དཔྱད་དེབ་《ཞང་བོད་ཤེས་རིག་དྲང་སྲོང་དགྱེས་པའི་དགའ་སྟོན།》འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2020-05-31 09:33:20][རྩོམ་པ་པོ། དཔའ་ལྡན་དབང་ཕྱུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    འཛམ་གླིང་ཡང་རྩེར་ནམ་མཁའི་མཐོངས་ཡངས་པ་ནི་རང་ཅག་བློ་རྒྱ་ཡངས་པ་དང་། སྤྲིན་དཀར་གྱི་རྒྱུ་བ་མཛེས་པ་ནི་རང་ཅག་སེམས་པ་དཀར་བ།  ཁ་འབབ་ཆུ་བོ་རྣམ་བཞི་བཞུར་རྒྱུན་རིང་བ་ནི་རིག་གནས་ཀྱི་བཞུར་རྒྱུན་རིང་བའི་མཚོན་རྟགས་ཤིག་ཡིན།  དེ་ཡང་ཡ་ཐོག་བོད་ཀྱི་རིག་གནས་ནི་ལོ་རྒྱུས་ཧ་ཅང་རིང་ལ་དང་། གནའ་བོའི་བོད་མིའི་དད་མོས་དང་། འཚོ་བའི་ཐོན་སྐྱེད། སྐད་བརྡ། ཡུལ་སྲོལ་གོམས་གཤིས། འཇིག་རྟེན་ལྟ་བ་སོགས་ཀྱི་རིག་གནས་སྣ་ཚོགས་པ་ཞིག་དེར་འདུས་ཡོད།  ཞང་ཞུང་རིག་གནས་ནི་ཡ་ཐོག་བོད་ཀྱི་རིག་གནས་དེའི་ཁྲོད་དུ་གལ་ཆེའི་གནས་བ་བཟུང་ཡོད་པ་དང་།  ད་ལྟའི་བོད་མིའི་འཚོ་བའི་ཁྲོད་དུ་ཡང་ཆུ་ལ་ཆུ་ཞག་དང་ཏིལ་ལ་ཏིལ་མར་ཚུལ་དུ་སིམས་ཏེ་ཡོད་པ།  དེ་ལ་ཡ་ཐོག་གདོད་མའི་རིག་གནས་དང་རུས་རྒྱུད་ཚོ་པའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ཆེ་བས།  དེང་གི་བོད་རིག་པ་འཛམ་གླིང་ལ་ཁ་ཕྱོགས་པའི་དུས་འདིར་ན་གཞོན་བློ་གསར་བ་དག་ལ་ཡ་ཐོག་བོད་ཀྱི་རིག་གནས་ལ་ལམ་སྟོན་ཙམ་དང་། རྒྱུན་ཤེས་འཇུག་བདེ་ཙམ་གྱི་ཚུལ་དུ་《ཞང་བོད་ཤེས་རིག་དྲང་སྲོང་དགྱེས་པའི་དགའ་སྟོན།》ཞེས་བྱ་བ་རྩོལ་བ་ཆེན་པོ་དང་ལྷག་བསམ་གཡོ་བ་མེད་པར་བྲིས་པ་ལགས་ན། བློ་ལྡན་རྣམ་དཔྱོད་ཅན་གྱི་མདུན་སར་གསོས་སུ་སྨིན་པའི་ལེགས་སྐྱེས་ཀྱི་དགའ་སྟོན་ཞིག་འོང་མིན་ཅི་ཆ་ཡང་།   སྐལ་ལྡན་བློ་གསར་གཞོན་ནུ་དག་ལ་སྲོལ་རྒྱུན་རིག་གནས་ཀྱི་འཚོ་བཅུད་ཁ་གསབ་ཀྱི་ཚུལ་དང་།  རང་མཉམ་ལས་འཕྲོ་ཅན་རྣམས་ལ་དཔྱད་གཞིར་ཕན་པ་འོང་སྲིད་པས་སེམས་ལ་སྤྲོ་དགའ་བརྗོད་ལས་འདས།
  ཁོ་བོའི་དུས་ཚོད་ཀྱི་རིན་ཐང་དང་རྣམ་དཔྱོད་ཀྱི་རིན་ཐང་།  དེ་ལས་ཁྱད་པར་འཕགས་པ་ནི་རང་རེའི་སྐད་ཡིག་དང་རིག་གནས་ཀྱི་རིན་ཐང་བཅས་ལ་གཞིགས་ཏེ་དགྱེས་གཟིགས་མཛོད།   ཐོས་པའི་འཁོས་ཀ་ཞན་ཅིང་རྣམ་དཔྱོད་ཀྱི་རྩལ་ལག་དབུལ་བའི་རྐྱེན་གྱིས་བརྗོད་དོན་ལ་འགལ་འཁྲུལ་ཆད་ལྷག་གི་སྐྱོན་དང་ལྡན་སྲིད་པས་གཟུར་གནས་མཁས་པ་དག་གིས་དགོངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན་ཞེས་ཞུའོ། །
      ཞེས་དཔའ་ལྡན་དབང་ཕྱུག་གམ་སྨྱུག་མིང་དག་སྨྱོན་དུ་འབོད་པས་ཡུལ་ལྷ་ལྡན་ནས་བྲིས་ཏེ་ཕུལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།