《སྒོ་བཞི་མཛོད་ལྔའི་ཡང་བཅུད》(1-50)དཔེ་ཚོགས་པར་ཐེངས་གཉིས་པ་འགྲེམས་སྤེལ་བྱས།

[ཟླ་ཚེས། 2020-11-26 20:34:52][རྩོམ་པ་པོ། ཨ་སྔགས་ཚེ་རིང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《སྒོ་བཞི་མཛོད་ལྔའི་ཡང་བཅུད》
(1-50)དཔེ་ཚོགས་པར་ཐེངས་གཉིས་པ་འགྲེམས་སྤེལ་བྱས།

  དེ་ཡང་ལོ་རྒྱུས་ཀྱི་མིག་རྒྱང་གིས་གཞིགས་ན་སྒང་པ་བོད་ཀྱི་དཔལ་ཡོན་གྱི་འབྱུང་ཁུངས་སམ་དབུ་ཕྱོགས། གནས་ལུགས་དངོས་ལ་དམིགས་ན་ཁ་བ་རི་པའི་འོད་སྟོང་འཕྲོས་པའི་སྲོལ་རྒྱུན་རིག་གནས་ཀྱི་མ་གདན་དུ་གྲུབ་པའི་གཡུང་དྲུང་བོན་ལུགས་ཀྱི་བཀའ་དང་དགོངས་འགྲེལ་འདི་ཀོ་རྒྱ་ཆེ་ཞིང་གཏིང་ཟབ་པ་བརྗོད་ལས་འདས་པ་ཞིག་མཆིས་མོད། དེ་རྣམས་ལས་བཀའ་ལ་བསྡུས་ཏེ་བརྗོད་ན་རྫོགས་ཆེན་གྱི་གཞུང་གཙོ་བོར་སྟོན་པའི་བོན། དཔོན་གསས་མན་ངག་ལུང་གི་བོན། མོ་རྩིས་གཏོ་དཔྱད་གཙོ་བོར་སྟོན་པའི་བོན། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། གསང་སྔགས་ཀྱི་རྒྱུད་སྡེ་གཙོ་བོར་སྟོན་པའི་བོན། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། ཕར་ཕྱིན་ཐེག་པའི་གཞུང་གི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། སྣང་སྲིད་ཆགས་འཇིག་སྟོན་པའི་བོན། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་བཅས་སུ་འདུས་ལ། དེའང་བསྡུས་ན་སྒོ་བཞི་མཛོད་ལྔ་སྟེ། འཕན་ཡུལ་འབུམ་གྱི་བོན་སྒོ་དང་། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ། དཔོན་གསས་མན་ངག་ལུང་གི་བོན་སྒོ། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་བཅས་སུ་འདུས་སོ།། འདིར་ཡང་སྒོ་བཞི་མཛོད་ལྔའི་ཡང་བཅུད་ཅེས་པ་སྟེ། དཔལ་གཤེན་བསྟན་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་ནས་གཡུང་དྲུང་བོན་གྱི་རིག་གཞུང་རྒྱ་མཚོ་ལས་དེང་གི་འདུས་སྡེ་ཁག་གི་བཤད་གྲྭར་འཆད་ཉན་ལ་རྒྱུགས་ཆེ་བའི་གཞུང་ལུགས་གྲགས་ཅན་རྗེ་རིན་པོ་ཆེའི་ཚད་མ་རྣམ་འབྱེད་འཕྲུལ་སྒྲོན། མཁན་ཆེན་ཉི་མའི་བསྡུས་གྲྭ། མཁན་ཆེན་ཉི་མ་དང་ཡོངས་འཛིན་རྣམ་དག་འོད་ཟེར་ཟུང་གི་ཕར་ཕྱིན་རྣམ་བཤད། མེ་སྟོན་གྱི་དབུ་མ་བདེན་གཉིས། རྗེ་རིན་པོ་ཆེའི་མཛོད་འགྲེལ་དང་འདུལ་གཞུང་སྐོར། ཡོངས་འཛིན་བསྟན་རྣམ་པའི་གསང་སྔགས་བཀའ་འགྲེལ། བྲུ་རྒྱལ་བ་གཡུང་དྲུང་གི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་ཨ་ཁྲིད་སྐོར། དག་པོ་དྲན་པ་ནམ་མཁའི་རྫོགས་པ་ཆེན་པོ་དྲང་དོན་དང་ངེས་དོན་སྐོར། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་སྐོར། ཁྱུང་སྤྲུལ་འཇིགས་མེད་ཀྱི་བརྡ་སྤྲོད་སྐོར། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ནག་རྩིས་སྐོར། ཁྱུང་སློབ་ཚུལ་རྒྱན་པའི་སྙན་ངག་དང་སྐར་རྩིས་སྐོར། ཀུན་མཁྱེན་ཉི་མའི་བཟོ་རིག་སྐོར། ཁྱུང་སྤྲུལ་གྱི་གསོ་རིག་ཉེར་མཁོ་དཔག་བསམ་ལྗོན་པའི་སྙེ་མ་སོགས་བཀའ་དང་བཀའ་བརྟེན་གཉིས་སུ་གཏོགས་པའི་གཞུང་ལུགས་སྣ་ཁ་བརྒྱད་ཅུ་གྱ་གཉིས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་དེབ་ཕྲེང་སོ་གཉིས་ཏེ་མཚན་བཟང་པོའི་གྲངས་སུ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཐེངས་དང་པོར་པར་དུ་བསྐྲུན་ཅིང་འགྲེམས་སྤེལ་བྱས་པ་ལ་རྒྱ་ཆེ་བའི་ཀློག་པ་པོ་ནས་དགའ་བསུ་ཆེན་པོ་ཐོབ། དེའི་འཕྲོར་ཡང་དེབ་ཕྲེང་སོ་གཉིས་ཐོག་ཏུ་དེབ་གྲངས་བཅོ་བརྒྱད་ཁ་བསྣན་ཏེ་ཁྱོན་སྡོམ་དེབ་ཕྲེང་ལྔ་བཅུ་ཅན་དུ་ཐེངས་གཉིས་པར་དཔེ་སྐྲུན་བྱས་པ་ལ། དེབ་ཕྲེང་སོ་གསུམ་ནས་ལྔ་བཅུའི་ནང་དུ་གྱེར་བསྟན་ཉིན་མོར་བྱེད་པའི་མཁས་གྲུབ་བྱེ་བའི་གཙུག་རྒྱན་འ་ཞ་བློ་གྲོས་རྒྱལ་མཚན་གྱི་བཀའ་འབུམ་ལག་ཏུ་ལོན་ནོ་ཅོག་དང་། རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ། རྫོགས་ཆེན་ཡང་རྩེ་ལྟ་བ་ཐོག་བབ་ཀྱི་གཞུང་འགྲེལ་གསལ་བྱེད་འཕྲུལ་གྱི་སྒྲོན་མེ། དྲན་པ་ཆོག་དྲུག ཀུན་འདུས་རྩ་རྒྱུད་དང་མཁས་བཞིའི་ཕྱག་བཞེས། སེམས་སྨད་སྡེ་དགུ། རྫོགས་ཆེན་མུ་མེད་བདལ་པའི་གཞུང་དང་འགྲེལ་བ། སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད། སྒ་སྟོན་ཆེན་མོའི་ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་། སུམ་བརྒྱ་པའི་རྩ་འགྲེལ་སོགས་ཕྱོགས་སྒྲིག་བྱས་ཡོད། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་གསུང་རབ་འདི་དག་པར་དུ་བསྐྲུན་པར་ཞིབ་བཤེར་བྱས་པ་ལས་ཁྱད་ཆོས་འདི་དག་མཐོང་སྟེ། གཅིག་ནི་དཔེ་ཚོགས་འདི་ཡི་བོད་རང་རྐྱའི་ཁྱད་ཆོས་ཏེ། དཔེ་ཚོགས་སུ་འཁོད་པའི་གཞུང་ལུགས་དག་གི་རྩོམ་པ་པོ་ཡོད་དོ་ཅོག་ནི་ཞང་བོད་མཐོ་སྒང་རང་ས་ནས་བྱོན་པའི་གདོང་དམར་བོད་ཀྱི་ཡབ་མྱེས་ཤ་སྟག་ཡིན་ཏེ། མི་ལོ་སུམ་སྟོང་དགུ་བརྒྱ་ཡར་སྔོན་དུ་བྱོན་པའི་སྟོན་པ་གཤེན་རབ་མི་བོ་ཆེ་ནས་དེང་གི་དུས་འདིར་བཤད་སྒྲུབ་ཟུང་གི་འཕྲིན་ལས་སྤེལ་མུས་སུ་མཆིས་པའི་ཡོངས་འཛིན་རིན་པོ་ཆེ་བསྟན་འཛིན་རྣམ་དག་ཚང་གི་བར་དུ་ཉི་ཟླ་ལྟ་བུའི་མཁས་གྲུབ་དག་ཡིན། གཉིས་ནི་དཔེ་ཚོགས་འདི་ཡི་ཁེབས་རྒྱ་ཆེ་བའི་ཁྱད་ཆོས་ཏེ། འདིར་འཁོད་གཞུང་རྣམས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལ་ཁྱབ་ཅིང་། རིག་ཚན་ལྟར་དུ་ཕྱེ་ན་སྲོལ་རྒྱུན་ལྔ་ཕྲག་ཟུང་གི་རིག་པ་ཡོངས་སུ་ཚང་བའོ།། གསུམ་ནི་དཔེ་ཚོགས་འདི་ཡི་དམིགས་འཛུགས་གསལ་བའི་ཁྱད་ཆོས་ཏེ། སྤྱིར་གཞུང་ལུགས་འདི་དག་ནི་བོད་རང་སའི་མཁས་པས་ལོ་རྒྱུས་ཀྱི་དུས་ཡུན་མི་འདྲ་བའི་ནང་དུ་བོད་རང་ཡུལ་ནས་བརྩམས་པ་ལགས་པས། དེང་གི་ཆར་འབྲེལ་ཡོད་མི་སྣས་ཡ་ཐོག་བོད་ཀྱི་ལོ་རྒྱུས་དང་།བོད་མིའི་འདུ་ཤེས་འཛིན་སྟངས། བོད་ཀྱི་སྤྱི་ཚོགས་འཕོ་འགྱུར། བོད་མིའི་ཡུལ་སྲོལ་གོམས་གཤིས། བོད་ཀྱི་ཤེས་རིག་གི་འཕེལ་རབས་སོགས་རྒྱུས་ལོན་ནམ་ཞིབ་འཇུག་བྱེད་པར་རིན་ཐང་གཞལ་དུ་མེད་པའི་དཔྱད་གཞིའི་ཡིག་ཆར་སོང་ཞིང་། ཁྱད་པར་དུ་དཔེ་ཚོགས་འདི་ཉིད་ནི་རྒྱལ་བ་སྨན་རི་བའི་རིང་ལུགས་དྲི་མ་མེད་པར་འཛིན་པའི་བཤད་སྒྲུབ་འདུས་སྡེ་དག་གི་དགེ་བཤེས་རབ་འབྱམས་པ་གསོ་སྐྱོང་བྱེད་པའི་བསླབ་གཞི་དང་ཟུར་བལྟའི་ཡིག་ཆར་དམིགས་ནས་ཆེད་དུ་བསྒྲིགས་པ་ལགས་པས་དཔེ་ཚོགས་ཀྱི་མཚན་དུའང་སྒོ་བཞི་མཛོད་ལྔའི་ཡང་བཅུད་དེ་ཞྭ་དཀར་གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གཉེར་བར་ཉེར་མཁོའི་ཡིག་ཆ་ཞེས་གསོལ་བ་བཅས་སོ།།

  དཔེ་ཚོགས་འདི་ཀོ་༢༠༡༤ལོའི་ཟླ༡༢པར་པོད་ལྔ་བཅུ་ཅན་དུ་བྱས་ནས་འགྲེམས་སྤེལ་བྱས་པ་ནས་བཟུང་། བཤད་སྒྲུབ་འདུས་སྡེ་དག་གི་དགའ་བསུ་ཆེན་པོ་ཐོབ། ད་ལན་ཡང་ངེད་དཔེ་སྐྲུན་ཁང་ནས་རྒྱ་ཆེའི་ཀློག་པ་པོའི་དགོས་མཁོ་དང་རེ་འདུན་ལྟར་བསྐྱར་དུ་པར་རྒྱུ་གཏན་འཁེལ་བྱས། བསྐྱར་དུ་པར་བའི་གོ་རིམ་ནང་དུའང་དེ་སྔར་ཡིག་ནོར་ཤོར་བ་རྣམས་དག་བཅོས་བྱས་པ་དང་། ཁྱད་པར་དུ་འདིར་འཁོད་གཞུང་རྣམས་ཀོ་རྒྱལ་དགོན་ནས་པར་གཞིའམ་བྲིས་མ་གཞན་འཚོལ་ཅི་ཐུབ་བྱས་ནས་དཔེ་བསྡུར་ཞིབ་ཕྲར་བྱས་ཤིང་། མི་འདྲ་བའི་རིགས་བྱུང་ཚེ་ཤོག་ངོས་དེའི་འོག་ན་བསྡུར་མཆན་དུ་བཀོད་ཡོད་སྟབས། པོད་གཅིག་ལག་ཏུ་འཆང་ན་པར་གཞི་མི་འདྲ་བའི་པོད་གཞན་དག་ཀྱང་ལག་ཏུ་ལོན་ཡོད་པ་ལྟ་བུའི་དགེ་མཚན་མཆིས་སྟབས། འཆད་ཉན་གྱི་ལས་ལ་ཞུགས་མཁན་རྣམས་དང་རིག་གཞུང་ཞིབ་འཇུག་པ་ལ་མཚོན་ན་སྨན་ཡོན་བླ་ལྷག་ཆེ་འདུག་སྙམ།

  ཞེས་སྒོ་བཞི་མཛོད་ལྔའི་ཡང་བཅུད་ཅེས་པའི་དཔེ་ཚོགས་ཀྱི་དཔེ་སྐྲུན་གསལ་བཤད་དུ་གུས་ཕྲན་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་བསྐྱར་དུ་སྦྱར་བ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།