《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》(པོད1-20)ཞེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2021-09-26 16:08:21][རྩོམ་པ་པོ། བསོད་ལོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


འགོ་བརྗོད།

  《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པ་འདི་ཉིད་རྒྱ་ཆེའི་ཀློག་པ་པོའི་མཐོང་བྱེད་ཀྱི་ལམ་དུ་འགྲེམས་སྤེལ་བྱེད་ཐུབ་པ་ནི། རང་ལ་མཚོན་ན་ཤིན་ཏུ་དགའ་འོས་པ་ཞིག་དང་། བསྟོད་བསྔགས་ཚད་མེད་པ་གནང་དགོས་པ་ཞིག་ཀྱང་ཡིན། སྤྱིར་གནའ་བོའི་ཞང་ཞུང་ཤེས་རིག་ནི་གདོད་མའི་སྤྱི་ཚོགས་སྟེང་གི་ཆེས་ཐོག་མའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཆོག དཔེ་ཚོགས་འདིའི་ནང་མཚོན་ན། ཡ་ཐོག་བོན་གྱི་ཤེས་རིག་གི་སྐོར་རྣམས་མང་པོ་ཞིག་ཐོན་བཞིན་ཡོད་ལ། དེ་དག་ནི་གདོད་མའི་དུས་རབས་ནས་བྱུང་བའི་བོད་མི་སྤྱང་གྲུང་བ་རྣམས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པའི་དངོས་ཡོད་ཉམས་མྱོང་བརྒྱུད་དེ། ལེགས་ཉེས་རིག་སྟོབས་ཀྱི་འབྲས་བུ་རྣམས་བཤད་རྒྱུན་དུ་སྤེལ་བ་དང་། ཡང་ན་ཡི་གེར་བཀོད་ནས་ཉར་ཚགས་དམ་པོར་བགྱིས་ཏེ་ད་ལྟའི་བར་དུ་བཞུགས་པ་འདི་དག་ཡིན། དཔེ་ཚོགས་འདིར་ས་ཁམས་རིག་པ་དང་། རི་ཆུའི་རིག་གནས། ལེགས་ཉེས་སྟངས་འཛིན་པྲ་ལྟས་མོ་ཡི་རིག་པ། འབྱུང་ལྡན་དཀར་ནག་རྩིས་ཀྱི་རིག་པ། བོད་ཀྱི་ཡི་གེ་བྱུང་ཚུལ། གནའ་བོའི་ཞང་བོད་ཀྱི་ལོ་རྒྱུས། རྒྱུ་འབྲས་བདེན་པའི་བོན་ནང་དོན་རིག་པའི་སྐོར་སོགས་རྩ་ཆེ་བའི་རིག་གཞུང་མང་པོའི་བཅུད་འདུས་ཤིང་། ཡབ་མེས་གོང་མ་རྣམས་ཀྱི་རྩལ་དུ་བཏོན་པའི་རིག་གཞུང་གི་ཉིང་ཁུ་བདུད་རྩིའི་མཆོད་ཡོན་ལྟེམས་ཀྱིས་འཁྱིལ་ཡོད་པ་ནི། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་ཡོད་པ་མ་ཟད། དཔེ་སྐྲུན་ལས་རིགས་ཁྲོད་ཀྱི་འགོ་ཁྲིད་དང་རྩོམ་སྒྲིག་མི་སྣ། དག་སྒྲིག་བྱེད་མཁན་བཅས་ཀྱིས་ཧུར་བརྩོན་གྱིས་འབད་པ་ཆེན་པོས་ཕྱག་ལས་ཤུགས་ཆེན་གནང་བ་བརྒྱུད་དེ་འབྲས་བུ་གཡུར་དུ་ཟ་བའང་བླངས་ཡོད་པས། ངས་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  ཞང་ཞུང་ཤེས་རིག་གི་ཐད་ནས་གླེང་ན། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་བྱོན་ནས་ད་ལྟའི་བར། འདས་ལོ་ཉུང་བ་དང་མང་བའི་ལུགས་གཉིས་སུ་བཞེད་ཚུལ་ཡོད་ཀྱང་། བོན་གྱི་ཡིག་རྙིང་ཁག་གི་དགོངས་པ་དང་བསྟུན་ན། སྤྱི་ལོ་སྔོན་གྱི་ལོ་ངོ་ཆིག་ཁྲི་དྲུག་སྟོང་བཅུ་བདུན་ཏེ་ཤིང་བྱི་ལ་སྐུ་འཁྲུངས་པར་གསུངས་ཡོད་དེ། སྟོན་པ་བླ་ན་མེད་པ་ཕུན་ཚོགས་བརྒྱ་བའི་སྟོན་པ་གཤེན་རབ་ཅེས་སུ་འབོད་པའང་རྒྱུ་མཚན་དེ་ཡིན། དེ་བས་སྟོན་པ་གཤེན་རབ་མཆོག་ཉིད་ཞང་བོད་ཀྱི་མི་རྒྱུད་ཐོག་མའི་གྲས་སུ་ངོས་བཟུང་ཡང་ཆོག་ལ། ཞང་བོད་ཤེས་རིག་གི་རྨང་གཞི་འདིང་མཁན་ཁོ་ནར་གྱུར་ཡོད་སྟབས། དམ་པ་མཆོག་གིས་དགྲ་འདུལ་གཉེན་སྐྱོང་དང་། ཡུལ་སྲོལ་གོམས་གཤིས། རྒྱལ་ཁྲིམས་བརྩི་ལུགས། ཡ་རབས་གུས་སྲོལ་སོགས་དངོས་པོའི་དཔལ་ཡོན་དང་བསམ་པའི་འདུ་ཤེས་གང་གི་ཐད་ནས། ལེགས་ཉེས་བླང་དོར་གྱི་རིག་གཞུང་གྲངས་ཀྱིས་མི་ལང་བ་བསྟན་པ་རྣམས། རིམ་གྱིས་སྟག་གཟིག་དང་ཞང་བོད་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་གདལ་དང་དར་སྤེལ་དུ་བཏང་བ་མ་ཟད། རྒྱུད་འཛིན་གྱི་བུ་སློབ་གྲངས་མང་བསམ་ལས་འདས་པ་བྱུང་སྟེ། གངས་རིའི་ལྗོངས་འདི་སྔར་ལས་རི་མཐོ་ས་གཙང་རྩི་བཅུད་ལེགས་པ་དང་། བསམ་པའི་དཔལ་ཡོན་ཤེས་བྱ་རིག་གནས་ཀྱི་འབྱུང་ཁུངས། འཚེ་མེད་ཞི་བདེ་བསྐྲུན་པའི་ཡུལ་ཁམས་མཆོག་ཏུ་གྱུར་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད། དེར་བརྟེན་སྟོན་པའི་བཀའ་གདམས་མ་བཅོས་གསེར་གྱི་ཡང་ཞུན་རི་བོའི་གཏོས་དང་མཉམ་པ་རྣམས། ཞང་བོད་ཀྱི་རིག་འཛིན་དང་ལོ་པཎ་རྣམས་ཀྱིས་ཉམས་སུ་བླངས་ཏེ། ཕྱིའི་སྣོད་ཀྱི་བཀོད་པ་མཛེས་སྡུག་ཅན་གྱི་རྣམ་པར་ལྷུན་ཆགས་ཤིང་། ནང་བཅུད་ཀྱི་འགྲོ་བའི་བསམ་བློ་ལ་རིས་མེད་ལྷིང་འཇགས་ཀྱི་འགྱུར་བ་གང་མང་ཐེབས་ཏེ། རྨང་གཞི་ལེགས་པའི་ཞང་ཞུང་ཤེས་རིག་གི་ཐད་འཛིན་སྐྱོང་སྤེལ་གསུམ་བྱས་ནས། ཕན་ཚུན་ལ་རོགས་འདེགས་དང་སེམས་ཅན་ལ་བརྩེ་བའི་འོད་སྣང་ཅི་དགར་རྩེན་པའི་མཛད་རྗེས་རླབས་ཆེན་བཞག་ཡོད།

  འདི་ནས་འདས་པའི་མི་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་དུ། ཞང་བོད་ཤེས་རིག་གི་ཁྱད་ནོར་རྨད་དུ་བྱུང་བ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རིག་གཞུང་ནི། སེམས་ཅན་སྤྱི་མཐུན་གྱི་ལས་དང་བསོད་ནམས་ཀྱི་དབང་གིས་འཕེལ་འགྲིབ་དུ་མ་བྱུང་ན་ཡང་། རྒྱུད་འཛིན་གཤེན་གྱེར་རྨ་དབྱིལ་དང་། སྲོལ་འཛིན་བྲུ་ཞུ་སྤ་རྨེའུ། ཁྱུང་པོ་དཀར་ནག་སེར་གསུམ། སྐྱེས་ཆེན་འཕགས་པ་རྣམ་གསུམ། འཁྲུལ་བ་ཞིག་ཆེན་བཅོ་བརྒྱད་སོགས་ཀྱིས་བཤད་སྒྲུབ་ཟུང་འཇུག་གི་བསྟན་པ་ཁུར་དུ་བཞེས་ཏེ་བོད་ཡུལ་སྟོད་སྨད་བར་གསུམ་ལ་བསྐྱར་གསོ་མཛད་ཅིང་། དེ་དག་གི་སློབ་བརྒྱུད་རྣམས་ཀྱིས་སྟོད་གངས་དཀར་ཏི་སེ་མན་ཆད་ནས། སྨད་རྒྱ་ནག་རི་བོ་རྩེ་ལྔའི་ཡན་ཆད་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཁྱབ་གདལ་དུ་བཏང་བ་མ་ཟད། དེ་དག་འཛིན་སྐྱོང་སྤེལ་གསུམ་གྱི་སླད་དུ། སངས་རྒྱས་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ་ལ་བརྟེན་ནས་བཀའ་བརྟེན་གསུང་རབ་གླེགས་བམ་གྲངས་མང་ཕྱག་རྗེས་སུ་བཞག་པ་ནི། རང་དོན་ཡིད་བྱེད་ལྟ་བུའི་དམིགས་པ་གཙོར་བཟུང་ནས་མཁས་འདོད་གྲགས་འདོད་ཀྱི་ཆེ་བ་ཙམ་མ་ཡིན་པར། སེམས་ཅན་གྱི་རྒྱུད་ལ་ཕན་འདོགས་ཀྱི་ཀུན་སློང་རྣམ་པར་དག་པ་དང་། བྱམས་བརྩེ་དང་ལྷག་བསམ་ལས་འཕོས་པའི་འགྲོ་བ་མིའི་བདེ་སྐྱིད་དང་། དཔལ་འབྱོར། སྙིང་སྟོབས། བརྩོན་འགྲུས། དར་སྤེལ། འཆམ་མཐུན། སྤྱོད་བཟང་། ཕུགས་འདུན་བཅས་བཟང་པོའི་ལམ་ཕྱོགས་སུ་སྐུལ་འདེད་གཏོང་བྱེད་ཀྱི་སློབ་གསོའི་ཞལ་གདམས་ཁོ་ན་ཡིན།

  ཁྱད་པར་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་བཞིན་པའི《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》སུ་བཏུས་པའི་གསུང་རབ་དེ་དག་ནི། དེ་སྔོན་རང་རྒྱལ་གྱི་དཔེ་སྐྲུན་ཁང་སོ་སོ་ནས་པར་དུ་བཏབ་མ་མྱོང་ཡང་། སྤྱི་ཚོགས་སྟེང་དགོས་མཁོ་ཆེ་བ་དང་ཕན་ནུས་རབ་ཏུ་ལྡན་པའི་དཔེ་ཚོགས་ཤིག་ཡིན་པར་གདོན་མི་ཟ། འོན་ཀྱང་མ་ཕྱི་ནི་གནའ་སྔའི་ཤིང་པར་དུ་བཏབ་པ་རེ་ཟུང་མ་གཏོགས། གཞན་ཕལ་ཆེར་དབུ་མེད་ལག་བྲིས་རྐྱང་རྐྱང་ཡིན་པས། གླེགས་བམ་རྙིང་ཧྲུལ་ཅན་དུ་གྱུར་པ་ལས་ཡིག་འབྲུ་མི་གསལ་བ་དང་། སྦས་སྐུང་དང་གད་སྐྱིབས་སུ་ལུས་པས་ཆུ་ཟེགས་དང་ཤོག་འབུས་དྲལ་བ། སྐུང་ཡིག་དང་ཆད་ལྷག་མང་བས་བསྡུར་ཡ་དཀོན་པ་སོགས་ཀྱི་རྐྱེན་གང་མང་ལ་ཕྲད་ཀྱང་སྲིད་པ་ནི། གདན་ས་གཤེན་གྱི་ཕོ་བྲང་གསེར་སྒོ་ཁྲ་མོར་བཞུགས་པའི་བཀའ་འབུམ་རྙིང་བ་དག་ལས་ཀྱང་རྟོགས་ཐུབ། དཔེ་ཚོགས་འདིའི་ནང་དུ། གཤེན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་མཁས་པ། དུས་རབས་བཅུ་གཉིས་པའི་ནང་སྐུ་འཁྲུངས་པའི་གཤེན་སྟོན་ནམ་མཁའ་རྒྱལ་མཚན་མཆོག་གི་གསུང་པོད་གཅིག་དང་། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱི་གསུང་རྩོམ་པོད་གཅིག གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་པོད་གསུམ། གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་པོད་གསུམ་བཅས་བཞུགས་པ་ནི། མི་འགྱུར་གཤེན་གྱི་ཕོ་བྲང་གི་གདན་ས་བ་མཁས་དབང་དག་གི་གསུང་རབ་བག་ལ་ཉལ་བ་ཐམས་ཅད་གཉན་འཕྲང་གི་འགག་སྒོ་ཡངས་པོར་ཕྱེ་ཡོད་པས་ཁོ་བོས་སྨོན་པ་སྟོང་ཕྲག་གི་ཀློང་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞེས་བསྐྱར་དུ་ཞུས་པ་ཡིན།

  བོན་དང་ཞང་ཞུང་ཤེས་རིག་ནི་གནའ་རབས་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་གི་ཐད་ལ་སྲོག་རྩ་ལྟ་བུར་མེད་དུ་མི་རུང་བའི་གལ་གནད་ཆེན་པོར་གྱུར་ཡོད་པས། དངོས་ཐོག་མྱོང་འདྲིས་དང་དྲང་བཞག་བདེན་འཚོལ་གྱིས་ཡ་ཐོག་བོད་ཀྱི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་རོབ་ཙམ་བྱེད་དགོས་ན། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་རིན་པོ་ཆེ་ལྟ་ཞོག གང་གི་རྒྱུད་འཛིན་ཞང་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བཀའ་བརྟེན་དང་། འདིར་ཚུད་པའི་དུས་རབས་བཅུ་གཉིས་ཀྱི་ཡས་མས་སུ་བྱོན་པའི་གནམ་ས་བཀབ་པ་ལྟ་བུའི་མཁས་དབང་རྣམས་ཀྱི་གསུང་རབ་ལ་གཟིགས་རྟོགས་བྱུང་ན། ཡང་དག་པའི་ལྟ་གྲུབ་ཟབ་མོའི་དགོངས་པ་དང་། བགྲོད་བདེ་བའི་སྤྱོད་ལམ་དྲང་མོའི་རྣམ་གཞག དུས་གཏན་གྱི་ཕན་བདེ་ལེགས་པོའི་འབྲས་བུ་བཅས་ལ་མྱོང་རོལ་བྱེད་ཐུབ་པ་སྨོས་མ་དགོས་ལ། བོད་མེས་པོའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱབ་ལྗོངས་དང་། དེའི་ལམ་ལུགས་དང་ཁྱད་ཆོས། ཆོས་སྲིད་གཉིས་ཀྱི་བཀྲ་ཤིས་པའི་དགེ་མཚན་སོགས་ཇི་ལྟ་བུ་ཡིན་པར་ངེས་ཤེས་འདྲོངས་སླ་བས་ན། མཁྱེན་ལྡན་རྣམས་ལ་ཞིབ་འཇུག་གི་རིན་ཐང་གསེར་གྱི་ཞུན་མ་ལྟ་བུའི་བྲིན་ཆེ་བ་དང་། སྐལ་ལྡན་ཡོངས་ལ་ཤེས་བྱའི་ཐང་ཆེན་བསྐྱོད་པར་ལམ་རྙེད་པ་དང་འདྲ་བས་དཀོན་པའི་མཆོག་ཏུ་གྱུར་པ་འདི་ལས་གཞན་མེད་དོ། །མཐར་བོད་གནའ་རབས་ཀྱི་ཤེས་རིག་གི་གཟི་དཔལ་མི་ཉམས་པར་བསྐལ་པའི་མཐའ་རུ་དར་ཞིང་རྒྱས་པར་གྱུར་ཅིག་གུ།

དཔེ་སྐྲུན་གསལ་བཤད།

  བོད་མི་རིགས་ནི་གསུང་རབ་གླེགས་བམ་འབོར་ཆེན་མངའ་བའི་མི་རིགས་ཤིག་ཡིན་ཞིང་། གཡུང་དྲུང་བོན་གྱི་གནའ་དཔེ་ནི་བོད་མི་རིགས་ཀྱི་གསུང་རབ་གླེགས་བམ་གྱི་བང་མཛོད་ནང་གི་འོད་དུ་འཚེར་བའི་རིན་བྲལ་ནོར་བུ་ཞིག་ཡིན། བོན་གྱི་གནའ་དཔེ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་། མིང་བརྡ་ཐ་སྙད་ཀྱི་ཆར་ཞང་སྐད་དང་བརྡ་རྙིང་མང་པོ་རྒྱུད་འཛིན་བྱས་ཡོད་པ། དཔེ་རྒྱུན་དཀོན་ཞིང་ནང་དོན་ཕུན་སུམ་ཚོགས་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་མངའ་བས། གནའ་བོའི་བོད་མི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་དུ་སྔར་ནས་གྲུབ་འདུག དེ་བས་བོན་གྱི་གནའ་དཔེ་འཚོལ་སྡུད་དང་དག་སྒྲིག པར་སྐྲུན་བྱེད་པ་ནི་དགོས་གལ་ཤིན་ཏུ་ཆེ་བའི་བྱ་བ་ཞིག་སྟེ། གནའ་བོའི་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་། བསམ་བློ་འདུ་ཤེས། སྐད་དང་ཡི་གེ ཆོས་ལུགས་དད་མོས། སྤྱི་ཚོགས་འཚོ་བ་སོགས་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པར་རིན་ཐང་གཞལ་དུ་མེད་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་མཁོ་སྤྲོད་བྱས་ཡོད་པ་ཡིན་ནོ། །ཉེ་བའི་ལོ་འགའི་རིང་དུ། བོན་གྱི་གནའ་དཔེ་སྲུང་སྐྱོང་མྱུར་སྐྱོབ་ཀྱི་བྱ་བ་ལ་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་མཐོང་ཆེན་གནང་སྟེ། གནའ་དཔེ་པར་སྐྲུན་གྱི་ལས་ཀའི་ཐད་དུ་ལས་གཞིའི་མ་དངུལ་གྱི་རོགས་སྐྱོར་རབ་དང་རིམ་པ་འཐོབ་ཀྱིན་གདའ། ད་ལན་ངེད་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པ་འདི་ཡང་དེ་བཞིན་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པ”ཡི་གཙོ་གནད་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི་ཞེས་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ཀྱི་ནང་དུ་ཚུད་པར་མངོན།

  《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ལ་ཁྱོན་བསྡོམས་པོད་ཉི་ཤུ་ཡོད་དེ། པོད་དང་པོའི་ནང་དུ་དམུ་གཤེན་ལྷ་ཡི་གདུང་རབས་དང་བྲུ་ཞུ་སྤ་རྨེའུ། དཔལ་ལྡན་སྨན་རི་བའི་མཁན་རབས་རིམ་བྱོན་གྱི་རྣམ་ཐར་སོགས་དཔལ་ལྡན་བླ་མ་རྣམས་ཀྱི་རྣམ་ཐར་ཚན་པ་བཞི་བཅུར་ཉེ་བ་བསྡུས་འདུག་ལ། དེའི་ནང་གི་རྣམ་ཐར་མང་ཆེ་བ་སྔོན་ཆད་པར་སྐྲུན་བྱས་མ་མྱོང་བའི་དཔེ་དེབ་དཀོན་པོའི་རིགས་ཡིན། པོད་གཉིས་པ་ནས་པོད་དགུ་པའི་བར་དམུ་རིགས་གཤེན་གྱི་གདུང་རབས་རིམ་བྱོན་ལས་གཤེན་སྟོན་ནམ་མཁའ་རྒྱལ་མཚན་དང་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས། གཤེན་ཉི་མ་རྒྱལ་མཚན། གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ། གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་བཅས་ཀྱི་གསུང་འབུམ་ཡིན། སྤྱིར་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་གདུང་རྒྱུད་དྲི་མ་མེད་པ་ལས་བྱུང་བའི་དམུ་རིགས་གཤེན་གྱི་གདུང་རབས་རིམ་བྱོན་གྱིས་ཐོག་མཐའ་བར་གསུམ་དུ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ཅིང་། གཡུང་དྲུང་བོན་གྱི་བསྟན་པ་གངས་ལྗོངས་ཡུལ་དུ་སྤེལ་བ་ལ་བཀའ་དྲིན་གཞལ་དུ་མེད་པའི་གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་། གྱེར་སྤུངས་ཆེན་པོ་དྲན་པ་ནམ་མཁའ་ཡབ་སྲས། ཁྱད་པར་དུ་བསྟན་པ་ཕྱི་དར་སྐབས་སུ་ལྷོ་གཏེར་གྱི་མཛོད་སྒོ་ཕྱེ་བའི་གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའ་སོགས་ནི་མཚན་སྙན་གྱི་བ་དན་སྲིད་ན་མཐོ་བའི་དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་པོ་དག་ཡིན། གཤེན་སྟོན་ཆེན་པོ་ནམ་མཁའ་རྒྱལ་མཚན་དང་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས། གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ་རྣམ་གསུམ་ནི་དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་པོ་དག་ལས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངོན་པར་མཐོ་བའི་དཔེ་མཚོན་ཅན་གྱི་མི་སྣ་ལགས་པས། དཔེ་ཚོགས་འདིའི་པོད་གཉིས་པར་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་ཞེས་པ་དང་བླ་མ་ཡར་འབྲོག་པའི་རྣམ་ཐར་མུ་ཏིག་ཕྲེང་བ་བཅས་བསྡུས་ཡོད་པ་དང་། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་དང་གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ་གྱི་གསུང་རྩོམ་ཁག་ཅིག་པོད་གསུམ་པར་བསྡུས་ཡོད། པོད་བཞི་པ་ནས་དྲུག་པའི་བར་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་ཡིན་ལ། ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་དང་། མདོ་སྔགས་རྫོགས་གསུམ་གང་ལའང་གཞན་དྲིང་མི་འཇོག་པའི་རིག་པའི་ཁྱུ་མཆོག་ཅིག་སྟེ། གསུང་འབུམ་ལ་སྤྱིར་པོད་བཅུ་གཉིས་བཞུགས་པར་གྲགས་པ་ལས་ད་རེབ་ལག་ཏུ་སོན་པའི་གསོལ་འདེབས་དང་བསྟོད་པ། མཇལ་སྣང་། ཆོ་ག་མཆོད་གཞུང་། གསང་སྔགས་མ་རྒྱུད་ཀྱི་སྐོར་སོགས་ཚན་པ་ཆེ་ཆུང་བརྒྱ་ལས་ལྷག་པ་པོད་གསུམ་གྱི་ནང་དུ་བསྡུས་ཡོད། པོད་བདུན་པ་ནས་དགུ་པའི་བར་གྱི་པོད་གསུམ་ནི་གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་ཡིན། ཁོང་ནི་གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་རབས་ཉི་ཤུ་པ་ལགས་ཤིང་། བཅུ་ཕྲག་རིག་པའི་གནས་གང་ལའང་མཁྱེན་རྒྱ་རབ་ཏུ་ཡངས་པའི་མཁས་པའི་དབང་པོ་ཞིག་ཡིན། ད་ཐེངས་ཁོང་གིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པ་དང་མངོན་བརྗོད་ལེགས་བཤད་རིན་ཆེན་ཕྲེང་བ། སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་། སྐད་གཉིས་བཤད་སྦྱར་དགོས་འདོད་ཀུན་ཚངས། གཤེན་གྱི་རྩིས་གསར་རྣམ་དག ས་དང་ལམ་གྱི་རྣམ་པར་བཞག་པ་ལེགས་བཤད་ནོར་བུ་འདྲེན་པའི་གྲུ་གཟིངས་སོགས་ས་ལམ་རྣམ་གཞག་དང་། བརྡ་སྤྲོད་སྙན་ངག མངོན་བརྗོད་སྐར་རྩིས། སྒྲུབ་གཞུང་དང་ལག་ལེན་ཟིན་བྲིས། ས་དཔྱད་དང་ལེགས་བཤད་སོགས་གསུང་རྩོམ་པོད་གསུམ་ཅན་དུ་བསྡུས་ཡོད། པོད་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་པོད་བཞི་ནི་གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱི་གསུང་འབུམ་སྟེ། ཁོང་ནི་དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་བོན་གྱི་བླ་ཆེན་ཞིག་སྟེ། ཆུང་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་འབར་ཞིང་། གྲུབ་པའི་རྟགས་མཚན་མང་པོ་མངའ་བས་བླ་མ་སྐྱེས་ཆེན་མང་པོས་མགྲིན་གཅིག་ཏུ་སྙ་ཆེན་ལི་ཤུ་སྟག་རིང་གི་རྣམ་སྤྲུལ་ཡིན་པར་ངོས་འཛིན་མཛད། ཆེར་སྐྱེས་པ་དང་གྲྭ་ས་མང་པོར་འགྲིམས་ནས་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་པས། མདོ་སྔགས་རྫོགས་གསུམ་གྱི་ཉམས་ལེན་མཐར་ཕྱིན་ནས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། བོད་ཡུལ་ཕྱོགས་སོ་སོར་བྱོན་ཏེ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རྒྱ་ཆེར་སྤེལ། ཁོང་གི་གསུང་རྩོམ་ལས་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ཅེས་པ་ནི་སྙན་གྲགས་ཤིན་ཏུ་ཆེ་བའི་གནས་ཡིག་ཅིག་ལགས་ཤིང་། ད་ལན་གྱི་གསུང་འབུམ་ནང་གནས་ཡིག་དེ་དང་ཁོང་གི་རང་རྣམ། ཐེག་པ་ཆེན་པོ་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་གཞུང་ཆ་ལག་དང་བཅས་པ་སོགས་ཁོང་གི་གསུང་རྩོམ་མཐའ་དག་དང་། གཞན་ཡང་རིག་འཛིན་ཆེན་པོ་གྱེར་མི་ཉི་མ་འོད་ཟེར་དང་རྨ་སྟོན་སྲོལ་འཛིན་གྱིས་དང་ར་ནས་སྤྱན་དྲངས་པའི་སྙན་རྒྱུད་ལྡེ་མིག་དགུ་སྐོར་སོགས་ཀྱང་བསྡུས་ཡོད། པོད་བཅུ་བཞི་པ་ནི་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་ཉམས་རྒྱུད་སྐྱ་རུ་དང་སྨུ་གུའི་གསུང་པོད་ཡིན་པས་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ་མཚོན་ན་ཤིན་ཏུ་སྨན་པའི་དཔེ་དེབ་དཀོན་པོ་ཞིག་ཡིན། པོད་བཅོ་ལྔ་པར་གཏེར་སྟོན་གཡུང་དྲུང་གླིང་པས་སྤྱན་དྲངས་པའི་སྙན་རྒྱུད་རིན་ཆེན་སྒྲོན་གསལ་དང་ཚེ་དབང་བོད་ཡུལ་མའི་སྒྲུབ་གཞུང་ཆ་ལག་ཁ་ཚང་བསྡུས་ཡོད། པོད་བཅུ་དྲུག་པ་ནི་མ་མོ་འདུས་པའི་ཡང་སྙིང་གི་རྒྱུད་དང་རྒྱལ་མོ་ཐུགས་ཀྱི་གཟེར་བུའི་འགྲེལ་བ་སོགས་སྲིད་པ་རྒྱལ་མོའི་སྒྲུབ་སྐོར་ཡིན། པོད་བཅུ་བདུན་པའི་ནང་དུ་གསང་སྔགས་མན་ངག་གནད་ཀྱི་རྫོང་འཕྲང་སྣལ་རིས་དང་སྲུང་མའི་སྒྲུབ་གཞུང་སྐོར། རྟེན་འཁོར་དང་སྲུང་འཁོར་སྣ་ཚོགས་བཅས་ཚན་པ་བཅོ་ལྔ་བསྡུས་ཡོད། པོད་བཅོ་བརྒྱད་པ་ནི་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་དག་སྒྲིག་བྱས་པའི་བོན་གྱི་གནས་ཡིག་ཕྱོགས་བསྒྲིགས་ཀྱི་གསུང་པོད་ཡིན། དེའི་ནང་དུ་ལོ་ཆེན་བཻ་རོ་ཙ་ན་དང་མཁན་ཆེན་ཉི་མ་བསྟན་འཛིན། སྤྲུལ་སྐུ་བློ་ལྡན་སྙིང་པོ། གྲུབ་དབང་བསྟན་འཛིན་རིན་ཆེན། རིག་འཛིན་ཀུན་གྲོལ་གྲགས་པ། གཏེར་སྟོན་སངས་རྒྱས་གླིང་པ། ཀུན་མཁྱེན་ཤེས་རབ་དགོངས་རྒྱལ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་མཛད་པའི་བོན་གྱི་གནས་ཆེན་ཁག་གི་གནས་ཡིག་ཚན་པ་སོ་དྲུག་བསྡུས་ཡོད་ལ། གནས་ཡིག་དེ་དག་གིས་ཟུར་མི་འདྲ་བའི་སྒོ་ནས་གངས་རིའི་ལྗོངས་ཀྱི་ལྷ་རི་བླ་མཚོའི་འབྱུང་ཁུངས་དང་། དེ་བཞིན་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་འཕེལ་རྒྱས་དང་རིམ་འགྱུར་གྱི་ཁྱད་ཆོས་རྒྱས་བཤད་བྱས་ཡོད་པས། ལོ་རྒྱུས་ཡིག་ཚང་གི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་ངེས་ཅན་ལྡན། གནའ་བོའི་སྲིད་པའི་བོན་གྱི་ཡིག་ཆ་ནི་ཐུབ་བསྟན་བོད་ཡུལ་དུ་མ་དར་གོང་གི་མཐོ་སྒང་བོད་མིའི་གནའ་བོའི་ཤེས་རིག་གི་རྟེན་གཞི་གཙོ་བོ་ཡིན་ཏེ། ཁོ་ཚོས་ཉི་ཟླ་སྐར་གསུམ་ལ་ངོས་འཛིན་དང་། ལེགས་ཉེས་བདེ་སྡུག་ལ་སྔོན་དཔག ཚེ་སྲོག་བརྒྱུད་རིམ་ལ་བསམ་གཞིག་བྱས་པའི་བློ་གྲོས་ཀྱི་ཉིང་བཅུད་འདུས་ཡོད། དཔེ་ཚོགས་འདིའི་ནང་དུ་བསྡུས་པའི་ས་དཔྱད་དང་མོ་ཡིག་ནི་སྲིད་པའི་བོན་གྱི་ཡིག་ཆའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་སྟེ། གནའ་མིའི་འཚོ་གནས་ཁོར་ཡུག་གི་གནས་སྟངས་དང་། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ། གནའ་རབས་པའི་རིག་གནས་སེམས་ཁམས་དང་སྤྱི་ཚོགས་འདུ་ཤེས། ཆོས་ལུགས་དད་མོས་སོགས་རིག་གནས་ངང་ཚུལ་གསལ་བོར་བསྟན་ཡོད། པོད་བཅུ་དགུ་པར་ཚེ་རིང་རྒྱལ་སོགས་ཀྱིས་དག་སྒྲིག་བྱས་པའི་བོན་གྱི་ས་དཔྱད་ཕྱོགས་བསྒྲིགས་བསྡུས་ཡོད་ལ། དེའི་ནང་དུ་ས་རིན་པོ་ཆེ་གསལ་བའི་སྒྲོན་མ་འཕྲུལ་གྱི་མེ་ལོང་ཞེས་པ་དང་། ས་དཔྱད་ཀུན་ཚང་ཞང་ཞུང་བྱེ་མ་ལའི་བདལ་སྤུངས་གཙོས་པའི་ས་དཔྱད་དང་ས་འདུལ་གྱི་ཡིག་ཆ་ཚན་པ་བཅུ་བཞི་འདུག པོད་ཉི་ཤུ་པ་ནི་ནོར་བུ་བཀྲ་ཤིས་ཀྱིས་འཚོལ་སྡུད་དང་དག་སྒྲིག་བྱས་པའི་བོན་གྱི་མོ་ཡིག་ཕྱོགས་བསྒྲིགས་ཀྱི་གསུང་པོད་ཡིན། དེའི་ནང་དུ་སྟོན་པ་གཤེན་རབ་མི་བོ་དང་བླ་ཆེན་དྲན་པ་ནམ་མཁའ། བྱང་བ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་མཛད་པའི་བོན་གྱི་མོ་ཡིག་ཚན་པ་ཉེར་གཅིག་བསྡུས་ཡོད་དོ། །

  《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པ2015ལོར་རྒྱལ་ཁབ་རིམ་པའི་ལས་གཞི་ཆེན་པོ་གཉིས་ཀྱི་གྲས་སུ་ཚུད་ལ། 2017ལོར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དང་ཉི་མ་རྫོང་གི“རྒྱུད་གཅིག་ལམ་གཅིག”རིག་གནས་འཛུགས་སྐྲུན་ལས་གཞིའི་ནང་ཡང་བཅུག་པ་རེད། དཔེ་ཚོགས་འདིའི་མ་ཕྱི་ནི་ནོར་བུ་བཀྲ་ཤིས་དང་ཚེ་རིང་རྒྱལ། བསྟན་འཛིན་འཕྲིན་ལས། བྲུ་འཇོ་ལོ། གཙང་ཚ་བསམ་གཏན་འགྱུར་མེད་སོགས་ཀྱིས་མཁོ་འདོན་བྱས་ཤིང་། ཐོག་མའི་དག་སྒྲིག་གི་ལས་ཀར་ཀརྨ་ཀུན་ཁྱབ་དང་ཀུན་དགའ་ཡེ་ཤེས། རྒྱལ་བུ། རང་རིགས་རང་ཤར། ཚེ་དབང་སྙིང་པོ། ཀུན་དགའ་རྒྱ་མཚོ། ཅུང་བསྟན་བཟང་། དབང་ཆེན་བསོད་ནམས། གཡུང་དྲུང་བསྟན་རྒྱལ། བསོད་ནམས་བཀྲ་ཤིས། ཕུར་བུ་ཉི་མ། དབང་འདུས་སྐྱབས། ཚེ་རིང་དཔལ་རྒྱལ། ཚེ་རིང་དབང་རྒྱལ། སྐྱིད་གཡང་སྒྲོལ་མ། བསྟན་འཛིན་སྙིང་པོ་སོགས་ཞུགས་པ་ཡིན། 《བོན་དང་ཞུང་ཞུང་ཤེས་རིག་དཔེ་ཚོགས》ནང་གི་ཡིག་ཆ་མང་ཤོས་དབུ་མེད་ལག་བྲིས་མ་རྐྱང་རྐྱང་ཡིན་པས། ཡིག་འབྲུ་མི་གསལ་ཞིང་ཆད་ལྷག་མང་བ། སྐུང་ཡིག་སྐུང་རྟགས་རྣམ་པ་སྣ་ཚོགས་མཆིས་པ་སོགས་གནད་དོན་ཤིན་ཏུ་མང་བས་ཕབ་འཇུག་དག་སྒྲིག་གི་བྱ་བའི་ཁྲོད་དཀའ་ཁག་ཆེན་པོར་ཕྲད། དཔེར་ན་གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་པོད་གཅིག་ལག་སོན་བྱུང་བ་མ་ཕྱི་ཧ་ཅང་རབ་རིབ་ཏུ་གྱུར་ནས་ཡིག་འབྲུ་ངོས་འཛིན་ཤིན་ཏུ་བྱེད་དཀའ་བར་བརྟེན། ཐེངས་འདིའི་གསུང་འབུམ་གྲས་སུ་འཇོག་ཐབས་མ་བྱུང་བར་ལུས་པ་དང་། གཞན་ས་དཔྱད་དང་མོ་ཡིག་སོགས་ཀྱང་དེའི་རང་བཞིན་ཡིན། སྤྱིར་ན་བོན་གྱི་གནའ་བོའི་ཡིག་ཆ་ནི་དར་རྒྱུན་དང་ཕྱག་ལེན་སོགས་མི་གཅིག་པའི་དབང་གིས་ཡི་གེ་དང་ཐ་སྙད་བཀོལ་སྤྱོད་ཕྱོགས་སུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གྲུབ་ཡོད་ལ། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་རང་གྲུབ་ཀྱི་ཆོས་ཉིད་དེར་འགྱུར་བ་ཆེན་པོ་མ་བྱུང་བར་མུ་ནས་མུ་རུ་བརྒྱུད་དེ་དུས་ད་ལྟའི་བར་རྒྱུན་འཛིན་བྱས་ཡོད། དེ་བས་དཔེ་ཚོགས་འདི་དག་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ། ང་ཚོས་བོན་གྱི་གནའ་དཔེའི་ཁྱད་ཆོས་འདི་དག་གཙིགས་སུ་བཟུང་ནས། ངེས་པར་བཟོ་བཅོས་བྱེད་དགོས་པའི་ཡིག་ནོར་མ་གཏོགས་བོན་གྱི་གནའ་དཔེའི་ཆོས་ཉིད་དང་མཁས་པའི་ཕྱག་ལེན་ལ་བརྩི་འཇོག་བྱས་ཏེ། ཡིག་ཆའི་གདོད་མའི་རྣམ་པ་དེ་ཅི་ནུས་གང་ཐུབ་ཀྱིས་སོར་འཇོག་བྱས་ཡོད། རྩོམ་སྒྲིག་པར་ཞུའི་བརྒྱུད་རིམ་ཁྲོད་དུའང་། དཔེ་སྐྲུན་ཁང་ལ་སྤྲད་པའི་ཐོག་མའི་དག་སྒྲིག་གི་མ་ཡིག་ལ་གནད་དོན་མི་ཉུང་བ་མཆིས་པར་དམིགས་ཏེ། རྩོམ་སྒྲིག་འགན་འཁུར་པ་རྣམ་པས་ཡང་བསྐྱར་མ་ཕྱི་ལ་ལན་མང་བསྡུར་ཞིང་། དོགས་གཞིར་གྱུར་ཏེ་ཐག་གཅོད་བྱེད་མི་ནུས་པ་དག་འབྲེལ་ཡོད་ཆེད་མཁས་པ་རྣམས་ལ་བཀའ་འདྲི་ཞུས་ནས་ཅི་ནུས་ཀྱིས་ཐག་གཅོད་བྱས་པ་ཡིན། རྩོམ་སྒྲིག་པར་སྐྲུན་གྱི་རྒྱུ་སྤུས་ཁག་ཐེག་དང་པར་ཞུའི་གོ་རིམ་ཁྲོད་ཡི་གེ་བཅོས་ཉེས་མི་འབྱུང་བའི་ཆེད་དུ། ང་ཚོས་བོན་གྱི་གནའ་དཔེ་དག་སྒྲིག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཤེས་ལྡན་པ་ཁྲི་བསོད་བསྟན་དང་ས་ཁའི་བློ་ལྡན། སྟོང་སྲས་ལྷ་བུ། ཁྲི་ཀའི་བསོད་ནམས་སོགས་གདན་དྲངས་ནས་རྩོམ་སྒྲིག་པས་པར་ཞུ་བྱས་པའི་མ་དཔེར་ཡང་བསྐྱར་ཞིབ་གཅོད་ཐེངས་གཅིག་བྱས་པས་དཔེ་ཚོགས་འདིའི་ཞུ་དག་གི་སྤུས་ཚད་སྔར་ལས་མཐོར་འདེགས་ངེས་ཅན་ཞིག་ཐོབ་ཟིན་པར་སྙམ།

  《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ནི་ངེད་དཔེ་སྐྲུན་ཁང་གིས་ཉེ་བའི་ལོ་ཤས་རིང་པར་སྐྲུན་བྱས་པའི་བོད་ཀྱི་གནའ་དཔེ་པར་སྐྲུན་ལས་གཞིའི་ཁྲོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཟོ་སྐྲུན་གྱི་དགོངས་འཆར་ལག་བསྟར་དོན་འཁྱོལ་བྱས་པའི་འབྲས་བུ་ཡང་ལགས་པས། མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་སྙིང་སྟོབས་དར་སྤེལ། དེ་བཞིན་བོད་ཡིག་དཔེ་རྙིང་འཚོལ་སྡུད་དང་དག་སྒྲིག པར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། འདིར་ངེད་ཅག་གིས་དཔེ་ཚོགས་འདིའི་འགོ་བརྗོད་མཛད་མཁན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ། རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་མོ་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་བ་དང་། དཔེ་ཚོགས་འཚོལ་སྡུད་དང་དག་སྒྲིག རྩོམ་སྒྲིག་པར་སྐྲུན་བཅས་ཀྱི་ལས་ཀ་བྱེད་མཁན་དང་རྒྱབ་སྐྱོར་རོགས་རམ་གནང་མཁན་ཀུན་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་ཡིན། ང་ཚོར་བོན་གྱི་ཡིག་ཆ་དག་སྒྲིག་དང་པར་སྐྲུན་ཐད་ཀྱི་ཉམས་མྱོང་ཞན་ཞིང་ཆུ་ཚད་དམན་པས་རྩོམ་སྒྲིག་ཞུ་དག་བྱེད་སྐབས་ནོར་འཛོལ་དང་སྐྱོན་ཆ་མི་ཉུང་བ་ཡོད་ངེས་པ་གདོན་མི་ཟ་བས་ན། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དག་བཅོས་ཡོ་བསྲང་གནང་བའི་རེ་བ་སྙིང་ནས་ཞུའོ། །

ཞེས་དཔེ་ཚོགས་འདིའི་གཙོ་སྒྲིག་པ་བསོད་ལོས་སྤྱི་ལོ༢༠༢༡ལོའི་ཟླ༢པའི་ཚེས༢༦ཉིན་གནའ་མཁར་ཟི་ལིང་དུ་སྦྱར་བ་དགེའོ། །

     ཆེད་ཞུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་སྤུས་ལེགས་ཅན་གྱི་དེབ་ཕྲེང་ཆེན་མོ《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》ཞེས་པར་ཁྱོན་བསྡོམས་གསུང་པོད་ཉི་ཤུ་བཞུགས། དཔེ་ཚོགས་སྤྱིའི་རིན་གོང་སྒོར1168ཡིན། སྡེབ་ཉོ་བླུ་གཏོང་མཁན་ལ་འོས་འཚམ་གྱིས་རིན་གོང་ཟུར་གཅོག་བྱེད་འཆར་ཡོད་པས་མངག་ཉོ་པ་དག་གིས་འབྲེལ་བ་བྱེད་རོགས།
     འབྲེལ་ཡུལ། གཟེར་མིག 15609739205

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།