ཚ་ལུང་དགོན་པའི་གདན་རབས་པར་དུ་བསྐྲུན་པ།

[ཟླ་ཚེས། 2021-06-30 21:54:38][རྩོམ་པ་པོ། ཀུན་དགའ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས<<ཚ་ལུང་དགོན་པའི་གདན་རབས>>པར་དུ་བསྐྲུན་ཡོད།

   ཁྱུང་མཆུ་རྫོང<<ཚ་ལུང་དགོན་པའི་གདན་རབས>>འདི་ནི་ཀ་ཤུལ་བསོད་རིན་དང་ཆུ་ཚེ་རིང་གཉིས་ཀྱིས་བྲིས་ཤིང་། ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་དུ་བཀོད་དེ། ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ལེགས་གྲུབ་བྱུང་ཡོད།   དེ་ཡང<<ཚ་ལུང་དགོན་པའི་གདན་རབས>>འདི་ནི་རྩ་བའི་ས་བཅད་ཆེན་པོ་གསུམ་གྱིས་གྲུབ་ཅིང་། ས་བཅད་དང་པོར་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རབས་དང་། ས་བཅད་གཉིས་པ་དགོན་པ་དངོས་ཀྱི་ལོ་རྒྱུས། ས་བཅད་གསུམ་པ་ད་ལྟའི་དགོན་པའི་གནས་སྟངས་སོགས་ཡིན། དེ་ཡང་གདན་རབས་འདིའི་མཚན་ཆ་ཚང་ལ<<ཚ་ལུང་སྟག་ལུང་གཤེན་བསྟན་རྣམ་རྒྱལ་བསམ་གཏན་གླིང་གི་གདན་རབས་ལྷ་ཡི་རྔ་ཆེན>>ཞུ་ལ། གདན་རབས་འདིའི་བརྗོད་བྱ་གཙོ་བོར་གྱུར་པའི་ཚ་ལུང་དགོན་ནི་མདོ་སྨད་ས་ཡི་ཆར་གཏོགས་ཨ་མདོའི་འབྲོག་སྡེ་ཆེན་མོ་ཁྱུང་མཆུ་རྫོང་གི་ཁོངས་སུ་གཏོགས་ཤིང་། ཤར་རྒྱལ་མོ་རོང་ཚ་བ་རོང་དང་ཨ་མདོའི་འབྲོག་སྡེ་ཆེན་མོ་ཁྱུང་མཆུ་རྩྭ་ཐང་གི་ས་མཚམས་སུ་གནས་པའི་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་བོན་གྱི་དགོན་སྡེ་གལ་ཆེན་ཞིག་ཡིན། དེ་ཡང་དགོན་འདིའི་ཐོག་མའི་ལོ་རྒྱུས་བླ་ཆེན་དྲན་པ་ནམ་མཁའ་མཆོག་གི་སྒྲུབ་གནས་དྲན་པ་ཁ་ཞེས་པ་ནས་དབུ་གཙུགས་ཤིང་། དེའི་རྗེས་ཏེ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྟོད་དུ་དགོས་དམིགས་དུ་མ་ལ་བརྟེན་ཏེ་སྣང་ཞིག་བྱ་ཆེན་ཉི་མ་འཛིན་གྱིས་མཐའ་ལྔ་རུ་རྒྱུང་དགོན་པ་བཏབ་པ་ནས་རིམ་བཞིན་འཕེལ་རྒྱས་སོང་། མཐའ་ལྔ་ནས་རྟོགས་ལྡན་རིན་ཆེན་ལྷུན་གྲུབ་ཀྱིས་སྤྱི་ལོ་དུས་རབས་བཅུ་དགུ་བའི་ནང་དུ་དགོན་པར་ཡར་སྟག་ལུང་མདའ་རུ་གནས་སྤོར་བྱས་ཏེ། སྣང་ཞིག་ཁ་བཞིའི་དགོན་དང་མཉམ་དུ་བསྡོངས་ཏེ་མཚན་ལ་སྟག་ལུང་རྣམ་རྒྱལ་དགོན་ཞེས་བཏགས་ཤིང་། དེའི་རྗེས་སུ་གྲུབ་པའི་དབང་ཕྱུག་རྫ་རོང་ཉི་མ་བསྟན་འཛིན་སོགས་མཁས་བཙུན་ཉིས་ལྡན་གྱི་སྐྱེས་བུ་མང་པོས་བསྐྱངས་ཏེ་དགོན་པ་དར་བའི་སྐོར་བརྗོད་ཡོད།
   དེ་བཞིན་དགོན་འདི་ནི་སྔོན་ཆད་མི་དབང་ཅོག་ཙེ་རྒྱལ་པོའི་མངའ་འབངས་སུ་གཏོགས་པའི་དགོན་འདིའི་ལོ་རྒྱུས་འཆད་སྐབས་རྒྱལ་རོང་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཤོད་རྒྱུན་ཇི་སྙེད་ཅིག་མཆིས་པ་མཐའ་དག་ཡང་གདན་རབས་འདིའི་ནང་དུ་བཀོད་ཡོད་པས། གདན་རབས་འདི་ནི་བོན་དང་རྒྱལ་རོང་ལོ་རྒྱུས་དཔྱད་ཞིབ་པ་དག་ལ་མཚོན་ན་རྒྱུ་ཆ་གལ་ཆེན་ཞིག་ཡིན་པར་སྙམ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།