《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གཉིས་པ་སྤར་སྐྲུན་བྱས་པ།

[ཟླ་ཚེས། 2020-04-24 18:46:21][རྩོམ་པ་པོ། བཀྲ་ཤིས་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་ཕྲེང་གཉིས་པ་སྤར་སྐྲུན་བྱས་པ།

  གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་སྤར་སྐྲུན་རོགས་དངུལ་གྱི་ལས་གཞིར་བཀོད་པའི་འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་འདི་ཉིད་ནི་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་ཇུས་འགོད་བྱས་ཏེ་བསྐྲུན་དང་སྐྲུན་བཞིན་མཆིས། 2018ལོར་དཔེ་ཚོམས་འདིའི་དེབ་ཕྲེང་དང་པོ་པོད་ཉེར་ལྔ་ཅན་བསྐྲུན་ནས་བོད་རིག་པའི་ཁྱབ་ཁོངས་སུ་སྙན་གྲགས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར། ཉེ་བའི་ཆར་དེབ་ཕྲེང་གཉིས་པ་པོད་ཉེར་ལྔ་ཅན་དངོས་སུ་སྤར་དུ་སྐྲུན་ཞིང་འགྲེམས་སྤེལ་བྱས་སོ།།

  འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ་འདིའི་ནང་དུ་དཔེ་རྙིང་བམ་པོ་280་ལྷག་ཙམ་བསྡུས། དེ་ལས་མང་ཆེ་བ་སྲིད་པ་བོན་གྱི་དཔེ་རྙིང་ཡིན་པ་དང་གཡུང་དྲུང་བོན་གྱི་དཔེ་རྙིང་ཉུང་ཙམ་འདུག མཁས་དབང་དང་ཞིབ་འཇུག་པ་ཁག་ཅིག་གིས་དཔེ་རྙིང་འདི་དག་གི་ཡེ་གེའི་ཁྱད་ཆོས་དང་འབྲི་ལུགས། ཡིག་མགོའི་མཚོན་རྟགས། བར་བཅུག་དཔེ་རིས་སོགས་ལ་གཞིགས་ནས་དུས་རབས་བཅུ་བ་ནས་བཅུ་གསུམ་པའི་བར་གྱི་དཔེ་དཀོན་ཕྱག་བྲིས་མ་ཡིན་པར་ཚོད་རྩིས་གནང་། དཔེ་རྙིང་གི་ནང་དོན་གཙོ་བོ་ལ་གསོལ་འདེབས་དང་གཏོར་བསྔོའི་སྐོར། སྐར་རྩིས་དང་མོ་ཡིག་གི་སྐོར། མཆོད་པའི་གཞི་བདག་གི་སྐོར། ལམ་སྟོན་གྱི་སྐོར། བླ་འགུག་གི་སྐོར། བགེགས་སྐྲོད་རིམ་གྲོའི་སྐོར་བཅས་རྣམ་པ་སྣ་ཚོགས་ཡིན་པ་དེས་བོན་གྱི་རིག་གནས་དང་བོད་ཀྱི་ལོ་རྒྱུས། སྤྱི་ཚོགས་འཚོ་བ། ཚན་རིག་ལག་རྩལ། གསོ་བ་རིག་པ། དེ་བཞིན་བོད་ཀྱི་ཡི་གེའི་འཕེལ་ཚུལ་སོགས་འབུར་དུ་དོད་པོ་འདུག ཡང་ཅིག་བཤད་ན། དཔེ་རྙིང་འདི་དག་གི་ཐོག་ནས་བོད་ཀྱི་མེས་པོ་རྣམས་ཀྱི་རྗེས་ཤུལ་འབོར་ཆེན་བཞག་པས་དཔྱད་གཞིའི་ཡིག་ཆའི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་དཔག་ཏུ་མེད་པའོ།།

  འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་མ་ཕྱི་དུས་རིམ་སྔ་ཞིང་ཤོག་ལྡེབ་སྤུས་ལེགས་དེ་ཇི་མ་ཇི་བཞིན་དུ་མངོན་པའི་ཕྱིར་ཚོན་ལྡན་གྱི་པར་དུ་བསྐྲུན་པ་ཡིན། ལོ་བརྒྱ་ཕྲག་འགའི་རིང་ལ་འབྲུག་ཆུ་ས་ཆ་འདི་གའི་བོད་གྱི་ཁྱིམ་ཚང་རྣམས་ཀྱིས་དཔེ་རྙིང་འདི་དག་ཉར་བ་དང་མི་རབས་ནས་མི་རབས་བར་བརྒྱུད་པས་དེ་ཁྱིམ་རྒྱུད་ཅན། རྒྱུད་འཛིན་ཅན་གྱི་ཁྱད་ཆོས་མངོན་སྟབས། དཔེ་རྙིང་ལེགས་སྒྲིག་བྱས་སྐབས་ཁྱིམ་ཚང་ཞིག་གིས་ཉར་བའི་དཔེ་རྙིང་རྣམས་དེབ་གཅིག་གམ་དུ་མར་བསྒྲིགས་ཡོད། དེ་དང་ཆབས་ཅིག་དཔེ་ཚོགས་འདི་ནི་མ་ཡིག་གི་ཁ་བྱང་ལྟར་སྤྱིའི་དཀར་ཆག་དང་པོད་རེ་རེའི་ཡན་ལག་དཀར་ཆག་བསྒྲིགས་ཏེ་ཞིབ་འཇུག་པ་རྣམས་ཀྱིས་འཚོལ་བཤེར་དང་ཞིབ་འཇུག་གནང་རྒྱུར་སྟབས་བདེ་བཟོས་ཡོད། གནའ་དཔེ་འདི་དག་ནང་ན་སྐུང་ཡིག་དང་སྐད་གསར་བཅད་པའི་སྔོན་གྱི་ཐ་སྙད་མང་པོ་བཀོད་ཡོད་པ་དང་དཀར་ཆག་སྒྲིག་ཚེ་ཐམས་ཅད་རང་སོར་བཞག རལ་བ་དང་མེ་སྐྱོན། ཆུ་འཇིག་གི་དབང་གིས་དཔེ་རྙིང་གི་ཁ་བྱང་རབ་རིབ་ཏུ་བྱུང་བ་དེ་ཡི་གེ་འགའ་ངོས་མ་ཟིན་ན་རྟགས་“□”་འགའ་ཡིས་ཚབ་བྱས། དཔེ་རྙིང་ག་གེ་མོ་ལ་ནང་དོན་ཆ་མ་ཚང་ངམ་ཁ་བྱང་ཆད་པ་ཡིན་ན་ཡང་མ་ལུས་པར་དཔེ་ཚོམས་འདིར་བསྡུས་ཡོད། ཡང་ཤོག་གྲངས་མེད་པའམ་ཤོག་རལ་དུ་གྱུར་པའི་ཡིག་ཚང་རྣམས་གོ་རིམ་ལྡན་པའི་ངང་ནས་གུང་བསྒྲིགས་ཐུབ་མེད་པར་“ཁ་ཐོར”ཞེས་གླེགས་བམ་གྱི་ཆེས་མཇུག་ཏུ་བཀོད་ཡོད། སྤྱིར་དཔེ་ཚོམས་འདིའི་ནང་དོན་དང་དཀར་ཆག་བསྒྲིགས་པའི་ཆ་ན་ལུགས་མཐུན་ཞིང་ཞིབ་ཚགས་ལྡན་པ། འཚོལ་བསྡུ་བྱས་པའི་དཔེ་རྙིང་བྲིས་མ་མ་ལུས་པར་དཔེ་ཚོམས་འདིར་བསྡུས་ཤིང་གང་ནུས་ཅི་ནུས་ཀྱིས་མ་དཔེ་སོར་ཆུད་ཡོང་བར་བྱེད་པ་དེས། དཔེ་རྙིང་གི་ནང་དོན་ཆད་ལུས་མེད་ཅིང་མ་ཕྱིའི་གདོད་མའི་རང་བཞིན་སྔར་མུས་སུ་འཛིན་པར་ཁག་ཐེག་བྱེད་དོ།།

  འབྲུག་ཆུའི་དམངས་ཁྲོད་བོན་གྱི་དཔེ་རྙིང་བྲིས་མ་འདི་དག་མཐོང་དཀོན་ཞིང་ཀུན་ཏུ་མ་བསྒྲགས། དེས་བོད་ཀྱི་ཡ་ཐོག་ཤེས་རིག་གི་འཕེལ་འགྱུར་བདེན་དཔུང་བྱེད་པ་དང་བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་ན་དཔྱད་ཡིག་མཛོད་ཁང་ཞིག་ཀྱང་བཙུགས་ཡོད། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དཔེ་རྙིང་འདི་དག་ལ་འཚོལ་བསྡུ་དང་གུང་བསྒྲིགས། སྤར་སྐྲུན་དང་ཞིབ་འཇུག་བྱེད་ན། བོད་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་དང་། རྨད་དུ་བྱུང་བའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེའོ།།






 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།