ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གསུམ་པ་དཔེ་སྐྲུན་བྱས་པ།

[ཟླ་ཚེས། 2021-05-20 22:27:39][རྩོམ་པ་པོ། སྨོན་རྒྱལ་མཁྱེན་རབ་ནམ་མཁའ། ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྔོན་འགྲོའི་གཏམ། 
ལྷག་པ་ཕུན་ཚོགས། 
   ལྕགས་གླང་ལོ་གསར་དུ་བཞད་ལ་ཉེ་བའི་མཚམས་ལ་སྨོན་རྒྱལ་མཁྱེན་རབ་ནམ་མཁའ་ཁོང་གིས་སྐུར་གནང་མཛད་པའི་ཆ་འཕྲིན་གྱི་མཚན་བྱང་ལ་(ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གསུམ་པ། ཁྱུང་པོ་སྟེང་ཆེན། རྩོམ་པ་པོ་སྨོན་རྒྱལ་མཁྱེན་རབ་ནམ་མཁའ། དཔེ་སྐྲུན་སྡེ་ཚན་སྟེང་ཆེན་རྫོང་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་)ཞེས་བཀོད་ཡོད་པ་མ་ཟད། ཁ་ཤོག་ལ་“ཁྱུང་པོ་སྟེང་ཆེན་ལོ་རྒྱུས་དཔེ་དེབ་འདི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བར་ལེགས་སྐྱེས་སུ་ཕུལ་བ་ཡིན།”ཞེས་རྒྱ་བོད་ཤན་སྦྱར་བཀོད་འདུག །གོང་གསལ་ནང་དོན་རྣམས་མཐོང་རྗེས་འགོ་བརྗོད་ཅིག་མ་འབྲི་ཐབས་མེད་ལྟ་བུར་གྱུར་སོང། གང་ལགས་ཤེ་ན། གཅིག །འདི་ནི་ཆབ་མདོ་བཅིངས་འགྲོལ་ཐོབ་ནས་ལོ་ངོ་༧༠འཁོར་བར་ཕུལ་བའི་ལེགས་སྐྱེས་ཤིག་རེད། ཚང་མས་མཁྱེན་གསལ་ལྟར། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད། ཀྲུང་གོ་གསར་པ་མེད་ན་བོད་གསར་པ་མེད། ཆབ་མདོ་བཅིངས་འགྲོལ་ཐོབ་པ་དེ་བོད་གསར་པའི་དབུ་ཚུགས་མཛད་སྒོ་ལྟ་བུ་ཡིན་ཞེས་བཤད་ཆོག །དེའི་ཕྱིར། དེ་ལ་ལེགས་སྐྱེས་འབུལ་རྒྱུ་ནི་ང་ཚོ་ཚང་མའི་བསམ་འདུན་ཡིན། གཉིས། དཔེ་དེབ་འདི་ནི་ཁྱུང་པོ་སྟེང་ཆེན་སྐོར་ཡིན་ཞིང་། ཁྱུང་པོ་སྟེང་ཆེན་ནི་ངའི་ཚེ་རོགས་ཚེ་དབང་སྒྲོན་མའི་ཕ་ཡུལ་ཡིན་ཕྱིར། ངའི་ཕ་ཡུལ་གཉིས་པ་ཡིན་ཞེས་བརྗོད་ཆོག །དེའི་ལོ་རྒྱུས་དང་ཤེས་བྱ་གང་ཡོད་རང་ཉིད་ནས་ཤེས་གང་ཐུབ་བྱ་དགོས་པ་སྨོས་མེད་ལ། མི་གཞན་དག་ལའང་ངོ་སྤྲོད་ཞུ་ཐུབ་ན་དགའ་ཚོར་སྐྱེ་འོས་པ་ཞིག་ཡིན་པ་ནི་བརྗོད་ག་ལ་དགོས། གསུམ། དཔེ་དེབ་འདི་དཔེ་སྐྲུན་གནང་མཁན་ནི་སྟེང་ཆེན་རྫོང་ཆབ་གྲོས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་རྙིང་དཔེ་སྐྲུན་ཁང་ཡིན་པ་ལས། བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དེ་ནི་གུས་པ་རང་ཉིད་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ལས་ཀ་བྱེད་སྐབས་གསར་དུ་བཙུགས་པ་ཞིག་ཡིན་སྟབས། དེ་ལ་རྒྱབ་རོགས་ཞུ་ཐུབ་ན་བོད་ཀྱི་ཕུལ་བྱུང་རིག་གནས་ཤུལ་འཛིན་དང་དར་སྤེལ་ལ་ཕན་པ་ཆེ་བ་དང་བཅས་ཀྱིས་བཀའ་གསུང་ཅི་སྒྲུབ་མ་ཞུ་ཀ་མེད་ཆགས། འོ་ན། དཔེ་དེབ་འདི་ལ་ཁྱད་ཆོས་གང་ཡོད་དམ་ཞེ་ན། དཔེ་དེབ་འདི་ནང་དོན་ས་བཅད་བཅུ་བཞིའི་སྒོ་ནས་ཕྱག་བྲིས་གནང་ཡོད་ཅིང་། དེ་དག་གི་མཚན་བྱང་རྣམས་མཐོང་བ་ཙམ་གྱིས་ནང་དོན་ཧ་ཅང་རྒྱ་ཆེ་ལ་ཕུན་སུམ་ཚོགས་པོ་ཡོད་པ་གསལ་པོར་མཐོང་ཐུབ་ལ། རྩོམ་པ་པོས་ཀྱང་དཀའ་སྤྱད་འབད་བརྩོན་གང་ཐུབ་ཅི་ཐུབ་གནང་བ་ཡིག་ཐོག་ལ་ཁྲ་ལྷམ་མེར་གསལ་ཡོད། དཔེར་ན། དཔེ་དེབ་འདིའི་ནང་ཡུལ་བཀོད་དང། གྲགས་ཆེའི་གནས་རི། གྲགས་ཆེའི་གནས་མཚོ། གྲགས་ཆེའི་ཆུ་ཚན་སོགས་འཁོད་པ་དེས་ལུང་པ་ཡིད་དབང་འཕྲོག་པ་ཞིག་ཡིན་པ་མཚོན་པ་དང་གཅིག །སྟེང་ཆེན་ཁུལ་གྱི་ས་འོག་གཏེར་ཁ་སྣ་ཚོགས་དང་། ས་སྟེང་གི་ཐོན་བབ་རྩ་ཆེའི་སྨན་རིགས་དཔེར་ན་དབྱར་རྩ་དགུན་འབུ་ལྟ་བུ། དེ་བཞིན་རི་སྐྱེས་སྲོག་ཆགས་བཅས་རང་བྱུང་སྐྱེ་དངོས་དེ་དག་གིས་ཕྱིའི་བཟོ་བཀོད་ལེགས་པའི་སྒང་ལ་ནང་གི་བཅུད་ཀྱང་གྱ་ནོམ་པའི་སྐོར་གསལ་པོར་འཁོད་པ་དང་གཉིས། དཔེ་དེབ་འདིའི་ནང་སྟེང་ཆེན་གྱི་ལོ་རྒྱུས་རགས་རིམ་དང་། དེ་དག་དང་འབྲེལ་བའི་ལོ་རྒྱུས་དོན་ཆེན། ལོ་རྒྱུས་མི་སྣ། ལོ་རྒྱུས་དང་འབྲེལ་བའི་གནས་རི། གནའ་ཤུལ། བྲག་བརྐོས་རི་མོ་སོགས་ཞིབ་པར་བཀོད་ནས་མི་རྣམས་ལ་ལོ་རྒྱུས་ཀྱི་ཤེས་བྱ་གང་མང་སྤེལ་བ་དང་གསུམ། དཔེ་དེབ་འདིའི་ནང་སྟེང་ཆེན་ཁུལ་དུ་ཆོས་ལུགས་གྲུབ་མཐའ་ཁག་གི་ངོ་སྤྲོད། དར་ཚུལ་དང་། དེ་དག་གི་དངོས་ཡོད་གནས་ཚུལ། རྒྱལ་གཅེས་ཆོས་གཅེས་གྲགས་ཅན་མི་སྣ་སོགས་ངོ་སྤྲོད་གང་ཟབ་གནང་འདུག་པ་དང་བཞི། སྟེང་ཆེན་ཁུལ་གྱི་དམངས་ཁྲོད་རིག་གནས་དང་། བཟོ་རིགས་སྒྱུ་རྩལ། ཡུལ་སྲོལ་གོམས་གཤིས་སོགས་ཞིབ་པར་བཀོད་པ་མ་ཟད། དུས་རབས་གསར་པའི་མང་ཚོགས་ཀྱི་འཚོ་བ་གང་འདྲ་ཡོད་མེད་དམིགས་བསལ་ས་བཅད་བཀོད་དེ་བྲིས་འདུག་པ་དང་ལྔ། མདོར་ན། དཔེ་དེབ་འདིས་སྟེང་ཆེན་ཁུལ་གྱི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་དར་རྒྱས། མི་དམངས་ཀྱི་འཚོ་བ་གོང་འཕེལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བཅས་ལ་སྐུལ་འདེད་ཐོག་དུས་རབས་གསར་པའི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་མཐུན་སྒྲིལ། ཕྱུག་གྱུར། ཤེས་རིག །འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་ཕན་ནུས་དགེ་མཚན་ལྡན་པ་ཐོན་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། 
ཆུ་ཕོ་གླང་གི་ལོ་གསར་ཤར་ལ་ཉེ་བའི་ཟླ་ཚེས་བཟང་པོར་བྲིས།།

རྩོམ་པ་པོའི་གཏམ།
   དེ་ཡང་བོན་གྱི་རིག་གནས་དང་བཅས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ནི་གདོད་མའི་དུས་ནས་ས་མཐོའི་སྟེང་འཚོ་ཞིང་གནས་པའི་མེས་པོ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་དུས་ཡུན་ནང་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་བརྒྱུད་རིམ་ཁྲོད་མི་རྣམས་ཀྱི་རྣམ་དཔྱོད་ཀྱི་ཉིང་བཅུད་ལས་གྲོལ་བའི་རྩ་ཆེའི་རིག་གནས་ཤིག་ཡིན་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་གཤིས། མེས་པོས་ཤུལ་དུ་བཞག་པའི་རྩ་ཆེའི་རིག་གནས་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་དུས་རབས་འདིར་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན། སྤྱིར་མི་རིགས་ཀྱི་རིག་གནས་ནི་འགྲོ་བ་མི་ཡི་འཚོ་གནས་ཀྱི་ས་གཤིས་དང་ཡུལ་སྲོལ་གོམས་གཤིས་ལ་སོགས་དང་འབྲེལ་བ་ཟབ་མོ་ལྡན་ཡོད་པས་དམངས་ཁྲོད་ཀྱི་རིག་གནས་ལ་མཐོང་ཆེན་དང་ཞིབ་འཇུག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནས་སུ་འཁུམས། དེ་ཡང་བོན་གྱི་ལོ་རྒྱུས་ཡིག་རྙིང་རྣམས་སུ་འཁོད་པའི་ཞང་ཞུང་སྒོ་ཕུག་བར་གསུམ་དུ་ཕྱེ་བའི་སྒོ་པའི་སྒོ་པ་དང་། སུམ་པའི་ཡུལ་གྱི་ལྟེ་གནས་སུ་གྱུར་བའི་“ཁྱུང་པོ་སྟེང་ཆེན་”བྱ་བའི་ཡུལ་ཁམས་འདི་གནའ་བོའི་ཞང་ཞུང་རིག་གནས་དང་འབྲེལ་བ་ཟབ་མོ་ཡོད་ལ། སྟེང་ཆེན་ཁུལ་གྱི་དམངས་ཁྲོད་དུ་ཞང་ཞུང་རིག་གནས་ཀྱི་སྲོལ་རྒྱུན་ཇི་སྙེད་ཅིག་ད་ལྟ་ཡང་ས་ཁྱབ་རྡོ་ཁྱབ་ངང་གནས་དང་གནས་མུས་ལགས་ཤིང་། དཔེར་ན། ལོ་གསར་གཏོང་སྟངས་དང་། བསང་གསོལ། གཏོ་བཅོས། ཕྱྭ་གཡང་འགུག་པ། འདས་མཆོད་ཀྱི་དགེ་རྩ་སྒྲུབ་སྟངས་ལ་སོགས་དམངས་སྲོལ་རིག་གནས་དང་། དེ་བཞིན་ཡུལ་སྐད་ནང་དུ་མིག་ལ་མྱིག་དང་། བང་བ་ལ་ཟུ་རུ། གངས་རི་ལ་དུ་ཚེ་འབོད་པ་སོགས་ཞང་སྐད་མ་ཉམས་པ་གནས་ཡོད་པ་ལྟ་བུས་མཚོན་ཡོད། ད་ལན་ཁོ་བོས་གོང་རིམ་འབྲེལ་ཡོད་ཚན་པ་དང་དབུ་ཁྲིད་ཀྱི་བཀའ་མངགས་ལྟར་ཁྱུང་པོ་སྟེང་ཆེན་ཁུལ་གྱི་རིག་གནས་དང་འབྲེལ་བའི་དཔེ་དེབ་འདི་འདྲ་ཞིག་རྩོམ་པའི་ལས་ལ་ཞུགས་ཤིང་། དཔེ་དེབ་འདི་ལ་ཁྱོན་ས་བཅད་བཅུ་བཞིའི་རྣམ་དབྱེ་ཕྱེས་ཤིང་། ས་བཅད་དང་པོའི་ནང་ཁྱུང་པོའི་ཡུལ་བཀོད་དང་། གནམ་གཤིས་དྲོ་གྲང་། ཡུལ་གྱི་ཐོན་ཁུངས་བཅས་ཀྱི་སྐོར་བཀོད་ཡོད། ས་བཅད་གཉིས་པའི་ནང་དམངས་ཁྲོད་དུ་གྲགས་ཆེ་བའི་གནས་རི་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས་སུ་བཀོད་ཡོད། ས་བཅད་གསུམ་པའི་ནང་གྲགས་ཆེ་བའི་གནས་མཚོ་ཁག་གི་ངོ་སྤྲོད་རགས་རིམ་ཙམ་བཀོད་ཡོད། ས་བཅད་བཞི་པའི་ནང་རང་བྱུང་ཆུ་ཚན་སྐོར་བཀོད་ཡོད། ས་བཅད་ལྔ་པའི་ནང་གཏེར་རྫས་དང་། རྩ་ཆེའི་སྨན་རྩ། རི་སྐྱེས་སྲོག་ཆགས་གྲགས་ཆེ་བའི་སྐོར་བཀོད་ཡོད། ས་བཅད་དྲུག་པའི་ནང་ཞང་ཞུང་དང་འབྲེལ་བའི་སུམ་པའི་ལོ་རྒྱུས་དང་། དེ་བཞིན་རྒྱ་བཟའ་འུན་ཤིང་ཀོང་ཇོ་དང་། ཧོར་ཚོ་སོ་དགུ་བཅས་ཀྱི་སྐོར་བཀོད་ཡོད། ས་བཅད་བདུན་པའི་ནང་སྔོན་བྱོན་སྐྱེས་ཆེན་ཇི་སྙེད་ཅིག་གི་ངོ་སྤྲོད་སྐོར་རགས་ཙམ་བཀོད་ཡོད། ས་བཅད་བརྒྱད་པའི་ནང་ལོ་རྒྱུས་ཐོག་གི་སྟེང་ཆེན་ཁུལ་གྱི་རྒྱལ་གཅེས་མི་སྣའི་སྐོར་ཐོར་བུ་བཀོད་ཡོད། ས་བཅད་དགུ་པའི་ནང་སྟེང་ཆེན་ཁུལ་གྱི་གཡུང་དྲུང་བོན་དང་། རྙིང་མ། བཀའ་བརྒྱུད། དགེ་ལྡན་བཅས་ཆོས་བརྒྱུད་བཞིའི་ངོ་སྤྲོད་མདོར་བསྡུས་དང་། བན་བོན་གཉིས་ཀྱི་གསོན་གཤིན་ཆོ་ག་བྱེད་སྟངས་སྐོར་ཆེ་ལོང་ཙམ་བསྡུས་ནས་བཀོད་ཡོད། ས་བཅད་བཅུ་པའི་ནང་ཁྱུང་ཡུལ་གྱི་དམངས་ཁྲོད་དུ་ལོ་གསར་གཏོང་སྟངས་དང་། ཁྱུང་པོའི་རས་པ། སྲོལ་རྒྱུན་སྨན་རྩིས། གཉེན་སྟོན། གླུ་གཞས་ཞབས་བྲོ་སོགས་ཀྱི་སྐོར་བཀོད་ཡོད། ས་བཅད་བཅུ་གཅིག་པའི་ནང་ཞང་ཞུང་དང་སུམ་པའི་ལོ་རྒྱུས་དང་འབྲེལ་བའི་གནའ་བོའི་མཁར་ཤུལ་དང་། རྫོང་ཤུལ། བྲག་བརྐོས་རི་མོ། མ་ཏྲིའི་དཀྱིལ་འཁོར་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་བཀོད་ཡོད། ས་བཅད་བཅུ་གཉིས་པའི་ནང་ཁྱུང་པོ་ཁུལ་གྱི་ཕོ་མོའི་རྒྱན་གོས་དང་། ཞིང་འབྲོག་གི་ཐོན་སྐྱེད་བྱེད་སྟངས་སྐོར་བཀོད་ཡོད། ས་བཅད་བཅུ་གསུམ་པའི་ནང་ཁྱུང་ཡུལ་གྱི་ཡིག་བྲིས་དང་། ལྷ་བྲིས། བརྡུང་མགར། བླུགས་མགར། འདམ་བཟོ། རྫ་བཟོ་སོགས་ཀྱི་སྐོར་ངོ་སྤྲོད་མདོ་ཙམ་བྱས་ཡོད། ས་བཅད་བཅུ་བཞི་པའི་ནང་ཆབ་མདོ་བཅིངས་འགྲོལ་ཐོབ་རྗེས་ཀྱི་ལོ་ངོ་བདུན་ཅུའི་ནང་ཁྱུང་ཡུལ་ཁུལ་གྱི་སྤྱི་ཚོགས་ལས་རིགས་ཁག་འཕེལ་རྒྱས་གང་འདྲ་བྱུང་མིན་སྐོར་བཀོད་ཡོད། གསལ་བཤད་ཞུ་རྒྱུ་ཞིག་ལ་དཔེ་དེབ་འདིའི་ནང་ཁྱུང་ཡུལ་དུ་གྲགས་ཆེ་བའི་གནས་རི་གནས་མཚོ་དང་། མཛད་རྗེས་ཆེ་བའི་སྔོན་བྱོན་གྲུབ་བརྙེས་དང་། ཁྱུང་པོ་དཀར་ནག་སེར་གསུམ་གྱི་དཔོན་རབས་གྲགས་ཅན་ཁག་གི་མཛད་རྣམ་ངོ་སྤྲོད་གང་ཐུབ་བྱས་པ་ལས། ཁྱུང་ཡུལ་གྱི་སྔོན་བྱོན་གྲུབ་བརྙེས་དང་གནས་རི་གནས་མཚོ་ཚང་མ་འདིར་བཀོད་ཐུབ་མེད། གཞན་ཡང་དཔེ་དེབ་འདིའི་ནང་དོན་ཐད་ལོ་རྒྱུས་ཀྱི་ལོ་ཚིགས་ནོར་བ་དང་འཁྲུལ་གཞིར་སོང་བ་ཡང་ཡོད་སྲིད་པས་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱིས་ཡོ་བསྲང་ལེགས་བཅོས་མཛད་རྒྱུའི་རེ་བ་སྙིང་དབུས་ནས་ཞུ། མཇུག་ཏུ་དེབ་འདི་འབྲི་བའི་བརྒྱུད་རིམ་ནང་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་དང་སྟེང་ཆེན་རྫོང་སྲིད་གྲོས་ཀྱི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། དེ་བཞིན་ཁོ་བོ་ཁྱུང་ཡུལ་གྱི་ས་ཆ་ཁག་ལ་རྟོག་ཞིབ་བྱེད་པར་འགྲོ་དུས་ཕྱག་རོགས་གནང་མཁན་གྱི་ཡུལ་མི་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ལགས་སོ།།
འབྱུང་ལྡན་༣༠༡དང་འབྱུང་ལོ་༡༨༠༣༨བོད་ལྕགས་གླང་ལོའི་ཟླ་༡པོའི་ཚེས་༨ཉིན་རྩོམ་པ་པོས་ཁྱུང་པོ་སྟེང་ཆེན་དུ་བྲིས།

དཀར་ཆག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།