སྤུ་ལ་དགོན་པའི་གལ་ཆེའི་དཔེ་རྙིང་དེབ་ཕྲེང་གསུམ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2021-07-21 15:16:41][རྩོམ་པ་པོ། བླ་རུ་བཙུན་པ་ཤེས་རབ་ཕར་ཕྱིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་ཙམ་གྱི་གོང་དུ་ཞང་ཞུང་བོན་གྱི་རྒྱལ་ཁམས་ནས་དར་ཁྱབ་བྱུང་ཞིང་སྔ་ཕྱི་དུ་མར་འཕེལ་འགྲིབ་ལན་མང་དུ་བྱུང་ཡང་གཡས་རུའི་སྟོན་པ་བཅོ་བརྒྱད་དང་སྨན་རིའི་མཁན་རབས་རིམ་བྱོན་སོགས་བསྟན་འཛིན་སྐྱེས་བུ་བསམ་གྱིས་མི་ཁྱབ་པས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གནང་བ་དང་ལྷག་པར་དུ་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་གང་སར་ཐོས་བསམ་སྒོམ་གསུམ་གྱི་སྡེ་དང་ལོ་རྒྱུས་ཞིབ་འཇུག་པའི་སྡེ་ནགས་ལས་མེ་མཆེད་པ་དང་སྤང་ལས་ཤ་མོ་བརྡོལ་བ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་དང་བསྟུན་དཔལ་གཤེན་བསྟན་སྨན་རི་བའི་དགེ་བཤེས་ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་སྤུ་ལ་ཁྱུང་ནག་དགོན་གྱི་གདན་སའི་ཁྲི་རབས་ཉེར་ལྔ་པ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་དང་སྨན་རིའི་བཤད་སྒྲུབ་འདུས་སྡེའི་མཁན་ཟུར་དབྲ་ཚ་དགེ་བཤེས་དྲང་སྲོང་གཤེན་བསྟན་རབ་གསལ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཟུང་གལ་ཆེའི་དཔེ་རྙིང་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་གཞི་ལམ་འབྲས་གསུམ་གྱི་ཁྱད་པར་གཏན་ལ་དབབ་པར་བྱེད་པ་རིག་པའི་འཕྲེང་བ་དང་སྡེ་སྣོད་མང་དུ་ཐོས་ཤིང་རྩོམ་པ་པོ་ཚད་དང་ལྡན་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་འཇིག་རྟེན་སྣོད་བཅུད་ཀྱི་གཞུང་དང་དོན་འགྲེལ་ཁྲོ་བོ་དབང་ཆེན་གྱི་ལས་མཐའ་མཆོང་དགུའི་གསལ་འབྱེད་བཅས་དེབ་ཕྲེང་གསུམ་སྤུ་ལ་ཁྱུང་ནག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་བསོད་ནམས་གཡུང་དྲུང་མཆོག་གིས་དཔེ་ཁྲིད་ཀྱི་བར་མཚམས་སུ་གློག་ཀླད་ཡིག་བསྟར་གནང་བ་དང་དགེ་བཤེས་ཡེ་ཤེས་གོང་འཕེལ་གྱིས་དཔེ་དེབ་སྒྲིག་སྦྱོར་དང་ཇུས་འགོད་གནང་བ་བཤད་སྒྲུབ་འདུས་སྡེའི་དགེ་སློབ་འགའ་ཞིག་གིས་ཞུ་དག་དང་མཐའ་མའི་ཞུ་དག་གནང་སྟེ་རྒྱ་ནག་སྤོས་ལྡན་གྲོང་ནས་སོ་སོར་ཚར་ལྔ་བརྒྱ་རེ་དཔར་བ་དང་དགེ་བཤེས་མཛད་སྒོའི་ཉིན་གཉིས་པར་བཀྲ་གསལ་རྣམ་པར་རྒྱལ་བའི་གསས་ཁང་གི་དབུས་སུ་ཁྲི་མཐོ་ཞིང་ཡངས་པའི་ཁར་ལེགས་པར་བཤམས་ཏེ་དར་སྣ་ལྔའི་ཞལ་ཁེབས་གསོལ་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོས་རབ་གནས་བསྡུས་པའི་ཆོ་ག་གསུངས་གྲུབ་པ་དང་།
   སྐྱབས་རྗེ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེས་མ་རིག་མུན་པ་སེལ་བའི་བརྡ་རུ་ཞུགས་མར་གྱི་སྤྱན་དབྱེ་གནང་ཞིང་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡ་དུ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་དང་རྒན་གཤེན་བསྟན་རབ་གསལ་རིན་པོ་ཆེ་རྣམ་གཉིས་ཀྱིས་དར་གྱི་ཞལ་ཁེབས་ཕྱེས་ཏེ་དཔེ་དེབ་སྒོ་འབྱེད་གནང་ཞིང་དེར་གདན་འདྲེན་ཞུས་པའི་དགོན་སྡེ་ཁག་གི་དགེ་སློབ་ཡོངས་ལ་རིན་མེད་དུ་ཕུལ་བའི་གནས་བསྡུས་སུ།   བླ་རུ་བཙུན་པ་ཤེས་རབ་ཕར་ཕྱིན་གྱིས། བོད་འབྱུང་ལྡན་ཟླ་ཐིག་རྩེ་མོའི་ལྕགས་གླང་ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུ་ཉིན་བྲིས།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།