«བོན་དང་ཞང་ཞུང་ཞིབ་འཇུག»དང་«སྲིད་པའི་གཏམ་ཚོགས»ཞེས་པའི་རྩོམ་དེབ་གཉིས་པར་སྐྲུན་འགྲེལ་སྤེལ་བྱས་པ།
[ཟླ་ཚེས། 2020-01-25 21:54:59][རྩོམ་པ་པོ། ཁྲི་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མཚམས་སྦྱོར་ཞུ་ཡིག
རྡོ་རྗེ་དབང་ཕྱུག
ང་ལ་མཚོན་ན། སྨན་རིའི་དགེ་བཤེས་ཁྲི་གཡུང་དྲུང་ལགས་དང་ཁོང་གི་བརྩམས་ཆོས་གཉིས་ལས་བརྩམས་ཆོས་དང་འབྲེལ་འདྲིས་བྱས་པ་མང་ཞིང་། དེ་དང་དེའི་ཉེ་སར་བཅར་ནས་གླེང་མོལ་བྱས་པའང་མང་བ་ལས། རྩོམ་པ་པོ་ཁོང་གི་སྐོར་ནི་དེ་ཙམ་གྱི་རྒྱུས་མངའ་མེད། མ་གཞི་ནས་མིའི་རྣམ་དཔྱོད་ཀྱི་ཉེ་སར་བཅར་སྟངས་ཤིག་དང་། རྣམ་དཔྱོད་དང་ལྷན་དུ་གླེང་མོལ་བྱེད་སྟངས་ཡག་ཤོས་ནི། ལྟད་མོ་བ་ཞིག་གི་རྣམ་པས་གཞན་གྱི་རྣམ་དཔྱོད་ཀློག་རྒྱུ་དེ་རེད། དཔེ་ཀློག་ནི་འདི་འདྲ་ཞིག་ཡིན་འོས་སྙམ།
དེབ་འདིའི་རྩོམ་པ་པོས་ང་ལ་བཅོལ་བའི་ལས་ཀ་ནི། ཐེངས་གཅིག་བཀླགས་ཏེ་བསམ་འཆར་འབུལ་རྒྱུ་ཙམ་ཡིན། ཁོང་གི་ཐུགས་འདུན་ལྟར་ངས་ཀྱང་ཐེངས་གཅིག་བཀླགས། བསམ་འཆར་ནི་ཅང་མི་འདུག་སྟེ། དེབ་འདིའི་ནང་འཁོད་རྩོམ་ཡིག་དག་གི་ཁྱད་ཆོས་ཀྱི་ཟུར་ཙམ་ཞིག་བརྗོད་འདོད་བྱུང་།
ཞུ་རྒྱུ་གཅིག་ལ། དེབ་འདིའི་རྩོམ་པ་པོ་དང་ཀློག་མཁན་ང་རང་གཉིས་བསྡུར་བ་ཡིན་ན། སློབ་གཉེར་གྱི་བརྒྱུད་རིམ་མི་གཅིག་པ། རིག་གནས་ཀྱི་ལྟ་ཚུལ་མི་འདྲ་བ། ཤེས་རྟོགས་ཀྱི་ཁྱབ་ཁོངས་མི་མཚུངས་པ་སོགས་ཀྱི་དབང་གིས། ཆེ་ས་ནས་གནད་དོན་རིགས་གཅིག་ལ་ལྟ་སྟངས་དང་། ཆུང་ས་ནས་དག་ཆ་སྐོར་ཞིག་གི་འབྲི་སྟངས་ཚུན་ལ་གཅིག་གྱུར་གྱི་འབབ་སྟེགས་མེད་ས་ཅུང་མང་པོ་རེད། དེ་དག་ནི་རང་རང་སོ་སོའི་གོ་བ་ལེན་སྟངས་དང་ངོས་འཛིན་བྱེད་སྟངས་ཙམ་ཡིན་པས། འདིར་ཁོང་གིས་འདི་ལྟར་སྤེལ་འདུག ངས་འདི་ལྟར་བསམ་བྱུང་ཟེར་བའི་ངོས་དེ་གླེང་རྒྱུ་བཞག་སྟེ། དེབ་འདི་རང་གླེང་བ་ལ་ཞུགས་རྒྱུ་ཡིན།
ཐོག་མར་ངས་བམ་ཀློག་ཅིག་བྱས་ན་འགྲིག་པར་སྙམ་པ་དང་བཅས་དེ་ལུགས་ཀྱིས་འཇུག་པར་ཆས། དེབ་འདིའི་ནང་གི་རྩོམ་ཡིག་དང་པོ་ནི། <<ཞང་ཞུང་ལི་ཤུ་སྟག་རིང་གི་སྐུ་ཚེའི་ལོ་རྒྱུས་ལ་དཔྱད་པ་>>ཞེས་པ་འདི་རེད། དེ་སྔར་དཔེ་ཀློག་རེའི་སྐབས་ལ་གོ་མྱོང་བ་ཙམ་ལས་རྒྱུས་གང་ཡང་མེད་པའི་བརྗོད་གཞི་འདི་ཀློག་སྐབས། ལོ་རྒྱུས་ཀྱི་ཞིང་ཁམས་གཞན་ཞིག་ལ་སླེབས་པའི་ཚོར་སྣང་བྱུང་། དེ་ནི་རང་ཉིད་བོན་གྱི་རིག་གནས་དང་བོན་གྱི་ལོ་རྒྱུས་ཡིག་ཚགས་ལ་རྒྱུས་མྱོང་མེད་པས་རེད་དེ། དཔེར་ན། རྩོམ་ཡིག་དང་པོས་མིང་བརྡ་གསེད་བཀྲོལ། ལོ་ཚིགས་བསྡུར་དཔྱད། མཛད་པ་ཞིབ་བརྗོད་བཅས་ཀྱི་གླེང་སྟངས་དཔྱད་སྟངས་ཀྱིས་བམ་ཀློག་གི་སེམས་ཁམས་དེ་བཅོམ་སོང་། ད་གཟོད་ངས་དེབ་འདིའི་ནང་གི་རྩོམ་ཡིག་རེ་རེ་བཞིན་གྱི་ཚིག་དོན་གཉིས་ཀ་ཞིབ་ཚགས་པོས་བཀླགས་ཤིང་རོལ་མྱོང་བྱས།
དེབ་འདིའི་ནང་ཁྱོན་བསྡོམས་དཔྱད་རྩོམ་བཅོ་ལྔ་འདུག ང་ལ་མཚོན་ན། རེ་རེ་བཀླགས་པས་བློ་སྐྱེད་གསར་པ་རེ་སྤྲོད་པ་ཞིག་བྱུང་། མ་གཞི་ངས་བོན་གྱི་སྐོར་དང་འབྲེལ་བའི་དཔྱད་རྩོམ་དང་སྒྱུར་རྩོམ་གང་འཚམ་བཀླགས་ཏེ་རང་ཉིད་བོན་གྱི་ལོ་རྒྱུས་ཡིག་ཚགས་ལའང་རྒྱུས་ལྡན་ཅིག་ཆགས་པར་འབད་མྱོང་མོད།ད་རེས་ཀྱི་དེབ་འདིས། སྤྱི་བཤད་ལས་བྱེ་བྲག་ཏུ་བཤད་པ་གཙོ་འདོན་དང་། ཆེན་པོ་ལས་ཆུང་ངུ་གླེང་བ་གནད་འགག་ཏུ་བཟུང་བའི་གླེང་སྟངས་འདིས། ང་ཚོས་ངེས་པར་ཤེས་རྟོགས་དང་བརྒལ་དགོས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་ནགས་ཀློང་ཞིག་འདུག་ཨང་སྙམ་པ་ཡང་ཡང་སྐྱེས་བཅུག
ད་ནི་དེབ་འདི་གླེང་བ་ལ་ཞུགས་ན། དེབ་འདིར་རྩོམ་ཡིག་བཅོ་ལྔ་བསྡུས་འདུག་པ་རྣམས་ཞང་ཞུང་ཞིབ་འཇུག བོན་གཞུང་ཞིབ་འཇུག ལོ་རྒྱུས་ཞིབ་འཇུག་བཅས་སུ་དབྱེ་བགོས་གནང་འདུག
གཅིག ཞང་ཞུང་ཞིབ་འཇུག་གི་སྐོར།
ཞང་ཞུང་ཞིབ་འཇུག་གི་ས་བོན་ངོ་སྤྲོད་དེ་ནི། ཧ་ཅང་སྟབས་བདེ་ཞིག་གནང་འདུག་སྟེ། དོན་གྱི་ངོ་སྤྲོད་ནི་ཧ་ཅང་ཞིབ་ཚགས་ཤིག་རེད། དེ་ནི་འདི་ལྟ་སྟེ།ཞང་ཞུང་སྒོ་ཕུགས་བར་གསུམ་ལས་སྒོ་བ་ལ་གཡས་སྒོ་དང་གཡོན་སྒོ། དབུས་སྒོ་བཅས་སུ་ཡོད་པ་སོགས་ས་ཁམས་ངོས་འཛིན་དང་། རིག་གནས་ཀྱི་དར་རྒུད། དད་མོས་ཀྱི་གནས་སྟངས་བཅས་གླེང་བ་ནས། འོལ་མོ་ལུང་རིང་ལ་མཚོན་ན། སྟག་གཟིག་འོལ་མོ་ལུང་རིང་དང་ཞང་ཞུང་འོལ་མོ་ལུང་རིང་ཞེས་དག་ཞིང་དང་དག་ཞིང་མིན་པ་གཉིས། ཡང་དཔེར་ན། བོན་གྱིས་ཏི་སེའི་སྐོར་ལ་འོལ་མོ་ལུང་རིང་དུ་འབོད་པ་དང་རྒྱ་གར་བས་ཤཾབྷ་ལ་རུ་འབོད་པ་གཉིས་གཅིག་ཏུ་འབབ་པ། ཡང་དཔེར་ན། སྲོང་བཙན་སྒམ་པོའི་བཙུན་མོ་ཞང་ཞུང་བཟའ་ལི་ཐིག་སྨན་ནི་ཞང་ཞུང་རྒྱལ་པོ་ལི་མིག་རྐྱའི་སྲིང་མོ་ཡིན་པ་དང་། དེས་ཞང་ཞུང་ནས་སྟོན་པ་གཤེན་རབ་མི་བོའི་སྐུ་བརྙན་གདན་དྲངས་པ་བཞུགས་ཡུལ་དུ་ཐིམ་བུ་ཀོག་གི་ལྷ་ཁང་བཞེངས་པ། སྲོང་བཙན་གྱི་སྲིང་མོ་སད་མ་ཀར་ཞང་ཞུང་རྒྱལ་པོ་དང་མ་འཆམ་པའི་གནས་སྟངས་ཡོང་སྣེ་གསལ་འདོན་སོགས་སྤྱི་ལས་བྱེ་བྲག བྱེ་བྲག་ལས་ཀྱང་ནང་གསེས་སུ་ཞུགས་ནས་གླེང་འདུག་པའི་ཆ་ནས་ཀློག་སྤྲོ་བ་ཞིག་དང་ཡིད་འཕྲོག་འགྲོ་བ་ཞིག་རེད།
དེ་ནས་བརྗོད་གཞི་གལ་ཆེ་བ་གཅིག་ནི་ལབ་ཙེའི་སྐོར་རེད། ལབ་ཙེའི་རིག་གནས་ནི་བོད་ཁམས་ན་དེང་སང་ཡང་དར་ཆེ་བ་ཞིག་ཡིན་ནའང་། འདིའི་འབྱུང་ཁུངས་དང་དབྱེ་བ། འབོད་མིང་། ཆོ་ག་ཕྱག་ལེན་སོགས་ལ་དཔྱད་པ་གཏིང་ཚུགས་པ་ཞིག་ཧ་ལམ་མ་བྱུང་། དེབ་འདིར་གསལ་བའི་རྩོམ་ཡིག་གིས། མཁས་པ་དང་རྩོམ་པ་པོ་སོགས་ཀྱི་བཞེད་ཚུལ་དང་ལྟ་ཚུལ་སྤུངས་ཤིང་དཔྱད་པ་གནང་སྟེ། འབྲེལ་ཡོད་བརྡ་ཆད་ཅི་ཡོད་དང་དེ་དག་རེ་རེའི་གོ་དོན་སོགས་ཀྱི་གཏིང་བསྔོགས་དཔྱད་པ་གནང་འདུག་པ་འདིས། ལབ་ཙེའི་རིག་གནས་སྐོར་ལ་འཇུག་པ་བདེ་ཞིང་དོན་གསལ་བའི་སྒོ་མོ་གསར་པ་ཞིག་བཏོད་འདུག དཔེར་ན། དེང་སང་གི་དཔྱད་བརྗོད་རྩོམ་ཡིག་འགའ་རེ་ན། ལབ་ཙེ་ལ་དབྱེ་ན། ལབ་ཙེ། དཔའ་མཁར། ཅི་ཏེ་གསུམ་ཡོད་ཅེས་ཤོད་རྒྱུན་ཙམ་དུ་ཡོད་པའི་གྲངས་རེ་བགྲངས་ཀྱིན་ཡོད་ནའང་། དེ་རེ་རེ་བའི་དོན་གྱི་འཇུག་པ་བཤད་པ་ཧ་ཅང་ཉུང་བ་ནས་བཤད་རྒྱུ་མ་རག་ནས་ཡོད་པ་ལ། འགྲེལ་བཤད་གསལ་པོ་གནང་འདུག་པ་ནི་སྔ་ན་མ་གྲགས་པའི་གླེང་སྟངས་དང་དཔྱད་སྟངས། གྲུབ་དོན་འཚོལ་སྟངས་དམིགས་བསལ་བ་ཞིག་ཏུ་མཇལ།
བརྗོད་གཞི་གཞན་ཞིག་ནི་སྙན་ངག་མེ་ལོང་གི་སྐོར་རེད། རྒྱ་གར་གྱི་སྙན་དངགས་པ་དབྱུག་པ་ཅན་གྱིས་བརྩམས་པ་དང་ཤོང་སྟོན་གྱིས་བསྒྱུར་བ། དེ་དར་ཞིང་འཕེལ་བ་སོགས་ནི་རྒྱ་གྲགས་བོད་གྲགས་ཡིན་པས་ཡི་གེ་བ་ཕལ་མོ་ཆེ་བས་ཤེས་ཚོད་དུ་ཡོད། འོན་ཏེ། སྙན་ངག་མེ་ལོང་ལ། སྙན་ངག་ནམ་མཁའི་མེ་ལོང་དང་། སྙན་ངག་རིན་ཆེན་མེ་ལོང་། སྙན་ངག་ཤེལ་གྱི་མེ་ལོང་བཅས་སུ་ཡོད་པ་ཤེས་མཁན་ཉུང་བར་སེམས། གང་ལྟར་དེ་དག་གི་དབྱེ་བ་རྒྱས་བསྡུས་ཀྱི་གནས་སྟངས། རྩོམ་མཁན་གྱི་དགོངས་པ་སོགས་ཐར་ཆགས་སུ་གླེང་འདུག་པ་ནས། ཡང་ན། སྙན་ངག་ཤེལ་གྱི་མེ་ལོང་བཀླགས་མ་མྱོང་མཁན་ཞིག་ཡིན་ན། དཔྱད་རྩོམ་འདིས་ངེས་པ་སྟེར་བའི་གནད་མང་པོ་ཞིག་ཚུར་བསྡུས་ཏེ་འདུག་སྟབས། སྔར་གོ་ལོ་ཐོས་ལོ་ཙམ་ཡོད་པ་ལ་འགྲེལ་བཤད་འོད་ལྡན་ཅིག་བྱས་འདུག དེ་བས་ཀྱང་བོད་ཀྱི་མཁས་པ་དང་སྙན་གཞུང་གལ་གནད་ཅན་མང་པོ་ཞིག་གི་སྐོར་ལྷན་ཐབས་སམ་མཆན་བུར་བསྣན་འདུག་པ་རིན་ཐང་ཆེ། རྩོམ་རིག་གི་ལོ་རྒྱུས་གླེང་མཁན་དང་སྙན་ངག་གི་འཕེལ་རིམ་གླེང་མཁན་ཚོས་ངེས་པར་ཀློག་དགོས་པའི་རྩོམ་ཡིག་ཅིག་རེད།
གཉིས། བོན་གཞུང་ཞིབ་འཇུག་གི་སྐོར།
སྡེ་ཚན་འདིར་འཁོད་པ་ནི། <<བོན་གྱི་ཚད་མ་རིག་པ་དང་དེའི་གཞུང་ལུགས་བྱུང་ཁུངས།>> <<བོན་གྱི་རྫོགས་པ་ཆེན་པོའི་བྱུང་ཁུངས་དང་དེའི་ལྟ་བའི་ཁྱད་ཆོས།>> <<བོན་གྱི་ཡིག་རྙིང་མཛོད་སྒྲ་འགྲེལ་ལ་དཔྱད་པ་>>བཅས་རེད། ང་ལ་མཚོན་ན། སྡེ་ཚན་འདི་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་རེད། དེ་ནི་ཁོང་གིས་གླེང་སྟངས་ཀྱིས་མ་རེད་ལ། ངའི་གོ་བ་ལེན་སྟངས་ཀྱིས་ཀྱང་མ་རེད། དེ་ནི་ང་རང་ལ་དེ་དང་དེའི་རིག་གནས་ཀྱི་རྨང་གཞི་གང་ཡང་མེད་པ་དེས་རེད།དེར་བརྟེན། སྡེ་ཚན་འདི་ནི་མཚམས་སྦྱོར་ཙམ་ཡང་ཞུ་དཀའ་བ་ཞིག་རེད།
སྡེ་ཚན་འདིར་འཁོད་པའི་རྩོམ་ཡིག་དག་གིས་གཞུང་ཚད་ཀྱི་རྣམ་པའི་སྐོར། འབྲེལ་ཡོད་མཁས་པས་བརྩམས་པའི་བརྩམས་ཆོས་སྐོར་སོགས་ཕྱོགས་ངོས་མང་པོའི་གནད་བཟུང་སྟེ་འདུག དེ་ཡང་དཔེར་ན། རྫོགས་པ་ཆེན་པོ་གླེང་སྐབས། ཐེག་པ་རིམ་དགུ་དེར། གཏེར་གྱི་སྒོ་ནས་ལྷོ་བྱང་དབུས་གསུམ་དུ་དབྱེ་བ་དང་། ཡང་། ལྟ་བའི་སྒོ་ནས་དང་། སྤྱོད་པའི་སྒོ་ནས། ལྟ་སྤྱོད་ཟུང་འབྲེལ་གྱི་སྒོ་བཅས་ནས་དབྱེ་སྟངས་སོགས་ཞིབ་རྒྱས་སུ་གླེང་འདུག་པ་རྣམས་བདག་ལྟ་བུ་ཕྱོགས་དང་ངོས་དེར་ཐོས་པ་ཡེ་མེད་པ་དག་ལ་མཚོན་ནའང་། ཚིག་དོན་གནད་ཅན་མང་པོ་ཞིག་དང་། དབྱེ་བ་དང་རྣམ་གྲངས། བརྡ་ཆད་གནད་འགག་ཅན་མང་པོ་ཤེས་ཐུབ་པ་ཞིག་ཏུ་འབད་གནང་འདུག ཆུང་ས་ཞིག་ནས་བཤད་ན། སཾཀྲི་ཏའི་སྐད་དང་ཞང་ཞུང་སྨར་སྐད་གང་ཡིན་ཡང་ཞང་ཞུང་གི་སྐད་ཡིན་ཞེས་བརྗོད་འདུག་པའི་ཚིག་ཤུགས་ཀྱིས་ང་ཚོར་གོ་བ་ལྷག་པོ་ཞིག་སྟེར། དེ་ནི་ང་ཚོས་ཞང་ཞུང་གི་ངོས་འཛིན་དེར་གོ་བ་རགས་ཙམ་ལོན་ངེས་དགོས་པ་ལས་རྗོད་པ་འདི་དང་བརྗོད་དོན་འདི་ལ་དག་པ་སྟེར་མི་ཐུབ་པའི་བསམ་གཞིགས་ཀྱི་ཀློང་ལ་འཁྲིད་འགྲོ་བ་ཞིག་རེད། ཡང་དང་སྐྱར་དུ་བཀླགས་ན་གོ་བ་རིམ་པས་སྟེར་བ་ཞིག་འདུག
གསུམ། ལོ་རྒྱུས་ཞིབ་འཇུག་གི་སྐོར།
སྡེ་ཚན་འདིར་རྩོམ་ཡིག་བརྒྱད་ཡོད་པ་ལས། གསུམ་ནི་ལོ་རྒྱུས་མི་སྣ་གཅིག་ཁོ་ན་ལ་ཞིབ་འཇུག་དང་། གཞན་དག་ནི་ཡུལ་ཁམས་ཀྱི་ལོ་རྒྱུས་དང་། དཔེ་དེབ་དཔྱད་བརྗོད། རྡོ་རིང་ཡི་གེར་བརྟག་པ། བོན་སྡེའི་དབུ་འཛིན་བདམ་སྟངས་བཅས་ཁྱབ་ཁོངས་འགའ་ལ་བརྐྱངས་འདུག
གཉའ་ཁྲི་བཙན་པོ་གླེང་སྟངས་ལ་མཚོན་ན། གནའ་དེང་གི་ལོ་རྒྱུས་སྨྲ་བ་ཚོས། གཉའ་ཁྲི་བཙན་པོ་ལྷ་རུ་སྒྲུབ་པ་དང་མི་རུ་སྒྲུབ་པ། རྒྱ་གར་གྱི་མིར་སྒྲུབ་པ།བོད་ཀྱི་མིར་སྒྲུབ་པ་སོགས་གནའ་ནས་ད་བར་གླེང་སྟེ་འོང་བ་རེད། དེ་དག་ལས་བོད་རང་གི་མིར་སྒྲུབ་ན་ལྷ་མཐོང་མི་ཡོང་བ་དང་། མིའི་ནང་ནས་ཀྱང་རྒྱ་གར་གྱི་མིར་མ་སྒྲུབ་ན་མི་མཐོང་མི་ཡོང་བའི་ལྟ་ཚུལ་བཟུང་བ་ཚོས་གནམ་ནས་གླེང་སྟེ་ས་ལ་འབབ་མི་ཤེས་པ་ཡིན། འདི་ངའི་ལྟ་སྟངས་ཡིན། དེབ་འདིའི་ནང་། མི་རུ་སྒྲུབ་པ་གང་ཞིག་ལ་བོད་མི་ཞིག་ཏུ་སྒྲུབ་འདུག དེ་ཡང་བན་དེ་བ་དང་བོན་གྱི་ལོ་རྒྱུས་ཡིག་ཚགས་གཉིས་ཀ་ཁུངས་སུ་བྱས་ནས་གླེང་འདུག
དེ་བཞིན་བེ་རུ་རྒྱལ་པོ་གླེང་སྟངས་ལ་མཚོན་ནའང་། སུ་ཞིག་གིས་བེ་རུ་རྒྱལ་པོ་ཆམ་ལ་ཕབ་པའི་སྐོར་ཁོ་ན་མ་ཡིན་པར། བེ་རུ་རྒྱལ་པོའི་བྱུང་སྟངས། ས་ཁོངས། རག་རའི་ཆོས་འབྱུང་སོགས་ན་གསལ་བའི་བེ་རུ་རྒྱལ་པོའི་སྐོར་བཀོད་དེ། བེ་རུ་རྒྱལ་པོ་དང་བཅས་པ་ཕམ་ཉེས་ཀྱི་རྒྱུ་རྐྱེན་སྐོར་ཞིབ་ཏུ་གླེང་འདུག་པ་དང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་སྐོར་དེ་ཡང་། རྒྱལ་རབས་ཐོག་པ་དང་མཐའ་མ། དེ་དག་གིས་ཆོས་སྲིད་ཀྱི་བྱ་བ་བགྱིས་རིམ། དར་རྒུད་སོགས་དང་།བྲུ་ཤའི་རྡོ་རིང་གི་ཡི་གེར་བརྟག་སྟེ། ཡིག་འབྲུ་གཅིག་གི་གོ་དོན་འཚོལ་བ་ལ་ཞུགས་པའི་དཔྱད་པ་སོགས་དཔྱད་ཐབས་མ་འདྲ་བ་སྤྱད་ནས་མཐའ་སྡོམ་བཀོད་ཡོད་འདུག་པ་སོགས་རེ་རེ་བས་བརྗོད་མི་དགོས་པར། རྩོམ་ཡིག་དག་བཀླགས་ནས་དེ་ནས་ར་འཕྲོད་པ་འདུག
འདིར་གནད་འགའ་ཞིག་རང་ལ་འཇུས་ཏེ་ཞུས་ན། ཐོན་མི་སཾབྷོ་ཌ་དང་ཁོང་གིས་མཛད་པའི་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་ཀྱི་སྐོར་ལ་དཔྱད་གླེང་གནང་འདུག་པ་ནི་བརྗོད་གཞི་རྙོག་དྲ་ཅན་ཞིག་རེད། འདི་ནི་བོད་ཀྱི་རིག་གནས་པའི་སྡེ་ན་རྩོད་གླེང་མུ་མཐུད་ཡོང་བཞིན་པ་ཞིག་ཀྱང་རེད། དེར་བརྟེན། འདི་འབྲེལ་གྱི་རྩོམ་ཡིག་ནི་ག་ས་གང་ན་མཐོང་རྒྱུ་ཡོད། དཔེར་ན། སུམ་རྟགས་ཀྱི་རྩ་བ་རྩོམ་མཁན་ཐོན་མི་དང་ས་པཎ་སུ་ཡིན་གླེང་རིམ་ནང་། ས་པཎ་གྱི་གསུང་རྩོམ་གང་རུང་ཞིག་ཐོན་མིའི་དེ་དང་འདྲ་པོ་འདུག དེར་བརྟེན། ཐོན་མི་མ་རེད་ཟེར་བ་ལྟ་བུ་ཡང་སེར་གླེང་བཞིན་ཡོད། གང་ལྟར། དུས་རབས་སྔ་མའི་དུས་སྨད་ནས་ད་ལྟ་ནའང་གླེང་བཞིན་པ་ཞིག་རེད། འོ་ན། ད་ལྟའི་དེབ་འདིས་ཇི་ལྟར་གླེང་འདུག་ཅེས་འདྲི་བ་དག་ལ། དེབ་འདིའི་ནང་དུ་གསལ་བའི་རྩོམ་ཡིག་གིས་ཐོན་མིའི་སྔ་རོལ་ཏུ་ཡི་གེ་ཡོད་པ་དང་། བསྟན་བཅོས་ཡོད་པ་སྒྲུབ་འདུག དེ་ཡང་གཙོ་ཆེ་བ་བོན་གྱི་ལོ་རྒྱུས་ཡིག་ཚགས་སུ་ཁུངས་གཏུགས་འདུག་པ་ནས། ལོ་རྒྱུས་ཡིག་ཚགས་གཞན་གྱི་གནད་འགག་དག་ཀྱང་དཔྱད་ཡིག་ཏུ་དྲངས་ཏེ་ཁུངས་བཅོལ་གནང་འདུག དཔེར་ན། བུ་སྟོན་ཆོས་འབྱུང་ན། ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན་ཏེ། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ། སྐྱེས་འབུལ་འཕྲིན་ཡིག་ཀློག་གོ།ཞེས་ཡོད་པ་སོགས་སྒྲུབ་བྱེད་དུ་བཀོད་ནས་སྐབས་དེ་ཤེད་ན་ཡི་གེ་ཡོད་པར་སྒྲུབ་ཡོད་པ་ལྟ་བུ་རེད།
བརྗོད་གཞི་ཧ་ཅང་གསར་ཤོས་ནི་སྨན་རིའི་ཁྲི་འཛིན་རྟགས་སྒྲིལ་སྐོར་གྱི་དཔྱད་བརྗོད་དེ་རེད། འདི་ནི་བོད་ཀྱི་སྤྱི་ཚོགས་བསམ་བློ་དང་། དུས་སྐབས་ཀྱི་དགོས་མཁོ། གནད་ཀྱི་འགག་མདོ་གང་ལ་བསམ་ཀྱང་། རང་རེའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་དང་ཉམས་ལེན་གཉིས་ཀ་དགོས་ངེས་ཤིག་རེད་འདུག ཡང་གཅིག་བཤད་ན། དཔེ་ཀློག་མང་པོ་མི་བྱེད་མཁན་དག་གིས་ཀྱང་རྩོམ་ཡིག་འདི་ཁོ་ན་ངེས་པར་ཐེངས་གཅིག་ཀློག་རོགས་ཞེས་ཞུ་བ་ཡིན།
བཞི། སྙིང་དོན་གྱི་འདུས་མདོ།
མཐའ་དོན་གྱི་ཚུལ་གྱིས་ཞུ་རྒྱུར། དེབ་འདིའི་ནང་གི་དཔྱད་རྩོམ་ཚང་མ་དཔྱད་ཐབས་གཅིག་དང་། གླེང་སྟངས་གཅིག་པ་དེ་འདྲ་མ་རེད། ངོ་སྤྲོད་གནང་སྟངས་དང་ལུང་སྦྱོར་གནང་སྟངས་ཀྱང་གཅིག་མཚུངས་ཤིག་མ་རེད། རྩོམ་ཡིག་རེ་རེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་ཞིག་རེད། དཔེར་ན། ནམ་རྒྱུན་ང་ཚོས་དཔྱད་པ་གཏོང་སྐབས། མཁས་པ་འདིས་འདི་ལྟར་གསུང་འདུག་ཟེར་ནས་བང་བསྒྲིགས་ཏེ་གླེང་ནས་རང་གི་ལྟ་ཚུལ་དེ་མཁས་པ་དེ་ཚོའི་གསུང་གི་རྗེས་ལ་མངགས་པ་ལྟ་བུའི་གླེང་སྟངས་ཤིག་ཡོད། ཡང་། རང་གི་ལྟ་ཚུལ་གཙོ་བོར་བཀོད་ནས་དེའི་རྗེས་ལ་མཁས་པ་དེ་ཚོའི་ལྟ་ཚུལ་ཀྱང་ང་དང་མཐུན་པར་འདུག་ཅེས་རང་གི་རྗེས་ལ་མཁས་པ་དེ་ཚོ་འཁྲིད་ཡོང་སྟངས་ཤིག་ཡོད། དེབ་འདིས། འདི་གཉིས་ཀའི་བར་མ་དོ་ཞིག་ནས་གླེང་འདུག རྩོམ་ཡིག་དངོས་གཞིའི་ནང་མཁས་པ་གཞན་གྱི་ལྟ་ཚུལ་དེ་ལུང་འདྲེན་མ་བྱས་པར་དེའི་གནད་ཁོ་ན་བཏོན་ནས་ངོ་སྤྲོད་དང་། དེ་དང་དེས་གང་དང་གང་ན་གསུང་འདུག་པའང་དཔེ་ཁུངས་ཙམ་བསྟན་པ་ལས་མང་ཆེ་བར་ཚིག་གཞི་ངོ་མ་དེ་མ་དྲངས་པར་དཔྱད་པ་གནང་འདུག འདི་ནི། ཅི་བས་ཀྱང་ལེགས་པར་མཐོང་། གང་ལ་ཟེར་ན། དམའ་ས་ནས་བཤད་ན། ཀློག་མཁན་གྱི་ཁྲོད་ནས་དཔེ་ཁུངས་དག་མིན་གྱི་དོགས་པ་ཡོང་བ་ཡིན་ན། དཔེ་དེབ་དེ་དང་དེ་བཙལ་ནས་དེའི་ཡིིག་འབྲུ་དང་དེ་ལས་བརྒལ་ནས་ཤོག་ངོས་གང་འཚམ་རེ་ཀློག་པར་ཡང་ཕན་སྐྱེད་འབྱུང་ངེས། དེང་སང་། ཕྱི་གླིང་བའི་རྗེས་སུ་འབྲངས་ཆེས་ནས་བོད་རང་གི་མཁས་པའི་ཕྱག་སྲོལ་མང་པོ་གཡས་སྐྱུར་གཡོན་སྐྱུར་བྱེད་པའི་སྐབས་འདི་འདྲ་ལ། འབྲི་སྟངས་གླེང་སྟངས་འདི་འདྲ་ལ་ངེས་པར་བསམ་གཞིགས་རེ་དགོས་པར་ཡང་མཐོང་ཞིང་། རིན་ཐང་ཅན་དུའང་མཇལ།
བརྒྱ་བཤད་ཚིག་སྣེ་མདོར་བསྡུས་ན། དེབ་འདིས། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་ཡི་གེ་ན་ཚིག་ཟུར་ཙམ་རེ་ལས་མི་གསལ་བ་མང་པོ་ཞིག་གསལ་ཁ་ཅན་དུ་བྱས་འདུག་པ་སྟེ། བན་དེ་བྲན་ཀ་དཔལ་ཡོན་དང་བོན་གྱི་དྲན་པ་ནམ་མཁའ་གཉིས་གཅིག་ཡིན་པ་སོགས་ང་དང་ང་ལྟ་བུ་ལོ་རྒྱུས་ཀྱི་གནད་ཀ་མང་པོ་མི་ཤེས་པ་དག་ལ་ཤེས་རྟོགས་དགོས་ངེས་མང་པོ་ཞིག་གསལ་ཞིབ་གནང་འདུག་ན། དེབ་འདི་ཀློགས་དང་ཁྱེད་རང་ལ་བློ་སྐྱེད་བོངས་མི་ཆུང་བ་སྩོལ་ངེས་སུ་འདུག་ཅེས་མཚམས་སྦྱོར་ཞུ་བ་ལགས་སོ།། །།
ཕྱི་ལོ་2019ཟླ་12ཚེས་25 ལ། རྡོ་རྗེས།
རིག་པའི་ཞིང་སར་སྨིན་པའི་ལོ་འབྲས།
མར་ནང་དགེ་བཤེས་ཁྲི་གཡུང་དྲུང་གི་ཟིན་དེབ<<སྲིད་པའི་གཏམ་ཚོགས>>བཀླགས་པའི་ཟུར།
ཀུན་དགའ་ཡེ་ཤེས།
དེ་ཡང་། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པས་སྦྱར་ན་སླར། །སྦྱོར་བོ་བ་གླང་ཉིད་རྗོད་བྱེད། །ཞེས་གསུངས་པ་བཞིན་མཁས་པའི་རྣམ་དཔྱོད་ལ་ཀློག་པ་པོའི་བཀླགས་ཚོར་ཙམ་གྱིས་གདེངས་འཇོག་གི་གོང་ཚད་གཏན་འབེབས་བྱེད་པ་ནི་ཤིན་ཏུ་མི་འོས་པར་མཐོང་། ཡིན་ན་ཡང་དུས་རབས་གསར་བའི་རིག་པ་གཉེར་ཕྱོགས་དང་། དེང་རབས་རྒྱལ་སྤྱིའི་འགྲོ་སྲོལ་ལྟར་བསམ་ན། མི་བུ་སོ་སོའི་སྒྱུ་རྩལ་ལ་དཔྱོད་པའི་རྣམ་པ་ལ་ཁྱད་པར་ཡོད་པ་དང་། རིག་པར་བརྩོན་པ་རྣམས་ཀྱི་ཤེས་རྒྱུད་ཀྱི་ལེན་པ་མི་འདྲ་བའི་དབང་གིས་སོ་སོའི་རྟོགས་ངོས་ཙམ་གྱིས་བཀླགས་ཚོར་གླེང་ན་འོས་མཐུན་དུ་སྙམ་ལ། དེ་གཞིར་བཟུང་ནས་ཀློག་པ་པོ་སྤྱི་ལ་བགྲོས་མོལ་བྱེད་པ་ལ་ཡང་འགལ་བ་ཆེར་མ་མཐོང་ནས་འདིར་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱི་ཟིན་དེབ་<<སྲིད་པའི་གཏམ་ཚོགས་>>བཀླགས་པའི་ཚོར་བ་རགས་པ་རེ་འགའ་ཞུ་བའི་སྤོབས་པ་སྐྱེས་བྱུང་།
དེ་ན་ཟིན་དེབ་བམ་མཐོང་ཐོས་དྲན་རེག་གི་ཟིན་བྲིས་ཞིག་ཡིན་ཕྱིན། དེས་རྩོམ་རིག་གསར་རྩོམ་གྱི་རྣམ་པ་ལྟར་རྗོད་བྱེད་ཀྱི་ཐ་སྙད་ལ་ཤིན་ཏུ་གཞོལ་ཆེ་བའམ་ཚིག་སྔ་ཕྱིའི་སྡེབ་སྦྱོར་ནས་དབྱངས་ཀྱི་འདེགས་འཇོག་སྙོམས་མིན་སོགས་ཀྱི་ཉམས་དང་འགྱུར་བ་ལས་བརྗོད་བྱའི་དོན་སྟོན་པ་གཙོ་བོར་འཛིན་པ་ལ་འབད་དགོས་པ་མ་ཡིན་པར་དངོས་ཡོད་ཀྱི་གནས་ཚུལ་དང་། ཡང་དག་པའི་དོན་སྟོན་པ་ལ་གཞོལ་ཆེ་བ་ཞིག་ཡིན་དགོས་པར་སྙམ་ལ། ཟིན་དེབ་<<སྲིད་པའི་གཏམ་ཚོགས>>ཞེས་པ་འདི་ནི་དེ་ལྟ་བུའི་བསམ་བློ་སྔོན་དུ་སོང་ནས་བྲིས་པའི་ལེགས་རྩོམ་ཞིག་རེད་སྙམ་བྱུང་། ནང་དོན་ལ་མཚོན་ན། ཟིན་དེབ་འདི་སྡེ་ཚན་མི་འདྲ་བ་དྲུག་ཏུ་བགོས་འདུག་ཅིང་། དེས་རྩོམ་པ་པོས་རང་ཉིད་ཀྱི་མཐོང་ཐོས་དྲན་རེག་ཅི་ཡོད་ཤིན་ཏུ་གསལ་བོར་སྟོན་པ་ལ་འབད་པ་བྱས་ཐོག སྡེ་ཚན་དང་པོར་མཛད་རྣམ་རྗེས་དྲན་དང་། སྡེ་ཚན་གཉིས་པར་གཞུང་ལུགས་རེག་ཟིག སྡེ་ཚན་གསུམ་པར་ལོ་རྒྱུས་མྱོང་བྱང་། སྡེ་ཚན་བཞི་བར་འཚོ་བའི་ཟིན་ཐོ། སྡེ་ཚན་ལྔ་བར་དཔེ་སྒྲོམ་བཀླགས་བྱང་། སྡེ་ཚན་དྲུག་པར་ལམ་གྱི་ཐོར་རྩོམ་བཅས་སུ་བཀོད་སྒྲིག་བྱས་འདུག མཛད་རྣམ་རྗེས་དྲན་གྱི་ཚན་པར་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་མཐར་སྤེལ་བར་མཛད་རྗེས་བླ་ལྷག་ཏུ་ཆེ་བའི་སྐྱེས་ཆེན་དམ་པ་དུ་མའི་མི་ཚེའི་མཛད་པ་རྣམས་སྒྲོ་སྐུར་གྱི་རྒྱན་དང་བྲལ་ནས་བརྗོད་ཡོད་ཅིང་། དེ་ལས་ཕྱི་རབས་པ་རྣམས་ཀྱིས་དམ་པའི་ཤུལ་བཞག་ལ་རྗེས་སུ་ཡི་རངས་དང་། རྒྱུན་འཛིན་གོང་འཕེལ་གཏོང་དགོས་པའི་དགོངས་པ་བསྟན་པ་ཡང་གསལ་བོར་ཤེས་ཐུབ། གཞུང་ལུགས་རེག་ཟིག་གི་སྐོར་དུ་གསང་བ་སྔགས་ཕྱོགས་ཀྱི་གཞི་ལམ་འབྲས་གསུམ་སོགས་ཀྱི་ཤེས་བྱ་ཇི་སྙེད་པ་རྣམས་བརྗོད་པ་གསལ་ཞིང་། གོ་བ་ལེན་བདེ་བའི་སྒོ་ནས་བསྟན་པར་བྱས་ཡོད་ཅིང་། དེ་ལ་གཡུང་དྲུང་བོན་ལུགས་ཀྱི་ངོས་འཛིན་དང་གྲུབ་མཐའ་གཞན་པའི་ལྟ་སྤྱོད་མི་འདྲ་བའི་བར་གྱི་ཁྱད་པར་ཡོད་པ་ཡང་གསལ་བོར་བསྟན་འདུག ལོ་རྒྱུས་མྱོང་བྱང་གི་ཚན་པར་ཁོར་ཡུག་སྲུང་སྐྱོབ་དང་། འདུལ་འཛིན་རབ་བྱུང་བའི་སྡེར་སློབ་གསོ་སྤེལ་སྟངས་ཀྱི་སྐོར་སོགས་དང་། འཚོ་བའི་ཟིན་ཐོ་རུ་སྨྲང་དང་འབྲོག་པའི་གཏུལ་མའི་སྐོར་སོགས། དཔེ་སྒྲོམ་བཀླགས་བྱང་དུ་བོན་གྱི་དཔེ་རྙིང་ཁག་ཅིག་གི་དཔྱད་ཞིབ་གནས་ཚུལ་སོགས་དང་། ལམ་གྱི་ཐོར་རྩོམ་དུ་འགྲུལ་བཞུད་ཀྱི་ཞོར་དུ་བཀླགས་པའི་དཔེ་རྙིང་ཁག་གི་དྲན་འཆར་སོགས་བཀོད་ཡོད་པ་དེ་དག་གིས་རྩོམ་པ་པོས་ཟུར་མང་པོ་ནས་གཡུང་དྲུང་བོན་གྱི་སྐྱེས་ཆེན་དུ་མ་དང་། དེ་དག་གི་མཛད་པ་ནས་གཞུང་མི་འདྲ་བའི་ངོས་འཛིན་དང་། བོན་པོའི་དཔེ་རྙིང་སོགས་ཀྱི་གལ་གནད་མང་པོ་ཟིན་དེབ་ཏུ་བཀོད་ཏེ་རྒྱ་ཆེའི་ཀློག་པ་པོར་བསམ་བློའི་རྒྱགས་ཕྱེ་གསར་བ་མང་པོ་ཞིག་ལོངས་སུ་སྤྱོད་པའི་སྐལ་བ་བསྐྲུན་འདུག་པ་ལ། ཕྲན་གྱིས་དུས་ཚོད་ཀྱི་དབང་ཤེད་ཨུ་ཚུགས་ཀྱིས་དགག་བཞིན་དགེ་བཤེས་ཁོང་གི་རྩོམ་ཡིག་རྣམས་མཐར་ཆགས་སུ་བཀླགས་པ་ལས། ཟིན་དེབ་འདིར་བདམས་པའི་རྩོམ་ཡིག་རྣམས་ཀྱི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཡིད་ཀྱི་དྭངས་བ་ཡོངས་སུ་དྲངས་པར་གྱུར།
འཕེལ་ཕྱོགས་ཀྱི་དབང་གིས་དེང་གི་དུས་འདིར་རྩོམ་པ་པོ་མང་ཆེ་བས་མཚན་དང་སྙན་གྲགས། རྒྱུ་འབྱོར་ལོངས་སྤྱོད་ཀྱི་ཕན་ཁེར་དམིགས་པ་རྒྱབ་ལྗོངས་སུ་བཞག་སྟེ་གང་སར་ཟང་ཟིང་གི་རྩོམ་སྟེགས་སྣ་ཚོགས་གསར་འཛུགས་ལ་འབད་བཞིན་ཡོད་པ་ལ། དོན་དམ་པའི་གསར་རྩོམ་གྱི་ལས་སུ་འཇུག་མཁན་ཉུང་དུ་ཆགས་ཐོག སྐྱ་སེར་གཉིས་ཀྱི་རྩོམ་པ་པོའི་དཔུང་སྡེའི་བརྗོད་གཞི་གཅིག་མཐུན་དུ་འགྲོ་བའི་རྣམ་པ་རྒྱ་ཁྱབ་ཏུ་དར་བཞིན་ཡོད། སྐྱ་བོའི་རྩོམ་པ་པོས་ཆོས་ཀྱི་དགོངས་དོན་མཚོན་པར་བྱེད་པའི་བརྩམས་ཆོས་སྤེལ་ཐབས་ལ་འབད་པ་བྱེད་པ་དང་། སེར་མོ་བའི་རྩོམ་པ་པོས་སྤྱི་ཚོགས་དངོས་ཡོད་ཀྱི་རྣམ་པ་སྟོན་པའི་བརྩམས་ཆོས་སྤེལ་བ་ལ་ཁྱད་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་སྐྱ་སེར་གཉིས་མཉམ་འདྲེས་འབྱུང་ཐབས་བྱེད་པ་ལེགས་ལམ་ཞིག་ཡིན་པའི་ངེས་པ་མེད་ཅིང་། དེ་ལྟའི་རྩོམ་པ་པོས་བརྩམས་ཆོས་ཚུལ་འཆོས་པ་རེ་འགའ་སྤེལ་བ་དེས་ཀློག་པ་པོ་མགུ་བར་བྱེད་ཐབས་ཀྱང་མེད། ཟང་ཟིང་གི་ཆོས་ཉིད་བླ་རུ་བཀུར་ཞིང་། རྒྱུ་འབྱོར་ལོངས་སྤྱོད་ལ་སྐྱབས་སུ་འགྲོ་བའི་རིན་ཐང་ལྟ་ཚུལ་དེས་མ་འོངས་པར་ལམ་སྟོན་ཡང་དག་ཞིག་བྱེད་ཐབས་བྲལ་བས་ན། ང་ཚོར་རང་ཉིད་ཀྱི་ཁོར་ཡུག་དང་གནས་བབ། རང་ཉིད་ཀྱི་གཞུང་ལུགས་དང་ལག་ལེན་དངོས་སྟོན་ཐུབ་པའི་བརྩམས་ཆོས་དང་སྐྱ་སེར་གཉིས་ཀྱི་རྩོམ་པ་པོའི་དཔུང་སྡེ་ནི་ཅི་ནས་མཁོ་བ་མ་ཟད། དུས་རབས་ཀྱི་འཕེལ་ཕྱོགས་ངོས་ཟིན་ཅིང་། སེམས་པའི་འཚོ་སྐྱོང་དམིགས་ཚུགས་སུ་བྱེད་པའི་སེར་མོ་བའི་རྩོམ་པ་པོ་ནི་དེ་བས་མཁོ། དེ་ལྟར་བསམ་ན། མར་ནང་དགེ་བཤེས་ཁྲི་གཡུང་དྲུང་གི་སྔ་ཕྱིའི་བརྩམས་ཆོས་ཀུན་ལས་གཞུང་ལུགས་ཟབ་མོའི་དོན་རྣམས་ཉིང་བསྡུས་ཁ་གསལ་གྱིས་བསྟན་ཡོད་པ་དང་། དོན་མི་གསལ་བ་དང་གོ་དཀའ་བ་རྣམས་ཕྱི་ནང་གཞུང་ལུགས་ཀུན་ལ་ཞིབ་བསྡུར་བྱས་ནས་རྒྱས་བསྡུས་འཚམས་ལ། དོན་སྟོན་པར་འཁྲུལ་སེལ་གྱི་ལུང་ཁུངས་སོགས་པ་གསལ་བོར་བཀོད་ཐོག སྐད་ཆ་ཉོག་པོར་འགྲོ་བ་སྤངས་ནས་རིག་ལམ་ལ་གཏན་ཚིགས་ཡོད་པར་འགོད་པའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་འདུག་ལ། བརྗོད་བྱ་རྗོད་བྱེད་ཉིས་སྡེབ་བྱེད་པའི་སྐབས་སུ་གཞུང་དོན་དངོས་ཀྱི་བརྡ་ཆད་ལ་ཤིན་ཏུ་གོམས་པའི་“དགེ་བཤེས་”ཀྱི་ཁྱད་ཆོས་ཐོན་པར་བྱས་པ་དེས་ཀློག་ལ་འཇུག་མཁན་ཚོར་ཤེས་པ་ཟབ་མོ་འཕེལ་བར་བྱེད་པ་ལ་ཕན་པ་རྒྱ་ཆེན་པོ་བསྐྲུན་ཡོད། དེ་ནི་ཁོང་གི་རིག་པའི་བྱང་ཚད་དམ་རྩོམ་རྩལ་ཞིག་ཡིན་སྲིད་ལ། སློབ་གཉེར་གྱི་བརྒྱུད་ལམ་རིང་མོའི་མྱོང་བའི་བཅུད་དུ་གྲུབ་པའི་ཐུན་མིན་གྱི་ཁྱད་ཆོས་ཞིག་ཀྱང་ཡིན་སྲིད། <<སྲིད་པའི་གཏམ་ཚོགས>>བཀླགས་ན། ཁོང་ནི་གཡུང་དྲུང་བོན་སྒོར་ཞུགས་པའི་དུས་ཡུན་ཤིན་ཏུ་རིང་བ་དང་། དེའི་གཞུང་ལུགས་ཀྱི་ཐོས་བསམ་བསྟེན་པའི་དུས་ཡུན་ཡང་ཤིན་ཏུ་རིང་བའི་རྣམ་པ་མཐོང་ཐུབ་ལ། ཁོང་གིས་སྤེལ་བའི་བརྩམས་ཆོས་རེ་རེའི་ནང་དོན་ལས་རབ་བྱུང་འདུལ་འཛིན་པ་ཞིག་གི་གཞུང་ལུགས་སློབ་གཉེར་གྱི་བརྒྱུད་ལམ་རིང་མོར་གོམས་པར་བྱས་པའི་ཟུར་མཐའ་དག་མཐོང་ཐུབ་པ་དང་། རང་ཉིད་ཤིན་ཏུ་འདྲེས་པར་གྱུར་བའི་གཡུང་དྲུང་བོན་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་པ་དེ་ཤེས་འདོད་ཡོད་པ་རྣམས་ལ་གོ་བདེ་ཀློག་བདེའི་ཐབས་ལམ་ལ་བསྟེན་ནས་སྟོན་པར་བྱེད་པའི་གསར་རྩོམ་གྱི་རྩལ་དེ་ཡང་མཐོང་ཐུབ།
ནང་དོན་ཁོ་ནའི་ཟུར་དེ་ནས་གླེང་ན། ཁོང་གི་བརྩམས་ཆོས་དེ་དག་ནི་གཞུང་དོན་ཟབ་མོ་རྣམས་ལ་ཁ་ཐུག་སྣ་ཐུག་ཙམ་བྱུང་བའི་སྟེང་རང་གི་ཤེས་ཚོར་ཙམ་གླེང་བའི་ཅོལ་ཆུང་གཡམ་རྒྱུགས་ཀྱི་བྱེད་སྟངས་དང་རྩ་བ་ནས་མི་འདྲ་བར་དོན་ཟབ་མོའི་དགོངས་པའི་གནད་སྟོན་པ་ལ་གཞོལ་ཆེ་བ་དང་། གོ་བ་ཆོད་དཀའ་བའི་རིག་པ་“དཀའ་མོས་”མ་བཅིངས་ཤིང་། རབ་བཏགས་དང་འུད་བརྗོད་སོགས་ཀྱི་སྤྲོས་པ་རིང་དུ་དོར་བར་བྱས་ནས་རྗོད་བྱེད་ཐ་སྙད་ཀྱི་སྡེབ་སྦྱོར་ངག་ལ་བདེ་བ་དང་། རྩོམ་ཁོག་གི་སྒྲིག་བཀོད་ལེགས་ཤིང་རིག་ལམ་ཤིན་ཏུ་གསལ་བས་གོས་ཀྱི་ཕྱི་ནང་བདེ་བོར་འཕྲོད་པ་ལྟ་བུ་བསྟར་ཆགས་སུ་གྲུབ་ཡོད་པས། བཀླགས་པའི་ཚེ་ན་ཡུལ་དང་ཡུལ་ཅན་བར་གྱི་ཤེས་པ་མི་འདྲ་བ་རྣམས་ཟ་འོག་གི་རི་མོ་བཞིན་དྲན་འཛིན་གྱི་ངོས་སུ་སོ་སོར་གསལ་ལེར་འཆར་འོངས་པའི་བྱེད་ནུས་དམིགས་བསལ་བ་འཛོམས་པར་བྱས་ཡོད། དེ་ནི་ཁོང་གི་རྩོམ་གཤིས་ཡིན་སྲིད་ལ། ཀློག་པ་པོའི་ངོས་ནས་ཁོང་གི་བརྩམས་ཆོས་དང་ལེན་བྱེད་པར་འདོད་པའི་རྒྱུ་ཉག་ཅིག་ཏུ་ཡང་གྲུབ་འདུག་ཞེས་བརྗོད་པར་འདོད།
བརྩམས་ཆོས་ཤིག་གིས་རྩོམ་པ་པོའི་མི་ཚེའི་མྱོང་གོམས་དང་། ཤེས་པའི་རྣམ་པ་སྟོན་རྒྱུ་དབང་བཙན་པར་བྱས་ན། དེ་ནི་སྒེར་ངོས་ཀྱི་སྨྱུག་རྩལ་ལ་བསྟེན་དགོས་པ་སྨོས་མེད་ཡིན་ན་ཡང་། གཞུང་དོན་ཟབ་མོའི་དགོངས་དོན་སོགས་དང་བསྡེབས་ནས་ཀློག་བདེ་བའི་ཟིན་དེབ་ཏུ་བཟོ་བ་ནི་ཐོས་བསམ་གྱི་བརྒྱུད་ལམ་རིང་མོར་གོམས་དགོས་ཐོག དཀའ་སྤྱད་འབད་བརྩོན་གྱི་ལས་སུ་མ་ཞུགས་ན་འགྲུབ་ཐབས་བྲལ་ལ། དེ་ལྟ་བའི་ཚད་མཐོ་བའི་བརྩམས་ཆོས་ཤིག་གི་རིན་ཐང་གཞལ་བ་ལ་བྱེ་བྲག་གི་བརྩམས་ཆོས་རེ་གཉིས་ཀྱི་གོ་བ་ཙམ་པོས་རྔོ་ཐོགས་དཀའ། གཞུང་ལུགས་ཟབ་མོའི་དོན་གྱིས་གཏམས་པའི་བརྩམས་ཆོས་རྣམས་ནི་ཕྱིའི་ཁོར་ཡུག་དང་དངོས་ཡོད་ལས་རིང་དུ་བརྒལ་ཏེ། ཆེས་མཐོ་བའི་ཚེ་སྲོག་གི་རིན་ཐང་མངོན་བྱེད་ཀྱི་རྒྱུ་ཞིག་ཏུ་དམ་པ་རྣམས་ཀྱིས་ཡང་ཡང་གསུངས་པ་བཞིན། ཁ་ཕྱོགས་ཙམ་གྱི་གོ་བ་དེ་རིགས་པར་བཟུང་ནས་བརྩམས་ཆོས་ཀྱི་རིན་ཐང་འདི་དང་དེ་ཞེས་གླེང་བརྗོད་སྤེལ་བ་ཐར་དྲག་པ་ཡང་ཡིན་སྲིད་མོད་ཀྱི། འཛམ་གླིང་གི་རྩོམ་རིག་སྨྲ་བ་ཆེས་མང་པོ་ཞིག་གིས་རྩོམ་རིག་དང་ཆོས་ལུགས་གཉིས་ནི་ཁ་གཏོད་ཡུལ་དང་བྱེད་ནུས་གཉིས་ནས་རིག་ཚན་གཅིག་མཐུན་དུ་ལྟ་བ་དེ་བཞིན་དགེ་བཤེས་ཁོང་གི་བརྩམས་ཆོས་ལས་གཞུང་ལུགས་དེ་གཉིས་ཀྱི་རིན་ཐང་མཐོ་ཤོས་མཉམ་བསྡེབས་ཟབ་མོ་བྱས་འདུག་ཞེས་ཅི་ནས་སྨྲ་བར་འདོད། གང་ལྟར་དུས་དང་འཚམ་པའི་ཁྱད་ཆོས་གལ་ཆེ་བར་བཟུང་དྲག་པའམ་ཡང་ན་ང་ཚོར་རེ་བ་ཆེ་དྲག་པ་གང་ཡིན་ཅི་ཆ། ཀློག་པ་པོའི་ངོས་ནས་རྩོམ་པ་པོ་ལ་ཀླན་ཀ་ཞིག་ཅི་ནས་འཚོལ་དགོས་ཞེ་ན། ཕྲན་གྱིས་ནི་ཁྱེད་ཀྱིས་ད་དུང་བརྩམས་ཆོས་ཀྱི་ཕྲེང་བ་མུ་ནས་མུ་རུ་སྤེལ་དང་། ངས་ནི་ཡིག་ནག་འབྲུ་འདེད་ཀྱིས་ཁྱེད་ཀྱི་མཐའ་མའི“སྐྱོན་ཆ”དེ་བཙལ་བཞིན་ཡོད་ཞེས་ཞུ་བ་ལས་སྐད་ཆ་གཞན་མེད་དོ།།
མཐར་དགེ་བཤེས་གང་ཉིད་དང་། རིག་པའི་རྗེས་འཛིན་པ་ཀུན་ལ་ཞུ་འདོད་པ་ནི། ཕྲན་གྱིས་ད་ལྟའི་བར་སློབ་གཉེར་གྱི་རྒྱུན་བསྐྱངས་པའི་ཁུལ་དུ་བསྡད་ཀྱང་། བཀླགས་བྱང་ཚད་དང་མཐུན་པ་ཞིག་འབྲི་བ་ལ་རིག་པ་གཏི་ཐུག་པར་ངེས་ན། ལོག་བཤད་དང་རིག་ལམ་ལས་འགོངས་པར་སྨྲས་པ་རྣམས་བགྲོས་མོལ་གྱི་ལམ་ནས་སེལ་བར་ཞུ་རྒྱུ་དང་། <<སྲིད་པའི་གཏམ་ཚོགས>>འདི་དང་། རྩོམ་པ་པོ་གང་གི་མཛད་འཕྲིན་ཡར་ནས་ཡར་ལ་དར་བའི་སྨོན་འདུན་ཡང་ཡང་ཞུས་པ་ཡིན།
ཞེས་རྔ་བ་ཀུན་དགའ་ཡེ་ཤེས་སུ་འབོད་པས་ལྷ་ལྡན་གྲོང་ནས་ཕུལ།
༢༠༢༠ལོའི་ཟླ༡ཚེས༡ཉིན་གྱི་ཞོགས་པར།