནས་འགོ་བཙུགས་པ་རེད། སྐབས་དེར་འགོ་བཙུགས་པའི་བོད་རིག་པ་ཞིབ་འཇུག་གི་ནང་ཚན་དུ། བོན་བསྟན་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་འགའ་རེ་ཡང་ཀུན་གྱི་མཐོང་ལམ་དུ་གྱུར། དུས་མཚུངས་སུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དུ་སྐད་གཉིས་སློབ་གསོ་དར་བ་དང་། ལྷག་པར་དུ་སློབ་གྲྭ་ཆེན་མོའི་ནང་དུ་རིག་ཚན་གསར་བ་སྣ་ཚོགས་ཀྱི་དཔེ་ཁྲིད་ཡོད་པ་དེས་བོད་རིགས་གཞོན་ནུ་རྣམས་ཀྱི་བློ་སྒོ་ཕྱེ་ཞིང་མཐོང་རྒྱ་བསྐྱེད། དེང་རབས་སློབ་གསོའི་ཉིང་བཅུད་ལ་རོལ་ཐུབ་པ་བྱུང་བའི་བོད་རིགས་གཞོན་ནུ་རྣམས་ཀྱི་ཁྲོད་དུ། བོད་ཀྱི་ནད་རྙིང་དུག་རྙིང་དུ་གྱུར་པའི་གྲུབ་མཐའི་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་བསམ་བློ་དེ་རིམ་པར་ཡལ་བཞིན་པ་ཀུན་གྱིས་མཐོང་ཞིང་ཚོར་ཐུབ་པ་བྱུང་། དེ་ལ་བརྟེན་ནས། བོན་བསྟན་དེ་མདོ་དབུས་མཐོ་སྒང་གི་རང་སའི་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ཡིན་པ་དང་། བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཆ་ཚང་བ་ཞིག་ཤེས་དགོས་ན་དམ་པའི་ཆོས་དང་གཡུང་དྲུང་བོན་གཉིས་ཀ་གང་ཡང་མེད་དུ་མི་རུང་བའི་གྲུབ་ཆ་གལ་འགངས་ཆེན་པོ་ཡིན་པ་ལ་ངེས་ཤེས་འདྲོང་བཞིན་པའི་སྒང་རེད། དེ་བཞིན་དུ་བོན་བསྟན་ནི་ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་བོད་མི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་ཡིན་པ་དང་། མདོ་དབུས་མཐོ་སྒང་དུ་ཤེས་རིག་དར་བའི་རྨང་གཞི་ཡིན་པ་ལའང་ངོས་ཟིན་ཡོད་མཁན་ཇེ་མང་རེད། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཞིབ་འཇུག་བརྒྱུད་དེ། དམ་པའི་ཆོས་དང་གཡུང་དྲུང་བོན་གཉིས་བར་དུ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་ཞེས་གསུངས་པ་བཞིན་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་འདྲེས་བྱུང་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་ཤེས་ན། བོད་ཀྱི་རིག་གནས་སྤྱི་ལ་ངོས་འཛིན་ཡང་དག་ཅིང་ཆ་ཚང་བ་ཞིག་འབྱུང་རྒྱུའི་རེ་བ་ཡོད་པ་དང་། ལྷག་པར་དུ་གྲུབ་མཐའི་ནང་ཁུལ་གྱི་མཐུན་སྒྲིལ་ལ་མཚོན་ན་དེ་ལ་མཐུན་རྐྱེན་དང་དགེ་མཚན་ཆེན་པོ་ཡོད་པར་གདོན་མི་ཟ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》འདིར་ད་སྔ་པར་དུ་བསྐྲུན་མེད་པའི་དཔེ་དཀོན་ཤ་སྟག་བསྒྲིགས་ཡོད་པ་རྣམས་གཡུང་དྲུང་བོན་གྱི་ལོ་རྒྱུས་མི་སྣའི་སྐོར་ཞིབ་འཇུག་ལ་གལ་འགངས་ཤིན་ཏུ་ཆེ་བར་མ་ཟད། བོན་ཆོས་གཉིས་ཀའི་འབྲེལ་འདྲིས་སྐོར་ནས་གལ་འགངས་ཤིན་ཏུ་ཆེ་བའི་ལོ་རྒྱུས་མི་སྣ་སློབ་དཔོན་པད་མ་འབྱུང་གནས་དང་། དྲན་པ་ནམ་མཁའ། སངས་རྒྱས་གླིང་པ་སོགས་ཀྱི་རྣམ་ཐར་དང་སྐབས་དེའི་བྱུང་བ་ཕུན་སུམ་ཚོགས་པ་བརྗོད་ཡོད་པས། བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ད་རག་བར་དུ་ཐུགས་མཉམ་མ་བཞག་པའི་ལོ་རྒྱུས་ཀྱི་དོན་བྱ་དང་རིག་གནས་ཀྱི་རྣམ་གཞག་རྣམས་ཟུར་མ་ཉམས་ཤིང་གྲུ་མ་ཆག་པར་བརྗོད་ཡོད་པ་འདི་དག་གིས། བོད་མི་རིགས་སྤྱིའི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད་པས་རིན་ཐང་ཤིན་ཏུ་ཆེ། དཔེར་ན། གསང་སྔགས་གླིང་པའི་གཏེར་མ་དྲན་པའི་བཀའ་ཐང་ལ་ཁམས་ཉག་རོང་གོང་རྒྱལ་དགོན་པའི་ཤིང་པར་མ་གཏོགས་མེད་པ་དེ་དང་། ཚེ་དབང་རིག་འཛིན་གྱི་རྣམ་ཐར་དང་ཨོ་རྒྱན་པད་མ་འབྱུང་གནས་ཀྱི་རྣམ་ཐར། མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་སོགས་དཔེ་དཀོན་འབའ་ཞིག་སྐབས་འདིར་པར་དུ་བསྐྲུན་པས་གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་ཞིབ་འཇུག་སྐོར་ལ་མཚོན་ན་རྒྱུ་ཆ་ཤིན་ཏུ་རྩ་ཆེན་པོ་རེད། སྤྲུལ་སྐུ་བློ་ལྡན་སྙིང་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མཁས་པ་གལ་ཆེན་ཡིན་པར་མ་ཟད། ཁོང་གིས་གཏེར་ནས་བླངས་པའི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་ནི་བོད་ཀྱི་རིག་གནས་སྣ་འཛོམས་ཀྱི་བསྟན་བཅོས་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན། ད་ཆ་ཁོང་གི་རྣམ་ཐར་དཔེ་དཀོན་དེ་པར་དུ་བསྐྲུན་པས་མཁས་པ་གྲགས་ཅན་འདིའི་ལོ་རྒྱུས་ཀྱང་ཁ་གསལ་པོར་ཐོན་ཡོང་བ་ལ་དགེ་མཚན་ཤིན་ཏུ་ཆེ། སངས་རྒྱས་གླིང་པའི་རྣམ་ཐར་ལ་པོད་གསུམ་ཡོད་པར་གྲགས་ཀྱང་དེའི་ནང་གི་པོད་གཉིས་མ་གཏོགས་རྒྱུགས་མི་ཆེ་བས་པོད་གསུམ་པ་དེ་དཔེ་དཀོན་དུ་གྱུར་ནས་མཐོང་ཤིན་ཏུ་དཀའ་བའི་གནས་སུ་གྱུར་མོད། ད་ཆ་པོད་གསུམ་ག་རྙེད་ནས་དག་སྒྲིག་བྱས་ཤིང་པར་དུ་བསྐྲུན་ཡོད་པས། ཁོང་གི་ཞབས་རྗེས་ཀྱི་རྗེས་སུ་འབྲངས་ནས་མདོ་ཁམས་ཀྱི་ལོ་རྒྱུས་དང་ས་རྒྱུས་སྐོར་གྱི་རྒྱུ་ཆ་དཀོན་པོ་མང་པོ་མཇལ་ཐུབ་པར་གྱུར། མཁན་ཆེན་ཉི་མ་བསྟན་འཛིན་ནི་དུས་རབས་བཅུ་དགུ་པའི་ནང་གི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་དགུང་ལོ་མཐོན་པོར་མ་བཞུགས་ན་ཡང་། གཡུང་དྲུང་བོན་གྱི་གཞུང་ལུགས་དང་། ཐ་ན་དཀར་ཆག་དང་བསྟན་རྩིས་བཅས་ཀྱི་ཕྱོགས་ནས་ཀྱང་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ད་ཆ་ཁོང་གི་གསུང་འབུམ་པར་དུ་བསྐྲུན་པ་འདིས་ཁོང་གི་སྦྱངས་བརྩོན་གྱི་གྲུབ་འབྲས་ཆེན་པོ་ཀུན་གྱི་མིག་ལམ་དུ་ཕུལ་ཡོད་པས་རིན་ཐང་གཞལ་དུ་མེད་དོ། །སྦ་སེར་བླ་རབས་དང་མཁར་ནག་བླ་རབས་གཉིས་ནི་མདོ་སྨད་ཁྲི་ཀའི་ཡུལ་གྱི་ཁྱུང་མོ་དགོན་པའི་བླ་རབས་གཉིས་ཡིན་ལ། བླ་རབས་དེ་གཉིས་ཀྱི་མཁས་པ་རིམ་བྱོན་གྱི་གསུང་རྩོམ་རྣམས་དུས་ཀྱི་བག་ལ་ཞ་ནས་དེང་སང་མཐོང་ཤིན་ཏུ་དཀོན་པའི་གནས་སུ་གྱུར་ཡོད་མོད། འདིར་ལག་སོན་བྱུང་བའི་ཐོར་བུ་རྣམས་ཕྱོགས་སུ་བསྒྲིགས་ནས་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་རིན་ཐང་ཤིན་ཏུ་ཆེ།

  གཡུང་དྲུང་བོན་གྱི་ལོ་རྒྱུས་དང་རིག་གནས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཆ་ཤས་གལ་འགངས་ཆེན་པོ་ཞིག་ཡིན་པ་སྨོས་ཅི་དགོས། སྐབས་འདིར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཀའ་ཚེགས་ལ་མ་འཛེམས་པར་སྤྱི་ཚོགས་སྟེང་དུ་མཐོང་ཤིན་ཏུ་དཀོན་པའི་ཡིག་ཆ་འདི་ཚང་མ་བསྒྲིགས་ཤིང་པར་དུ་བསྐྲུན་པ་འདིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སྤྱི་ལ་ཁ་སྐོང་ཆེན་པོ་བྱས་ཡོད་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དཔེ་དཀོན་འདི་དག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་བཅས་ཀྱི་ཞིབ་འཇུག་དེ་འཐུས་ཇེ་ཚང་དུ་འགྲོ་བའི་སྨོན་འདུན་ཞུ།

  ཞེས་སྟོང་སྐོར་ཚེ་རིང་ཐར་ནས་སྤྱི་ལོ༢༠༢༠ལོའི་ཟླ༡༡པའི་ཚེས༢༢ལ།


དཔེ་སྐྲུན་གསལ་བཤད།

བསོད་ལོ།

  《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ནི་ངེད་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་གལ་ཆེན་པར་སྐྲུན་ལས་གཞི་སྟེ། 《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》དང《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པ་གཉིས་ཀྱི་རྗེས་སུ་པར་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གལ་ཆེན་གཞན་ཞིག་ཡིན། འདི་ལ་ཁྱོན་བསྡོམས་པོད་ཉེར་གཉིས་ཡོད་ཅིང་རྣམ་ཐར་དང་གསུང་འབུམ་ལས་གྲུབ་པའི་དཔེ་ཚོགས་ཤིག་ཡིན། རྣམ་ཐར་གྱི་སྐོར་ལ་དྲན་པ་ནམ་མཁའི་རྣམ་ཐར་དང་། ཚེ་དབང་རིག་འཛིན་གྱི་རྣམ་ཐར། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར། སངས་རྒྱས་གླིང་པའི་རྣམ་ཐར། རིག་འཛིན་ཀུན་གྲོལ་གྲགས་པའི་རྣམ་ཐར། མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་སོགས་པོད་བཅུ་གསུམ་བསྡུས་ཡོད་ལ། གསུང་འབུམ་གྱི་སྐོར་ལ། མཁན་ཆེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ་དང་། མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། སྦ་སེར་པཎྜི་ཏ་ཀུན་བཟང་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་བཅས་པོད་དགུ་བསྡུས་ཡོད།

  དེ་ཡང་བླ་ཆེན་དྲན་པ་ནམ་མཁའ་ནི་བོན་གྱི་ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེན་ཞིག་ཡིན། བོན་གྱི་བསྟན་པ་འཕེལ་རྒྱས་ཀྱི་ཐད་ཕྱག་རྗེས་ཆེན་པོ་བཞག་ཡོད་པས། སྟོན་པ་གཤེན་རབ་མི་བོའི་ཐུགས་བསྟན་གྱི་ལས་དཔོན་ཆེན་པོ་ཡིན་པར་བཞེད་ཅིང་། ལོ་རྒྱུས་སྟེང་དུ་གྱེར་སྤུངས་དྲན་པ་ནམ་མཁའ་དང་དྭགས་པོ་དྲན་པ་ནམ་མཁའ་ཞེས་སྔ་ཕྱིར་མིང་ལ་དྲན་པ་ནམ་མཁའ་ཟེར་བའི་གང་ཟག་འགའ་རེ་བྱུང་མྱོང་། དེ་ལས་གྱེར་སྤུངས་དྲན་པ་ནམ་མཁའ་དང་བླ་མ་ཚེ་དབང་རིག་འཛིན། གུ་རུ་པདྨ་འབྱུང་གནས་གསུམ་ལ་བོན་ཕྱོགས་ནས་དྲན་པ་ཡབ་སྲས་གསུམ་ཞེས་འབོད་ཅིང་། དྲན་པ་ཡབ་སྲས་གསུམ་གྱི་རྣམ་ཐར་གྱིས་བོན་གྱི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་འདུག་པས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེ་ཚོགས་འདིར་གཏེར་ཆེན་གསང་སྔགས་གླིང་པས་གཏེར་ནས་བཏོན་པའི་དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་དང་། ཚེ་དབང་རིག་འཛིན་ཆེན་མོའི་རྣམ་ཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ་ཞེས་པ། བསྟན་གཉིས་སངས་རྒྱས་གླིང་པས་གཏེར་ནས་བཏོན་པའི་གུ་རུ་པདྨ་འབྱུང་གནས་ཀྱི་གསང་རྣམ་ཀུན་སྣང་གསལ་བའི་སྒྲོན་མ་ཞེས་པ་བཅས་བསྡུས་ཡོད། དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ཞེས་པ་ནི་ཁམས་ཉག་རོང་གོང་རྒྱལ་དགོན་པར་ཉར་བའི་ཤིང་པར་མ་པོད་བརྒྱད་ཡོད་པ་དེར་གཞི་བྱས་ཤིང་། ལྷན་དུ་ཀ་རྒྱ་ཁྱུང་སྤྲུལ་གྱི་སློབ་མ་བོན་སྔགས་མཁས་མཆོག་རྡོ་རྗེ་ཡི་ལག་བྲིས་མ་ཞིག་ཡོད་པ་དེ་ལ་ཟུར་ལྟ་བྱས་ནས་ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱི་ཁྲི་བསོད་བསྟན་ལགས་ནས་དག་སྒྲིག་བྱས། ཚེ་དབང་རིག་འཛིན་ཆེན་མོའི་སྐྱེས་རབས་རྣམ་ཐར་ཡང་ཁམས་ཉག་རོང་གོང་རྒྱལ་དགོན་པར་ཉར་བའི་ཤིང་པར་མ་པོད་བཞིའི་བདག་ཉིད་ཅན་གཞིར་བྱས་ནས་དག་སྒྲིག་བྱས་པ་ཡིན། ཤིང་པར་མ་དེར་ལེའུ་བརྒྱ་དང་ལྔའི་གྲངས་སུ་ཡོད་ནའང་། ལེའུ་བཅུ་དགུ་པ་དེ་མ་ཡིག་ཏུ་ཆད་འདུག་པ་ང་ཚོས་དཔེ་རྒྱུན་གཞན་ཨེ་ཡོད་འདྲི་རྩད་དང་བཙལ་འཚོལ་ཅི་ནུས་བྱས་ཀྱང་ལག་སོན་མ་བྱུང་བས་མ་ཕྱི་དེ་རང་ལྟར་མི་བསྒྲིག་ཀ་མེད་བྱུང་། རྣམ་ཐར་འདི་ནི་སྣང་ཞིག་དགོན་པའི་དགེ་བཤེས་ཀ་ཤུལ་བསོད་རིན་ལགས་ནས་དག་སྒྲིག་བྱས། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ནི་དཔེ་རྒྱུན་མི་མཐུན་པའི་ལག་བྲིས་མ་གཉིས་ལ་དཔེ་བསྡུར་བྱས་ནས་མཚོ་སྔོན་མང་རྫོང་གི་སྟོང་སྐོར་གཡུང་དྲུང་བསྟན་པ་ལགས་ནས་དག་སྒྲིག་བྱས། དྲན་པ་ཡབ་སྲས་གསུམ་གྱི་རྣམ་ཐར་གྱི་གློག་ཀླད་ཡིག་གཏག་གི་ལས་ཀ་ནི་བོད་ལྗོངས་ནག་ཆུའི་སོག་སྡེ་བོན་དགོན་གྱི་ཚེ་རིང་རྒྱལ་དང་སྐལ་བཟང་རྒྱལ། རང་རིགས་རང་ཤར། དགེ་བཤེས་ཚེ་དབང་སྙིང་པོ་བཅས་ཀྱིས་བསྒྲུབས་པ་ཡིན།

  དུས་རབས་བཅུ་བཞི་པར་ཆབ་མདོ་ཁྱུང་པོ་རི་རྩེ་དྲུག་གི་ཉེ་འགྲམ་དུ་འཁྲུངས་པའི་སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་པོ་ནི་གཡུང་དྲུང་བོན་ཕྱོགས་ཀྱི་སྙན་རྒྱུད་ཀྱི་གཞུང་མང་དུ་བྱུང་བའི་བླ་མ་ཞིག་ལགས་ཤིང་། པོད་བཅུ་གཉིས་ལྡན་པའི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་སྟེ་མདོ་དྲི་མེད་གཟི་བརྗིད་གཙོས་ཁོང་གི་སྙན་རྒྱུད་ཀྱི་བོན་གཞུང་བཅུ་ཕྲག་འགའ་བོན་གྱི་བཀའ་འགྱུར་ཁྲོད་དུ་བཞུགས། དཔེ་ཚོགས་འདིར་བསྡུས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་ནི་རང་རྣམ་ཞིག་སྟེ། དེར་ཁོང་གི་མཇལ་སྣང་སྣ་ཚོགས་དང་། སྙན་རྒྱུད་ཇི་ལྟར་བྱུང་ཚུལ་གྱི་བརྒྱུད་རིམ་བཅས་གསལ་བོར་བཀོད་ཡོད། འདི་ནི་མཚོ་སྔོན་བོན་བརྒྱ་དགོན་པའི་མཁན་ཟུར་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ལགས་ཀྱིས་དག་སྒྲིག་བྱས་པ་ཡིན།

  རིག་འཛིན་ཀུན་གྲོལ་གྲགས་པ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པའི་མཚན་སྙན་གྱི་བ་དན་སྲིད་ན་མཐོ་བའི་བོན་གྱི་གཏེར་སྟོན་ཆེན་པོ་ཞིག་རེད་ལ། ཁོང་གིས་མཛད་པའི་ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་ཞེས་པ་ནི་ད་ལྟ་མཇལ་དུ་ཡོད་པའི་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཐོག་མ་དེ་ཡིན། ཁོང་གིས་སྔ་རྗེས་སུ་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་ཁྲོ་སྐྱབས་རྒྱལ་པོ་རྣམ་གཉིས་ཀྱི་བདག་རྐྱེན་ལ་བརྟེན་ནས་བོན་གྱི་བཀའ་འགྱུར་གྱི་ཤིང་པར་ཐོག་མར་གྲགས་པའི་ཆུ་ཆེན་ཟངས་པར་མ་དང་ཁྲོ་སྐྱབས་པར་མར་འབོད་པ་བརྐོས་ཤིང་། དེ་ནི་ཁོང་གིས་བཞག་པའི་གཞན་གང་གིས་ཀྱང་བསྒྲུན་དུ་མེད་པའི་ལོ་རྒྱུས་སྟེང་གི་མཛད་རྗེས་ཆེན་པོ་ཞིག་ཡིན། དཔེ་ཚོགས་འདིར་ཁོང་གི་ཕྱི་ནང་གསང་བའི་རྣམ་ཐར་ཆ་ཚང་བསྡུས་ཡོད་ལ། དེ་ཡང་ཕྱིའི་རྣམ་ཐར་ནི་གཙོ་བོ་མགུར་འབུམ་དང་དགེ་བསྐུལ་སོགས་ལས་གྲུབ་ཅིང་། ནང་གི་རྣམ་ཐར་ནི་ཁོང་ཉིད་དང་པོ་སྐྱེ་བ་བཞེས་པ་ནས་རབ་ཏུ་བྱུང་བ་དང་། བར་དུ་དགེ་བའི་བཤེས་གཉེན་བསྟེན་པ། མཐའ་མར་བསྟན་པ་སྤེལ་ཞིང་འགྲོ་དོན་མཛད་ཚུལ་སོགས་མི་ཚེ་ཧྲིལ་བོའི་མཛད་པ་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་ཡོད། གསང་བའི་རྣམ་ཐར་ནི་ཁོང་གི་ཉམས་དང་རྟོགས་པ་རྒྱས་པ་ལས་བྱུང་བའི་མཇལ་སྣང་སྣ་ཚོགས་བཀོད་པའི་རྣམ་ཐར་ཞིག་སྟེ། ཕྱི་ནང་གསང་བའི་རྣམ་ཐར་འདི་ནི་ཁྲི་བསོད་བསྟན་ལགས་ཀྱིས་དག་སྒྲིག་བྱས།

  སངས་རྒྱས་གླིང་པ་ནི་དུས་རབས་བཅོ་བརྒྱད་པར་བྱོན་པའི་བོན་གཏེར་གསར་ལུགས་ཀྱི་གཏེར་སྟོན་ཆེན་པོ་ཞིག་ཡིན་ཞིང་། ཁོང་དང་སྔ་འགྱུར་རྙིང་མ་པའི་གྲུབ་མཐའི་བར་འབྲེལ་བ་དམ་ཟབ་ཡོད་པས། བན་བོན་གཉིས་ཀའི་ཕྱོགས་སུ་གྲགས་པ་ཆེ་ཞིང་གྲུབ་མཐའ་རིས་མེད་དག་སྣང་ཡུག་གཅིག་ཏུ་མཛད་པས་ན་བསྟན་གཉིས་སངས་རྒྱས་གླིང་པ་ཞེས་གྲགས། འདིར་ཁོང་གི་རྣམ་ཐར་པོད་གསུམ་ཡོད་ལ། པོད་སྔ་མ་གཉིས་ཏེ་ཀ་དུམ་དང་ཁ་དུམ་ནི་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་གཙོ་སྒྲིག་མཛད་པའི་བོན་གྱི་བཀའ་བརྟེན་ཆེན་མོ་ལས་བཀོད་པའི་རྣམ་ཐར་དེར་གཞི་བྱས་ནས་བསྒྲིགས་པ་དང་། པོད་ཕྱི་མ་ག་དུམ་ནི་བོན་གྱི་བཀའ་བརྟེན་ཆེན་མོར་བསྡུས་མེད་པས། ད་ལན་སངས་རྒྱས་གླིང་པའི་ཕ་ཡུལ་ཕྱོགས་ཀྱི་ཆབ་མདོ་མཛོ་སྒང་དབྱིས་བླ་བྲང་ངམ་བྲག་པོ་རྫོང་དབྱིས་དགོན་པའི་བླ་མ་རྣམ་སྲས་ནོར་བུ་ལགས་ཀྱིས་མཁོ་སྤྲོད་བྱས་པའི་མ་ཕྱི་ལྟར་བསྒྲིགས་པ་ལགས། དཔེ་ཚོགས་འདིར་པོད་གསུམ་ཅན་གྱི་རྣམ་ཐར་དེ་དེབ་གཉིས་སུ་བསྡུས་ནས་བསྒྲིགས་ཡོད་ལ་དག་སྒྲིག་པ་ནི་ས་ཁའི་བློ་ལྡན་ནོ། །

  མཁའ་འགྲོ་བདེ་ཆེན་དབང་མོ་ནི་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་བུད་མེད་གཏེར་སྟོན་ཞིག་ཡིན་ལ། ཁོང་གིས་དགུང་ལོ་ཉེར་ལྔ་ནས་བཟུང་གཏེར་སྟོན་ཆེན་པོ་གསང་སྔགས་གླིང་པ་དང་མཉམ་དུ་བཀའ་གཏེར་བཞེས་ཤིང་། སྔ་རྗེས་སུ་ཤཱག་གཤེན་ལུགས་གཉིས་ཀྱི་བླ་ཆེན་དུ་མའི་ཞབས་པད་བསྟེན། ལྷག་པར་དུ་དཔལ་ཤར་རྫའི་སྟོན་པ་འཇའ་ལུས་ཆེན་པོ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་མན་ངག་ཟབ་མོ་མང་པོ་མནོས་པ་དང་། ཤར་རྫ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་ཁོང་ནི་ཀུན་ཏུ་བཟང་མོ་མངོན་བྱོན་ཡིན་ཞེས་གསུངས་ཡོད། མཁའ་འགྲོ་བདེ་ཆེན་དབང་མོས་མི་ཚེ་གང་བོར་ཟབ་གཏེར་བཞེས་པའི་གསུང་འབུམ་ལ་པོད་གྲངས་བཅུ་ཕྲག་འགའ་འདུག་པར་གྲགས་ལ། དཔེ་ཚོགས་འདིར་ཁོང་གི་དགོངས་གཏེར་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བསྡུས་ཡོད། འདི་ནི་ཁམས་ཉག་རོང་ཡེ་ཤེས་དགོན་པའི་ཤིང་པར་མ་ལྟར་དག་སྒྲིག་བྱས་ཤིང་། དེ་ཡང་ཡི་གེ་མི་གསལ་བའམ་ཤོག་ལྷེ་ཆད་པ་སོགས་ནི་ཉག་རོང་དབལ་ཁྱུང་དགོན་པའི་དཔེ་རྙིང་ལག་བྲིས་མ་ལྟར་ཁ་སྐོང་བྱས་པ་ཡིན། པོད་འདིར་ཨོ་རྒྱན་ལས་འཕྲོ་གླིང་པ་སྟེ་རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི་མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་རྒྱུད་ལས་བརྒྱུད་རིམ་བླ་མའི་རྣམ་ཐར་གསལ་བྱེད་སྒྲོན་མེ་ཞེས་པའང་བསྡུས་ཡོད། དག་སྒྲིག་པ་ནི་ཁྲི་བསོད་བསྟན་ལགས་ཡིན།

  སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དང་རིག་འཛིན་ཀུན་གྲོལ་གྲགས་པའི་རྣམ་ཐར། བསྟན་གཉིས་སངས་རྒྱས་གླིང་པའི་རྣམ་ཐར། མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་གྱི་གློག་ཀླད་ཡིག་གཏག་གི་ལས་ཀ་ནི་ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱིས་བསྒྲུབས་པ་ཡིན།

  གསུང་འབུམ་སྐོར་ལས་མཁན་ཆེན་ཉི་མ་བསྟན་འཛིན་ནི་བོན་གྱི་བྲུ་ལུགས་ཀྱི་གྲྭ་ས་ཆེན་མོ་དཔལ་བཀྲ་ཤིས་སྨན་རིའི་མཁན་རབས་ཉེར་གསུམ་པ་ལགས་ཤིང་། ཁོང་ནི་གནས་ལྔ་རིག་པའི་གཞུང་ལུགས་མཐའ་དག་དང་དབུ་ཚད་ཕར་ཕྱིན་འདུལ་བ་བཅས་མདོ་སྔགས་ཀྱི་གཞུང་ལུགས་དང་ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་མཛད་པའི་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་པ་ནི་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་གྱི་དཀར་ཆག་ལས་བཀའ་དང་བཀའ་བརྟེན་ལ་དབྱེ་བ་ཞིབ་ཏུ་ཕྱེས་ཏེ་བསྒྲིགས་པའི་དཀར་ཆག་ཚད་ལྡན་ཞིག་ཡིན་པས་བོན་སྤྱི་ནས་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་འཐོབ་བཞིན་ཡོད་པ་དང་། གཞན་ཁོང་གིས་རབ་ལེགས་གཡུང་དྲུང་གླིང་དུ་མཚན་ཉིད་གཞུང་ཆེན་ལྔའི་བཤད་གྲྭ་བཙུགས་པ་སོགས་ཕྱོགས་ཀུན་ནས་ཐེག་ཆེན་གྱི་སྒྲུབ་སྡེ་དང་འཆད་ཉན་སོགས་མང་དུ་བཙུགས་ཏེ། བཤད་སྒྲུབ་ཀྱི་བསྟན་པའི་མེ་ཆེན་མཁའ་ལ་སྤར་བའི་མཛད་རྗེས་ཆེན་པོ་བཞག ཁོང་གི་གསུང་འབུམ་ནི་བོད་ལྗོངས་རབ་ལེགས་གཡུང་དྲུང་གླིང་གི་དཔོན་སློབ་སྐལ་བཟང་རིག་འཛིན་ལགས་ཀྱི་རྒྱབ་སྐྱོར་དང་ཐུགས་བཀོད་འོག དགོན་དེའི་གྲྭ་བཙུན་བློ་གྲོས་འོད་ཟེར་ལགས་ཀྱིས་གློག་ཀླད་ཡིག་གཏག་དང་དག་སྒྲིག་གི་ལས་ཀ་གཅིག་ལྕོགས་བྱས། ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་ནི་དཔོན་སློབ་སྐལ་བཟང་རིག་འཛིན་ལགས་ཀྱིས་མཛད་ནས་གསུང་འབུམ་གྱི་དབུར་བཀོད་ཡོད།

  མཁར་ནག་བླ་རབས་ནི་མདོ་སྨད་ཕྱོགས་འདིར་མཚན་སྙན་ཆེ་བའི་གྲུབ་པ་ཐོབ་པའི་བླ་རབས་ཤིག་ཡིན་ལ། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་སྦ་སེར་པཎྜི་ཏ་ཀུན་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་མཁར་ནག་ཁུ་དབོན་རྣམ་གཉིས་ཏེ་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་གྲུབ་དབང་ནམ་མཁའ་ཤེས་རབ་ནི་སྙ་ཆེན་ལི་ཤུ་སྟག་རིང་དངོས་བྱོན་ཡིན་ཚུལ་གསལ་བོར་བཞེད་འདུག མདོ་སྨད་ཆོས་འབྱུང་ལས་ཀྱང་། སྔར་མགོ་ལོག་ར་རྒྱ་དགོན་བཞེངས་ནས་ལོ་ཤས་ནས་ས་གནོད་ཆེན་མོ་ཞིག་བྱུང་བས། ཨ་རིག་དགེ་བཤེས་ཆེན་མོས་སྟོང་ཆེ་མཁར་ནག་བོན་པོ་སྟེ་མཁར་ནག་བླ་རབས་གཉིས་པ་གྲུབ་དབང་ནམ་མཁའ་ཤེས་རབ་གདན་དྲངས་ནས་ས་འདུལ་གནང་བ་སོགས་བཀོད་ཡོད། མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ནི་དུས་རབས་སྔ་མའི་ལོ་རབས་དགུ་བཅུ་པའི་ནང་དུ་མཁར་ནག་བསོད་ནམས་འབུམ་དང་མཁར་ནག་བླ་ཁོ་རྣམ་གཉིས་ཀྱིས་ཕྱོགས་སོ་སོ་ནས་སྡུད་སྒྲིག་མཛད་ཅིང་། མཁར་ནག་བླ་རབས་དྲུག་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ལག་བྲིས་བགྱིས། ད་ལན་དཔེ་ཚོགས་འདིར་སྡུད་སྐབས་མཁར་ནག་སྐལ་བཟང་རྒྱ་མཚོ་ཁོང་རང་གིས་ཡང་བསྐྱར་གསུང་རྩོམ་དག་སྒྲིག་གི་ལས་འགན་བཞེས་ནས་རྗེས་སུ་ལག་སོན་བྱུང་བའི་དཔེ་ཚན་འགའ་ཁ་སྐོང་བྱས་པ་དང་། ད་དུང་ངེད་དཔེ་སྐྲུན་ཁང་གི་རེ་བ་ལྟར་མཁར་ནག་བླ་རབས་ཀྱི་རྣམ་ཐར་མདོར་བསྡུས་དང་སྟོང་ཆེའི་ཡུལ་གྲོང་དང་འབྲེལ་བའི་ལོ་རྒྱུས་མདོ་བསྡུས་ཤིག་ཀྱང་མཛད་ཡོད། གཞན་ཡང་དཔེ་ཚོགས་པར་སྐྲུན་གྱི་དགོས་མཁོར་དམིགས་ནས་ཁོང་གིས་མཁར་ནག་བླ་རབས་གོང་མ་གསུམ་དང་སྦ་སེར་པཎྜི་ཏའི་ཐང་ག་གསར་བཞེངས་མཛད་དེ་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་དབུ་རུ་བཀོད་ཡོད།

  སྦ་སེར་ཀུན་བཟང་རྒྱལ་མཚན་ནི་དུས་རབས་བཅུ་དགུ་པར་བྱོན་པའི་སྐད་གྲགས་ཆེ་བའི་བོན་གྱི་མཁས་དབང་ཞིག་ཡིན་ཞིང་། རྗེས་རབས་པ་དག་གིས་ཁོང་ལ་སྦ་སེར་པཎྜི་ཏ་དང་རྗེ་ཁྲི་ཀ་བ་ཞེས་ཆེ་བརྗོད་བྱེད་ཀྱིན་ཡོད། ཁོང་གིས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་མང་པོར་མཇལ་སྐོར་བྱས་ཤིང་བླ་མ་དམ་པ་བཅུ་ཕྲག་ལྷག་གི་ཞབས་པད་བསྟེན། ལྷག་པར་དུ་སྨན་རིའི་མཁན་རབས་ཉེར་གསུམ་པ་ཉི་མ་བསྟན་འཛིན་དང་མཁན་རབས་ཉེར་ལྔ་བ་འགྲོ་མགོན་ཤེས་རབ་གཡུང་དྲུང་། གཤེན་གྱི་མཁས་གྲུབ་གཉིས་པ་གཡུང་དྲུང་རིན་ཆེན་རྒྱལ་མཚན་སོགས་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་ལུང་མང་པོ་གསན་བསམ་མཛད། ཁོང་གིས་མཛད་པའི་རང་རྣམ་འཕྲོ་ཅན་ནི་མདོ་སྨད་བོན་གྱི་ལོ་རྒྱུས་ཀྱི་མ་ཕྱི་ལྟ་བུར་ཆགས་འདུག་ལ། ཁོང་གི་ཐུགས་བཀོད་ལྟར་སྤྱི་ལོ༡༩༠༢ ལོར་བཞེངས་པའི་རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་བཀོད་ཆེན་མོ་ནི་ད་ལྟ་མཇལ་དུ་ཡོད་པའི་གནས་མཆོག་འོལ་མོ་ལུང་རིང་གི་ཐང་ག་ཁག་ལས་ཆེས་ཞིབ་རྒྱས་ཅན་དེ་ཡིན། མདོ་སྨད་ཀྱི་བོན་དགོན་མང་པོས་དེ་ལ་མ་ཕྱི་བྱས་ནས་ཐང་ག་དུ་མ་བཞེངས་འདུག ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་ནི་སྦ་སེར་ཚངས་དབྱངས་རྒྱ་མཚོས་སྟོང་ལོ་གསར་བའི་དུས་མགོར་འཚོལ་སྡུད་དག་སྒྲིག་མཛད་པ་ཡིན་ལ། ད་ལན་དཔེ་ཚོགས་འདིར་སྡུད་སྐབས་མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ་མཆོག་གིས་ཁོང་གི་གསུང་རྩོམ་མ་ཡིན་པའི་རིགས་དོར་ཞིང་། རྗེས་སུ་ལག་སོན་བྱུང་བའི་སྐོར་གསར་དུ་ཁ་སྣོན་མཛད་ནས་དག་སྒྲིག་ལེགས་པོ་བྱས་ཡོད། ཁོང་གི་རྣམ་ཐར་ལོ་རྒྱུས་ཁ་ཚང་བ་ཞིག་དང་ཡིད་རྟོན་རུང་བ་ཞིག་མེད་ཅིང་། གཞན་ན་མཐོང་དུ་ཡོད་པའི་ཁོང་དང་འབྲེལ་བའི་གསུང་སྒྲོས་དག་ལས་ནོར་བ་དང་མ་དག་པའི་ཆ་ཤིན་ཏུ་མང་བར་བརྟེན། ངེད་དཔེ་སྐྲུན་ཁང་གི་རེ་བ་ལྟར། མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ་མཆོག་གིས་ལོ་མང་པོར་ཞིབ་འཇུག་བྱས་པའི་འབྲས་བུ་ལྟར་ཅུང་ཁ་ཚང་བའི་རྣམ་ཐར་ཞིག་བྲིས་འདུག་ལ། ལྷན་དུ་སྦ་སེར་པཎྜི་ཏ་དང་འབྲེལ་བའི་དོགས་གཞི་ཡོད་རིགས་ལ་དཔྱད་བརྗོད་འཁྲུལ་སེལ་ཡང་མཛད་ཡོད། དེབ་འདིའི་གློག་ཀླད་ཡིག་གཏག་གི་ལས་ཀ་ནི་ཁྲི་ཀའི་སྟོང་ཆེའི་སྦ་སེར་གཡུང་དྲུང་རྒྱལ་གྱིས་བསྒྲུབས་པ་ཡིན།

  《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》འདིའི་མ་ཕྱི་མང་ཤོས་ནི་ལག་བྲིས་མ་ཡིན་པས་ཡིག་འབྲུ་མི་གསལ་བ་དང་ཤོག་ལྷེ་ཆད་པ་སོགས་ཀྱི་སྣང་ཚུལ་མང་བར་བརྟེན། པར་སྐྲུན་དག་སྒྲིག་གི་ཁྲོད་དུ་དཀའ་ལས་མི་ཉུང་བ་ཞིག་ལ་ཕྲད། ཆད་པ་ཁ་སྐོང་བའི་ཆེད་དུ་ང་ཚོས་རང་ནུས་ཅི་ལྕོགས་སྒོས་དཔེ་རྒྱུན་མི་འདྲ་བ་གཞན་དག་འཚོལ་སྡུད་དང་དཔེ་བསྡུར་བྱས་པ་ལས་གཞན། བོན་ཕྱོགས་ཀྱི་མཁས་པ་དག་ལ་བཀའ་འདྲི་བགྱིས་ནས་གཟབ་གཟབ་ཀྱིས་དག་སྒྲིག་བྱས་པ་ཡིན། བོན་གྱི་གནའ་དཔེ་ཡིག་ཚང་རིགས་ལ་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་ཁྱད་ཆོས་རེ་སྣང་བས་ན། བྲིས་ནོར་མངོན་གསལ་རིགས་དག་བཅོས་བྱས་པ་ལས་གཞན། ང་ཚོས་བོན་གྱི་ཡིག་ཆ་དག་གི་སྲོལ་རྒྱུན་གྱི་བརྡ་སྤྲོད་སྟངས་ལ་བརྩི་འཇོག་བྱས་ཏེ། མ་ཕྱི་ངོ་མའི་རྣམ་པ་སོར་འཇོག་ཅི་ཐུབ་བྱས་ཡོད། འདིར་དཔེ་ཚོགས་འདིའི་དག་སྒྲིག་གི་ལས་སུ་ཞུགས་པའི་ཆེད་མཁས་པ་རྣམས་དང་། རྩོམ་སྒྲིག་འགན་འཁུར་པ་ལྷན་རྒྱས། དཔེ་ཚོགས་འདིའི་པར་སྐྲུན་གྱི་ལས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་རོགས་རམ་གནང་བའི་གྲོགས་པོ་ཡོངས་དང་། ལྷག་པར་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་དཔེ་ཚོགས་ཀྱི་འགོ་བརྗོད་མཛད་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ངེད་ཅག་རྩོམ་སྒྲིག་པ་དག་ལ་རིག་གནས་དང་ལྷག་པར་དུ་བོན་གཞུང་གི་ཡོན་ཚད་ཞན་པའི་རྐྱེན་གྱིས་རྩོམ་སྒྲིག་ཞུ་དག་གི་ཁྲོད་དུ་ཞན་ཆ་དང་ནོར་འཁྲུལ་མི་ཉུང་བ་ཡོད་ངེས་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཡོ་བསྲང་མཛད་པར་ཞུ་ཞུ།

  ཞེས་དཔེ་ཚོགས་འདིའི་གཙོ་སྒྲིག་པ་བསོད་ལོས༢༠༢༡ལོའི་ཟླ༥པར་གནའ་མཁར་ཟི་ལིང་དུ་སྦྱར་བ་དགེའོ། །

     ཆེད་ཞུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ད་ལན་པར་སྐྲུན་བྱས་པའི་སྤུས་ལེགས་ཅན་གྱི་དཔེ་ཚོགས《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》ཞེས་པར་ཁྱོན་བསྡོམས་པོད་ཉེར་གཉིས་བཞུགས། དཔེ་ཚོགས་སྤྱིའི་རིན་གོང་སྒོར1466ཡིན། སྡེབ་ཉོ་བླུ་གཏོང་མཁན་ལ་འོས་འཚམ་གྱིས་རིན་གོང་ཟུར་གཅོག་བྱེད་འཆར་ཡོད་པས་མངག་ཉོ་པ་དག་གིས་འབྲེལ་བ་བྱེད་རོགས།
     འབྲེལ་ཡུལ། གཟེར་མིག 15609739205

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།