འབེལ་གཏམ་ཉི་འོད་གཞོན་ནུའི་འགྲེལ་བ།
[ཟླ་ཚེས། 2021-03-15 21:47:37][རྩོམ་པ་པོ། དགེ་བཤེས་ནམ་མཁའ་གཙུག་ཕུད།][རྩོམ་ཁུངས། སི་ཁྲོན་དཔེ་སྐྲུན་ཁང་།][ཀློག་གྲངས། ]
འབེལ་གཏམ་ཉི་འོད་གཞོན་ནུའི་དོན་རབ་ཏུ་གསལ་བར་བྱེད་པའི་འགྲེལ་བ་ཨུད་པ་ལ་ཡི་དགའ་ཚལ་ཞེས་པ་བརྡ་སྤྲོད་པའི་གཞུང་ལུགས་འདི་ཉིད་ནི། ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་དགེ་བཤེས་ནམ་མཁའ་གཙུག་ཕུད་དུ་འབོད་པ་དེ་ཉིད་ཀྱིས་བརྩམས་ཤིང་། འདི་ལ་རྩ་བའི་ས་བཅད་སུམ་རྟགས་གཉིས་སུ་ཡོད། བརྡ་འགྲེལ་འདི་ཉིད་ཀྱི་རྩ་བ་ནི་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་སྤྱི་ལོ༡༨༥༤ལོར་མཛད་པའི་འབེལ་གཏམ་ཉི་འོད་གཞོན་ནུ་ཞེས་སུ་གྲགས་པ་དེ་ཉིད་ཡིན་ལ། འབེལ་གཏམ་ཉི་འོད་གཞོན་ནུ་ལའང་ད་སྔོན་འགྲེལ་བ་གསུམ་ཙམ་ཡོད་པར་གྲགས། བརྡ་སྤྲོད་ཀྱི་གཞུང་དེ་ཉིད་ནི་བོན་གྱི་བརྡ་སྤྲོད་ཀྱི་རྩ་གཞུང་འབྲིང་པོའི་གྲལ་དུ་གཏོགས་ཤིང་། རྩ་བའི་ཆ་ནས་ཡི་གེའི་ལོ་རྒྱུས་དང་། ཡི་གེའི་ངོས་འཛིན། ཡི་གེའི་འབྱུང་ཁམས་ཀྱི་དབྱེ་བ། སྔོན་འཇུག་གི་བྱ་བྱེད་དུས་གསུམ་སོགས། རྗེས་འཇུག་གི་ཁམས་ཀྱི་དབྱེ་བ་ཕོ་མོ་མ་ནིང་སོགས་རྗེས་འཇུག་གི་རྣམ་བཞག་རྒྱས་པར་བསྟན་པ་ཡན་རྟགས་ཀྱི་འཇུག་པའམ་ཁམས་ཀྱི་འཇུག་པ་ཡིན། ས་བཅད་གཉིས་པ་ནི་རྣམ་དབྱེ་ཕྲད་ཀྱི་སྦྱོར་བ་བསྟན་པ་ཡིན་ལ་དེའི་ནང་རྣམ་དབྱེ་བརྒྱད་དང་ཕྲད་བརྒྱད་བཤད་ཅིང་། མཐར་རྣམ་དབྱེ་བརྒྱད་པོ་ཕལ་ཆེ་བ་ཕྲད་བརྒྱད་ཀྱི་ནང་དུ་བསྡུས་ཏེ་ཕྲད་ཀྱི་རྣམ་བཞག་རྒྱས་པར་བསྟན། མཇུག་ནི་ཡི་གེའི་ཕན་ཡོན་སོགས་ཞིབ་རྒྱས་སུ་གསུངས་པའི་གཞུང་ཞིག་ཡིན། འདིར་གསར་འགྲེལ་དེབ་འདི་ཉིད་ནི་རྩོམ་པ་པོས་བོན་གྱི་མ་རྒྱུད་དང་། མཁའ་འགྲོ་རིན་ཆེན་འཕྲེང་རྒྱུད། རྩ་རྒྱུད་སོགས་ཏེ་ཡི་གེའི་རྣམ་བཞག་གི་སྡེ་སྣོད་དང་། བོན་གྱི་གཞུང་ལུགས་གང་དག་ཁུངས་སུ་བྱས་ཤིང་། རང་ཉིད་ཀྱི་འདོད་པ་དང་མཁས་པའི་དགོངས་བཞེད་ཟུར་རྒྱན་དུ་བྱས་ཏེ་བྲིས་ཡོད།
འདིའི་ནང་ཡི་གེའི་ངོས་འཛིན་སྐབས་སུ་གཙོ་བོ་ཁམས་ཀྱི་འཇུག་པ་བོན་ལུགས་ཐུན་མོང་མ་ཡིན་པའི་རྣམ་བཞག་རྣམས་བསྔོག་འདོན་གང་ནུས་བྱས་ཡོད་ལ། དེ་དང་འབྲེལ་བའི་དགག་བཞག་གི་སྤྲོས་པ་ཉུང་ངུ་རེ་བྱས་ཡོད། བྱ་བྱེད་ཀྱི་སྐབས་སུ་དཔེ་དོན་ཟུང་འཇུག་གི་སྒོ་ནས་རང་ཉིད་ཀྱི་འདོད་པ་བསྟན་ཡོད་ལ། དེར་མཚུངས་སྔོན་འཇུག་ལྔ་དང་འབྲེལ་བའི་དུས་གསུམ་རེའུ་མིག་ཟུར་བཀོལ་བྱས་ཡོད། རྣམ་དབྱེ་ཕྲད་ཀྱི་སྦྱོར་བ་ལའང་རང་ཉིད་ཀྱི་འདོད་པ་བསྟན་ཡོད་ཅིང་། ཚིག་ཕྲད་ཐོར་བུའི་ནུས་པ་འདོན་སྟངས་དང་། ཤད་ཀྱི་ཐོབ་ཚུལ་སོགས་བརྡ་གཞུང་གཞན་དུ་གསལ་བ་དག་ཟུར་རྒྱན་དུ་བཀོད་ཡོད། རྩ་བའི་གཞུང་འདི་ཉིད་ལ་བརྡ་སྤྲོད་ཀྱི་རྩ་ཚིག་འབྲིང་པོའི་ཁྱད་ཆོས་ལྡན་པ་གོང་བཤད་བཞིན། འགྲེལ་བ་བྱེད་པ་པོས་ཀྱང་དེ་ལུགས་ཀྱིས་དོན་གྱི་གནད་འགག་དང་། ཚིག་གི་འབྲུ་གཞོམ་སོགས་རྒྱས་བསྡུས་གང་འོས་ཀྱིས་འགྲེལ་བ་བཏབས་པ་བཅས་ཡིན་པ་ལགས་སོ།།
དེབ་འདི་ནི་ནུབ་ལྗོངས་དར་ལམ་རིག་གནས་ཞིབ་འཇུག་ཅེས་པའི་དེབ་ཕྲེང་གི་གྲས་ཡིན་ཞིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པའོ།།