རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བའི་གསུང་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།

[ཟླ་ཚེས། 2021-09-23 20:52:57][རྩོམ་པ་པོ། འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བའི་རྩོམ་ཡིག་ཕྱོགས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།

   ད་ལྟ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བའི་རྩོམ་ཡིག་ཕྱོགས་བསྒྲིགས་སུ་འབོད་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། དེ་ལ་དེབ་ཕྲེང་འདིའི་རྩོམ་པ་པོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནི། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱའི་རྩྭ་ཐང་གི་ལྟོ་བར་མདོ་སྨད་ཞིག་པོའི་ནང་ཚན་རྩེ་ཞིག་གདུང་ལས་བླ་རྒྱུད་རིམ་པར་བྱོན་པའི་རྩེ་ཞིག་ཁྲི་པའི་བླ་བྲང་ལ། ཡབ་སྔགས་འཆང་ཤེས་རབ་བློ་གྲོས་དང་ཡུམ་ཙང་ཚ་ཀུན་བཟང་སྐྱིད་གཉིས་ཀྱི་སྲས་སུ༡༩༧༠ལོར་སྐུ་འཁྲུངས། ༡༩༨༧ལོར་རྩེ་ཞིག་ཆོས་རྗེ་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ཁྲི་སྟོན་མཛད་སྒོ་སྤེལ། ༡༩༩༧ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ནས་རྩེ་ཞིག་ཚང་སྐུ་ཕྲེང་བཞི་པར་ཆོག་མཆན་བཀོད། ༢༠༠༡ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་བ་དང་པེ་ཅིན་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སུ་ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་ལ་ཐོག་མར་དཔྱད་པ་ཅེས་པའི་རྩོམ་ཡིག་སྤེལ། ༢༠༠༤ལོར་ལྷ་སར་འཚོགས་པའི་བོད་བརྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཚོགས་ཆེན་སྟེང་བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ལས་འཛིན་གྱི་ཁོངས་མིར་བདམས། ༢༠༠༥ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཐེངས་དང་པོའི་མཐོ་རིམ་དགེ་བཤེས་དམ་བཅའི་ཡོན་གནས་ཞུ་མཁན་རྣམས་ལ་དེ་འབྲེལ་གྱི་མཐོ་རམས་པའི་ཡོན་གནས་ཐོབ་ཐང་སྤྲོད་ཐབས་དཔྱད་ཞིབ་བཞུགས་མོལ་བགྲོ་གླེང་ཚོགས་འདུར་ཞུགས། ༢༠༠༦ལོར་པེ་ཅིན་སློབ་ཆེན་ཆོས་ལུགས་ཚན་ཁག་གི་ནང་བསྟན་ཟབ་སྦྱོང་འཛིན་གྲྭ་ནས་སློབ་ཐོན་བྱུང་རྗེས་འཇར་མན་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སུ་རྩེ་ཞིག་དགོན་པ་དང་མདོ་སྨད་བྱང་ཤར་བོན་དགོན་ཁག་གི་འབྲེལ་བ་ཅེས་པའི་དཔྱད་རྩོམ་སྒྲོག་སྦྱོང་ཞུས། ༢༠༡༠ལོར་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་དེ་རིན་མེད་ངང་འཛམ་གླིང་ས་ཕྱོགས་གང་སར་འགྲེམས་སྤེལ་མཛད། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ཚོགས་གཙོར་འདེམས་ཐོན་བྱུང་། ད་ལྟ་འཁོར་ལོ་གསུམ་གྱི་ནང་ཚན་བྱ་བ་ལས་ཀྱི་འཁོར་ལོ་སྟེ། མཛད་པའི་མཆོག་གྱུར་རྣམ་པར་རྒྱལ་བའི་གཞལ་ཡས་ཁང་གི་ཕྱི་ནང་གསང་བའི་བཀོད་པ་ཆ་ཚང་བཟོ་སྐྲུན་གཉེར་བཞིན་པའི་སྒང་བཅས་ཁོང་གི་སྐུ་ཚེའི་སྟོད་ལ་མཛད་ཆེན་ཁག་གསུམ་གཙོས་བྱ་བ་ལས་ཀྱི་འཁོར་ལོའི་མཛད་བཟང་ཁག་གི་ཞོར་དུ་རྩོམ་པ་བོན་གྱི་འཁོར་ལོའི་མཛད་པ་རྒྱ་ཆེའང་བསྐྲུན་ཡོད་དོ། །
   དེ་ཡང་སྨྱུག་ཐོགས་པ་ཁོང་ནི་མཁས་བཙུན་བཟང་གསུམ་གྱི་དགོངས་དཔྱོད་ཐུགས་ལ་མངའ་ཞིང་། མཁས་པའི་བྱ་བ་གསུམ་གྱི་མཛད་བཟང་ཡིད་ལ་བཅང་ནས་མི་ཚེའི་རིན་ཐང་ཡོད་པ་དང་། ཀློག་པ་ཐོས་བསམ་འཁོར་ལོའི་འཚོ་བ་ལོངས་སུ་སྤྱད་དེ་ལོ་མང་རིང་གསུང་རབ་རྒྱ་མཚོའི་ཆུ་ངོགས་སུ་འགྲིམས་པའི་ཟིན་ཐོ་ཁག་དང་རང་གིས་དཔྱད་དོན་རྒྱུད་ཐོག་ལ་བཀལ་བའི་ཉམས་མྱོང་གི་ཟིན་ཏིག་ཁག་རྣམས་སྙིང་སྟོབས་ཀྱི་དམ་བཅའ་བག་ལ་མ་ཞ་ནས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པ་ལ། ཇི་སྐད་དུ། རྒྱལ་བ་མཉམ་མེད་པའི་ཞལ་ནས། །མཁས་རྣམས་བསྐུལ་བར་མི་འོས་མོད། །ཤེས་འདོད་ལེགས་པའི་དོན་གཉེར་བས། །དད་མོས་བློ་ཡིས་འདིར་གསོན་མཛོད། །ཅེས་པ་ལྟར་མཁས་རྣམས་བསྐུལ་བར་མིན་ལ་རང་འདྲའི་སྐལ་མཉམ་དག་ལ་གྲོས་སུ་འདེབས་པའི་ཚུལ་དང་། བཟང་སྤྱོད་སྤྱི་ཕན་གྱི་ཆ་ནས་ཁོང་གི་སྐུ་ཚེའི་སྟོད་ཀྱི་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་ཟིན་བྲིས་སུ་བཏབ་པའི་ལྗགས་རྩོམ་དེབ་ཕྲེང་རིན་ཆེན་སྣ་ལྔའི་གྲངས་ལྡན་དུ་བཀོད་པ་འདི་དག་རྣམ་དཔྱོད་ལང་ཚོ་དར་མའི་དཔལ་འབར་བའི་གཞོན་སྐྱེས་རྣམས་ལ་གྲོས་འདེབས་ཀྱི་ཚུལ་དུ་རྗེས་བཞག་མཛད་པར་སྤྲོ་བ་རབ་བརྟས་དང་བསྔགས་འོས་ཀྱི་དཔལ་དུ་གྱུར་བ་སྟེ།
   དེབ་དང་པོ་གཞུང་དོན་དགོངས་འགྲེལ། ཞེས་པའི་ནང་ལ་དམངས་ཕན་སྤྱི་འགྲོས་ཀྱི་ཚུལ་དུ་ཕྱག་འཚལ་བའི་ཕན་ནུས་དང་། གསུང་མཆོག་མ་ཏྲིའི་གོ་དོན་མདོར་བསྡུས། བཤགས་སྦྱང་སྔོན་འགྲོ་འབུམ་དགུའི་བོན་སྐོར། ཐོབ་བྱ་སྐུ་གསུམ་གྱི་རང་བཞིན་གསལ་པོར་བསྟན་པ། སྐུ་གསུང་ཐུགས་རྟེན་བཞེངས་ནས་རབ་གནས་ཀྱི་བྱེད་སྟངས་སོགས་ཀྱི་འགྲེལ་བརྗོད་སྐོར།
   དེབ་གཉིས་པ་ལོ་རྒྱུས་གསལ་བཀྲོལ། ཞེས་པའི་དེབ་འདིའི་ནང་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་ལས་གསལ་བའི་དོན་གནད་གལ་ཆེན་ཀྱི་རིགས་ལ་གསལ་བཤད་དང་། ལོ་རྒྱུས་རྣམ་ཐར་རྙིང་པའི་རིགས་སྲོག་ཏུ་བཟུང་ནས་ད་ལྟའི་གནས་ཚུལ་ཇི་བཞིན་བརྗོད་པ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་སྐྲུན་སྐོར་གྱི་གནས་ཚུལ་གསལ་བཤད་དང་། གངས་ཏི་སེ་བོན་གཞུང་རིག་མཛོད་པར་དུ་བསྐྲུན་པའི་ལོ་རྒྱུས་སོགས་ཀྱི་སྐོར།  
 
  དེབ་གསུམ་པ་མཆིད་ཀྱི་གླེགས་བམ། ཞེས་པའི་དེབ་འདིའི་ནང་ཡར་རྒྱས་སུ་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་གདེང་འཇོག་དང་། ཤེས་བྱ་རིག་གནས་ཀྱི་དགེ་མཚན་སྣ་ཚོགས་གླེང་བ། རང་མཐུན་ལས་གྲོགས་རྣམས་ཀྱིས་སྤེལ་བའི་རྩོམ་ཡིག་རེ་འགའི་འགོ་བརྗོད་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གཙོས་ངེས་དོན་གྱི་བསྟན་འཛིན་སྐྱེས་ཆེན་དག་གི་མཛད་རྗེས་ལ་ཕྱིར་དྲན་བྱས་པ། དགོན་སྡེ་རིག་གནས་ཀྱི་སྙིང་སྟོབས་དང་དེའི་གོ་དོན་སོགས་ཀྱི་སྐོར།
   དེབ་བཞི་པ་ངག་རིག་ཚོམ་བུ། ཞེས་པའི་དེབ་འདིའི་ནང་བཅད་རྩོམ་དང་ཚིག་རྒྱན་རིག་པའི་འབྲི་ཐབས་རྨང་གཞི་བྱས་ཐོག སྲོལ་རྒྱུན་གྱི་འབྲི་སྟངས་ལྟར་དུ། སངས་རྒྱས་དང་སེམས་དཔའི་རིགས་ཀྱི་བསྟོད་ཚོགས་དང་།  བླ་མ་དང་ཕྱག་རྗེས་ཅན་རྣམས་ལ་རྗེས་དྲན་ཚིགས་བཅད་དུ་ཕུལ་བ། བྱ་དཀའ་བའི་སྙན་ངག་གསལ་བྱེད་སུམ་ཅུའི་ལམ་ནས་བསྟོད་པ་དང་། དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་སྣ་ཚོགས་ཀྱི་དབང་གིས་ཚིགས་བཅད་དུ་བསྡེབས་ནས། ཆབ་དཔལ་རིག་གསུམ་གྱི་དགེ་མཚན་ལ་བསྟོད་བསྔགས་དང་། རང་དོན་ཁོ་ན་མ་ཡིན་པར་གཞན་དོན་དུ་སེམས་ཅན་ཀུན་གྱི་ཆེད་དུ་བརྩེ་སེམས་ཕུལ་བའི་གཏམ་ཚོགས་མང་པོ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་བའི་སྐོར།
   དེབ་ལྔ་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། ཞེས་པའི་སྒེར་དེབ་ནི་བོན་གྱི་བསྟན་པ་དང་དེར་འབྲེལ་ཞང་ཞུང་ཤེས་རིག་གི་ད་ལྟའི་གནས་བབ་ལ་ཁ་གཏད་དེ་བྲིས་པའི་ཆེད་རྩོམ་ཁག་ཕྱོགས་བསྡུས་ཀྱིས་གྲུབ་པ་ཞིག་ཡིན་ཞིང་། དེབ་འདིའི་ནང་རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་ཁྲོད་ཞང་ཞུང་ཤེས་རིག་ལ་དམིགས་བསལ་ཉམས་ཞིབ་གནང་བའི་སྣང་ཚུལ་གྱི་སྐོར་དང་། རང་རྒྱལ་དུ་གཉེར་བའི་ཞང་ཞུང་ཤེས་རིག་སྐོར་གྱི་ལས་གཞི་སྟེ། གནའ་བོའི་ཞང་ཞུང་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་དང་། ཞང་ཞུང་ཤེས་རིག་དཔྱད་གླེང་ཚོགས་འདུའི་སྐོར། སྤྱི་ལོ་༡༩༨༥ལོ་ནས་བཟུང་༢༠༢༠ལོའི་བར་དཔེ་སྐྲུན་ཁང་སོ་སོས་བོན་གྱི་གསུང་རབ་ཡིག་ཆའི་སྐོར་པར་སྐྲུན་བྱས་པའི་གནས་ཚུལ་ཕྱོགས་བསྡོམས། རང་རྒྱལ་གྱི་བོན་བསྟན་ཤེས་རིག་མཉམ་གླེང་བྱེད་སའི་སྟེགས་བུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་། གཡས་རུའི་འཆད་རྩོད་ཆེན་མོ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་བཅས་ཀྱི་གནས་ཚུལ་སྐོར་ཅུང་ཞིབ་རྒྱས་སུ་བཀོད་པ་བཅས་ཡིན་ལ། མདོར་ན་དམ་པ་ཁོང་གིས་བརྩམས་གནང་མཛད་པའི་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བའི་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་ལྔའི་བདག་ཉིད་ཅན་ད་ལྟ་དངོས་སུ་པར་དུ་བསྐྲུན་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་བསྟར་འབུལ་ཞུས་པ་འདིས་ཀློག་པ་པོ་རྣམས་ལ་གོ་ཕུགས་ཧ་རའི་ཤེས་རྟོགས་ཡོང་བ་དང་། རྩོམ་པ་པོའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ལ་གསང་གསུམ་གྱི་མཛད་འཕྲིན་མཁའ་ལ་ཉི་ཟླས་བགྲོད་པ་མ་ཆད་ཀྱི་བར་དུ་རྟག་བརྟན་སྨོན་འདུན་དང་བཅས།
འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས། ༢༠༢༡ལོའི་ཟླ ༩ ཚེས ༡༠ ཉིན་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།