«གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།
[ཟླ་ཚེས། 2019-11-14 08:39:10][རྩོམ་པ་པོ། སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
«གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ»ཞེས་བྱ་བ་འདི་དཔེ་སྒྲིག་བྱེད་པའི་དམིགས་ཡུལ་ནི་ཞང་བོད་ཀྱི་གནའ་རབས་ཀྱི་རིག་གནས་འདི་མ་ཉམས་དར་སྤེལ་དང་ཉམས་པ་སོར་ཆུད་བྱེད་རྒྱུ་དེ་གཞིར་བཞག བྱེ་བྲག་གི་དགོས་པ་ནི་གསུམ་ཏེ། དང་པོ་ནི་ཞང་ཞུང་དང་བོད་ཀྱི་གནའ་རབས་རིག་གནས་རྣམས་ཀྱི་འབྱུང་ཁུངས་འཚོལ་རྒྱུ་དེ་ཡིན། བོན་པོའི་རིག་གནས་ནི་ཞང་བོད་གནའ་རབས་རིག་གནས་ཀྱི་གཞི་རྩ་ཞིག་ཡིན་པར་མ་ཟད་ང་ཚོ་བོད་ཀྱི་རིགས་གནས་ཀྱི་ཁུངས་ནི་བོན་ལ་ཐུག གལ་སྲིད་བོན་པོའི་རིག་གནས་དེ་འཚོལ་སྡུད་མ་ཐུབ་ན་ཞང་བོད་གནའ་རབས་རིག་གནས་ཀྱི་ཁུངས་ལེགས་པོ་ཞིག་རྙེད་མི་ཐུབ་བོ། །མི་མང་པོས་བོད་རང་གི་རིག་གནས་ཀྱི་འབྱུང་ཁུངས་མི་རིགས་གཞན་ལ་གཏུགས་རྒྱུར་སྤྲོ་འདུག དེ་ནི་དོན་དང་མཐུན་ཐབས་གཏན་ནས་ཡོད་པ་མིན་ཏེ། བོད་རྒྱལ་སྲོང་བཙན་སྒམ་པོ་ཡར་སྔོན་ནས་བོད་ལ་ཐུན་མོང་མ་ཡིན་པའི་སངས་རྒྱས་བསྟན་པའི་སྙིང་པོ་གཡུང་དྲུང་བོན་ཞེས་དར་བ་ནས་བཟུང་ཐུན་མོང་གི་རིག་གནས་ཆེ་ཆུང་དང་ཐུན་མིན་གྱི་མདོ་སྔགས་རྫོགས་གསུམ་དར་ཡོད་བཞིན་དུ་བོད་རང་གི་རིག་གནས་ཁུངས་མི་རིགས་གཞན་ལ་གཏུགས་དགོས་དོན་གང་ཡང་མེད་དོ། །བོན་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ན་བོད་མི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཅིང་ཤེས་རིག་གཏིང་ཟབ་པ་ལ་ངེས་ཤེས་དོན་དང་མཐུན་པ་ཞིག་ཐོབ་ཐུབ་པས། དེས་བོད་རང་གི་རིག་གནས་ལོ་རྒྱུས་ཡུན་རིང་པོ་ཡིན་པར་བསྟན་ཐུབ་ཅིང་བོད་རང་གི་ལ་རྒྱ་མཐོར་འདེགས་བྱེད་པར་ཡང་ཕན་ཐོག་ཆེན་པོ་ཡོད་པ་ནི་མངོན་གསལ་རེད།
གཉིས་པ་ནི། གཡུང་དྲུང་བོན་ལ་ངེས་ཤེས་ཡང་དག་པ་ཞིག་འདྲོངས་རྒྱུ་དེ་ཡིན། རྒྱ་གར་ཤཱག་ཐུབ་ཀྱི་ཆོས་ལུགས་བོད་ཡུལ་དུ་དར་ནས་བཟུང་། བོན་དང་ཆོས་གཉིས་ལ་དོན་གྱི་སྒོ་ནས་འགལ་བ་ཡོད་པ་མིན་ཡང་སྲོལ་བཏོན་པ་པོ་དང་ཉམས་སུ་ལེན་ཚུལ་མི་འདྲ་བ་ཙམ་གྱིས་རྗེས་འཇུག་རྨོངས་པ་ཅན་རྣམས་ཀྱིས་གྲུབ་མཐའ་ངན་རྩོད་བྱས་པས་བོན་པོའི་ཆོས་རྣམས་བོད་ཀྱི་ལོ་རྒྱུས་སྟེང་དུ་ཕལ་ཆེར་མེད་པར་བཟོས་པ་དང་འདྲ་ན་ཡང་། དོན་སྟེང་ནས་དེ་ལྟར་གཏན་ནས་མིན། དེང་སང་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་དང་མི་རིགས་མང་པོ་ཞིག་གིས། བོད་ཀྱི་གདོད་མའི་ཆོས་ལུགས་སངས་རྒྱས་གཡུང་དྲུང་བོན་ནི་ལྷ་འདྲེ་ཁོ་ན་སྨྲ་བ་ལ་ངེས་འཛིན་གནང་། དེ་ཡང་ལྷ་ནི་འཇིག་རྟེན་པའི་ལྷ་སྟེ་ཉི་མ་དང་། སྐར་མ། ཟླ་བ། གནམ་གྱི་ལྷ། རི་དང་བྲག་ལ་གནས་པའི་ལྷ་ལ་གསོལ་བ་བཏབ་ཅིང་། དེ་ལས་གཞན་པའི་མྱང་འདས་ཀྱི་ལྷ་མེད་པར་སྨྲ་འདུག ལྷག་པར་དུ་རྒྱ་ནག་དང་ཕྱི་གླིང་དུ་ཕེབས་པའི་བོད་ཀྱི་བླ་མ་མང་པོ་ཞིག་གིས། རང་གི་སྟོན་པ་དང་བསྟན་པ་ལ་མཐོང་ཆེན་བྱེད་པ་དང་གཞན་གྱི་སྟོན་པ་དང་བསྟན་པ་ལ་ཁྱད་བསད་ཀྱི་ཉེས་ཚབ་ཆེན་པོ་བྱེད་པ་དང་། བོན་པོ་ནི་བོད་ཀྱི་མུ་སྟེགས་པ་ཞེས་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་འདུག དེ་དག་གི་རྗེས་འབྲེང་ཐམས་ཅད་ཀྱང་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་བོན་ལ་ལོག་པ་ལྟ་མཁན་མང་ཙམ་འདུག ཡང་ཞིབ་འཇུག་པ་ལ་ལས་སྤྱང་ལྟོགས་རི་ལུང་ཉུལ་བའི་དཔེ་ལྟར་བོད་ཡུལ་དུ་རྒྱུགས་ནས་དགོན་པ་དང་བླ་མ་ག་གེ་མོའི་མདུན་དུ་བཅར་ནས་གནའ་རབས་ཀྱི་རིག་གནས་ལ་ཞིབ་འཇུག་ཕར་ཞོག་མིག་སྔར་མཐོང་བ་དག་ཀྱང་བདེན་པ་བདེན་ཐུབ་མི་བརྗོད། དེ་ལས་གཞན་པའི་འཁྱོག་བཤད་སྣ་ཚོགས་བྱེད་པས་མི་རིགས་གཞན་པའི་བོད་ལ་ཞིབ་འཇུག་པ་རྨོངས་པ་བྱེད་མཁན་མང་པོ་འདུག་སྟེ། ཞིབ་འཇུག་པ་མང་པོས། བོན་པོས་ཚེ་སྔ་ཕྱི་མི་སྨྲ་བ་དང་ལས་རྒྱུ་འབྲས་ཁས་མི་ལེན་པ་དང་ཡང་དག་པའི་ཆོས་མེད་པ་དང་། ཡི་དམ་གྱི་ལྷ་མེད་པ་དང་ངན་སོང་དང་མཐོ་རིས་ཁས་མི་ལེན་པ་དང་། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུང་མེད་པ་དང་བོན་འདི་སངས་རྒྱས་ཀྱི་བསྟན་པ་ལས་གཞན་པའི་ཆོས་ལུགས་ཞིག་ཡིན་ཞེས་སོགས་ལོག་པ་སྨྲ་བ་ཐམས་ཅད་ཡང་དག་པའི་ལམ་ལ་བཀྲི་བའི་ཕྱིར་དང་ལོག་རྟོག་དུག་མཚོར་ལྟུང་བ་རྣམས་བདེ་བའི་ལམ་ལ་བཀོད་པ་དང་རྒྱལ་ཕྱི་ནང་ཞང་བོད་གནའ་རབས་རིག་གནས་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕན་སེམས་ཀུན་སློང་དང་ལོག་རྟོག་ཅན་ལ་ཡིད་ཆེས་དང་ངེས་ཤེས་ཡང་དག་པ་འཆར་བའི་ཕྱིར་དུ་བཀོད་པ་ཡིན།
གསུམ་པ་ནི། གནའ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་གྲུབ་འབྲས་ལེགས་པར་བཞག་པའི་སྐུ་ཞབས་མདོ་སྨད་ཚེ་རིང་ཐར་དང་ཐེན་དབལ་གྱི་སྨན་པ་ཆེན་པོ་ཀྲུང་ཚོ་མུས་དང་རྒྱ་ནག་གི་བོན་ལ་དད་པའི་སློབ་མ་དང་ཞིབ་འཇུག་པ་མང་པོས་འདི་ལྟར་དགོས་ཞེས་བསྐུལ་བ་དང་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་སྒྲིག་པ་ཡིན། སྤྱིར་གཡུང་དྲུང་བོན་གྱི་ལྷ་ཚོགས་ལ་རྣམ་གྲངས་ཤིན་ཏུ་མང་ཡང་སྐབས་འདིར་ལྷ་སྐུའི་ཉམས་དང་ཕྱག་མཚན། རྒྱན་ཆ་ལ་སོགས་ནི་གནའ་རབས་བཟོ་བོ་རྣམས་ཀྱིས་ད་ལྟའི་བར་མ་ཕྱིར་གནང་བཞིན་པའི་སྐོར་གཞིར་བཞག་ནས་བཀོད་པ་ཡིན། ཡིན་ནའང་དཀྱིལ་འཁོར་རམ་ཆོ་ག་རེ་ལ་ལྷ་གཙོ་བོ་ལ་འཁོར་ཤིན་ཏུ་མང་བས་འཁོར་ཕལ་མོ་ཆེ་དང་གདན་ཁྲི། སྐུ་ཡི་རྒྱབ་ཡོལ། རྒྱན་ཆ་དང་། ཆིབས་རྟ་ཡོད་པའི་ལྷ་དག་གིས་ཆིབས་རྟའི་རྒྱན་ཆ་ལ་སོགས་བཀོད་པ་ཕལ་ཆེར་བྲིས་མེད་དེ། དེ་དག་བྲིས་ན་ཡིག་ཚོགས་ཆེན་པོ་འབྱུང་བར་དོགས་པ་དང་། སྔགས་དང་ཆོ་ག་དང་། གཙོ་འཁོར་ཁ་ཚང་བ་དང་ལྷ་རེ་རེ་ལ་ཡེ་ཤེས་པ་དང་། རྫུ་འཕྲུལ་དང་། ལས་དང་། དམ་ཚིག་པའི་ལྷ་རེ་རེ་ཡོད་པ་ཐམས་ཅད་ཁ་ཚང་དགོས་པ་སོགས་དམིགས་ཡུལ་ལས་བརྒལ་ཚབས་ཆེ་བས་སོ། །ཡང་ཡི་དམ་ལ་ཞལ་ཕྱག་ཧ་ཅང་མང་བའི་སྐོར་དང་། ལ་ལའི་ཡིག་ཆ་ནང་དུ་ལྷ་ཡི་མཚན་དང་རྒྱན་ཆ་གསལ་ཡང་ཕྱག་མཚོན་གསལ་ཁ་མེད་པའི་སྐོར་དང་། རི་མོའི་མ་ཕྱི་མེད་པའི་སྐོར་དང་། ཞི་ཁྲོ་གང་ཡིན་མི་ཤེས་པའི་སྐོར་ཕལ་ཆེ་བ་མངོན་རྟོགས་དང་སྒྲུབ་གཞུང་དང་བསྟུན་ཏེ་འབྲི་མ་ཕོད་ནས་དེ་དག་གི་ཚབ་རེ་བཞག་ཡོད་པའི་རྟགས་སུ་ལྷ་དེ་ཡི་མཚན་ཟུར་དུ་ཚབ་ཞེས་རྟགས་བརྒྱབ་ཡོད། སྟག་ལ་དྲེགས་པ་བཅོ་བརྒྱད་ལ་དཔེར་མཚོན་ན། ཅིབས་རྟ་ཅན་གྱི་དྲེགས་པ་བཅོ་བརྒྱད་དང་། ཅིབས་རྟ་མེད་པའིི་དྲེགས་པ་བཅོ་བརྒྱད་དང་། ཕྱག་མཚན་འདྲ་བའི་དྲེགས་པ་བཅོ་བརྒྱད་དང་། ཕྱག་མཚན་མི་འདྲ་བའི་དྲེགས་པ་བཅོ་བརྒྱད་དང་། བྱ་ཞོན་ཅན་གྱི་དྲེགས་པ་བཅོ་བརྒྱད་སོགས་ལྷ་གཅིག་གི་མཚན་ལ་འགྱུར་བ་མེད་ཀྱང་ཕྱག་མཚན་དང་སྐུ་མདོག་སོགས་འགྱུར་བ་རིགས་ཕལ་ཆེ་གཅིག་མ་གཏོགས་རྣམ་པར་འགྱུར་བའི་རིགས་བཀོད་མེད།
གཞུང་འདི་ལ་སྦྱོར་དངོས་རྗེས་གསུམ་གྱི་ཚུལ་དུ་བཀོད་ཡོད་དེ། དང་པོ་སྤྱིར་བསྟན་གྱི་སྐབས་ཐུན་མོང་དང་ཐུན་མིན་གྱི་གོ་བྱ་དང་གོ་བྱེད། ལོ་རྒྱུས་འབྱུང་ཁུངས་དང་བཅས་བཀོད་པ་ནི་སྦྱོར་བ། གཉིས་པ་ནི་ལྷ་དེ་ཡི་མཚན་དང་སྐུ་མདོག་ཕྱག་མཚོན་རྒྱན་ཆ། འཁོར་ལྷ་དང་བཅས་གཞུང་ལྟར་བཀོད་པ་དང་། དེ་དང་འབྲེལ་བའི་སྔགས་དང་གཟུངས་ཅི་རིགས་བཀོད་པ་ནི་དངོས་གཞི། གསུམ་པ་ནི། ལྷ་ཚོགས་དེ་དག་གི་མཇུག་ཏུ། ཡི་དམ་ལྷ་ཚོགས་བརྩེ་གཅིག་བསྙེན་པ་ཡིས། གཡུང་དྲུང་བོན་བསྟན་སྟོང་གསུམ་ཁྱབ་པ་དང་། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་བཏོན་པ་དང་བརྒྱུད་རིམ་བཀོད་པ་དང་། ཡང་ལ་ལས་ཕན་ཡོན་དང་དག་དྲན་ནམ་མཚོན་བྱེད་བཀོད་པ་ཐམས་ཅད་ནི་རྗེས་བྱའོ། །
ལྷ་དེ་དག་གི་འབྱུང་ཁུངས་དང་སྐུ་མདོག་ཕྱག་མཚན་བརྒྱུད་རིམ་བཅས་ནི་གཞུང་རང་རང་གི་སྐབས་སུ་བཀོད་པ་ཐམས་ཅད་ཡིག་ཆ་དང་བཅས་པ་ནི་ཕྱི་རབས་པའི་གང་ཟག་ཡིད་ཆེས་པའི་ཕྱིར་དུ་བཀོད། འོན་ཀྱང་ལ་ལས་ལོ་རྒྱུས་མང་དྲག་པ་དང་། ལ་ལས་ཉུང་དྲག་པ་དང་། ལ་ལས་བྱུང་ཁུངས་མེད་པ་སོགས་མཉམ་མཐུན་ཡོང་མ་ཐུབ། ལ་ལས་བྱུང་ཁུངས་མེད་པའི་རིགས་ནི་སྒྲིག་པ་པོ་རང་གི་ལག་ཏུ་མ་དཔེ་ཁུངས་ཐུབ་པ་ཞིག་མ་རྙེད་པས་བཀོད་ཐབས་མ་བྱུང་། འོན་ཀྱང་བྱུང་ཁུངས་གཏན་མེད་མིན་ཏེ། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་དོན་མཐུན་ནོ། །ལྷ་སོ་སོར་གཙོ་འཁོར་དང་བཅས་པའི་སྔགས་ལ་བསྙེན་འཛབ། སྒྲུབ་འཛབ། ལས་འཛབ། གསང་བའི་འཛབ། གཟུངས་སོགས་རྣམ་གྲངས་ཤིན་ཏུ་མང་ནའང་། འདིར་དར་ཁྱབ་ཆེ་བའི་སྙིང་པོ་ཙམ་རེ་ལས་བཀོད་མེད་ལ། དར་ཁྱབ་ཆེ་བའི་སྐོར་འགའ་རེར་སྔགས་དང་གཟུངས་སོགས་ཀྱང་བཀོད་ཡོད། ཡང་ལ་ལའི་གཙོ་ལྷའི་སྔགས་དེ་འཁོར་ལྷར་སྦྱར་ནས་བསྐྱར་བཟློས་བྱེད་པའང་ཡོད་དོ། །ཁྱད་པར་གསང་བའི་སྔགས་ཕལ་ཆེར་བཀོད་མེད་དེ། དཔེར་ན་གྲུབ་ཐོབ་བརྒྱད་ཅུ་རེ་རེ་ལ་གསང་བསྙེན་ཡོད་ཀྱང་བཀོད་མེད། དེ་བཞིན་གསས་མཁར་སྒོ་དགུ་དང་གཉིས་མེད་སྲས་བརྒྱུད་ཀྱི་ལྷ་ཚོགས་མང་ཕྱོགས་ཀྱི་སྔགས་ནི་ཆེས་ཟབ་པས་འདིར་བཀོད་མེད། སྔགས་ཐམས་ཅད་ནི་ཞང་སྐད་དང་སྟག་གཟིག་གི་སྐད་ཡིན་པས་རང་གཞུང་ནང་ལྟར་བཀོད་པ་ཡིན་ནོ། །
སྤྱིར་བོན་པོ་ལ་སྤྱི་སྤུངས་སྐོར་ཞེས་གྲགས་ཆེ་བའི་ཆོ་ག་མི་འདྲ་བ་བརྒྱ་ཕྲག་གི་ལྷ་ཐམས་ཅད་ཁྲོ་བོ་དབང་ཆེན་གྱི་ལྷས་མཚོན་ནུས་པར་བྱེད་ཡོད། རེ་རེ་ནས་མ་བཀོད་པའི་རྒྱུ་མཚན་ནི་སྤྱི་སྤུངས་སྐོར་སོགས་བཀའ་ཤིན་ཏུ་ཟབ་པ་དང་གསང་རྒྱ་ཤིན་ཏུ་དམ་པའི་རིགས་ཐམས་ཅད་རེ་ཞིག་དེབ་ཐེར་འདིའི་སྟེང་དུ་བཀོད་པའི་སྤོབས་པ་བྲལ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་ཐུགས་ཁྲེལ་མེད་པར་ཞུ། འདིར་བཀོད་པའི་ལྷ་ཚོགས་དེ་དག་རྒྱུད་གང་ནས་བསྟན་པ་དང་། དེ་ལ་འགྲེལ་བའི་རྒྱ་གཞུང་གང་དག་ཡོད་པ་དང་། སྒྲུབ་ཐབས་གང་དག་ཡོད་པ་དང་ལོ་པཎ་གང་དག་གིས་གང་ལ་བརྒྱུད་ཚུལ་གྱི་རིམ་པ་རྣམས་ཀྱང་ཡིག་ཆ་དང་མཐུན་པ་བཀོད་པ་ལས་འོལ་ཚོད་མིན་པའི་རྟགས་སུ་ཡིག་ཆ་དེ་དྲངས་པ་ཡིན། བརྒྱུད་རིམ་ནི་བོད་ལ་བརྒྱུད་ཚུལ་གཙོ་བོ་བཞག་པའི་སྟེང་ཞང་སྟག་སོགས་ལ་བརྒྱུད་ཚུལ་འགའ་རེ་བཀོད་ཡོད། བརྒྱུད་རིམ་ནི་སྒྲུབ་གཞུང་དང་རྒྱུད་སྡེ་ལ་གོ་དགོས། ལྷ་འགའ་ཞིག་ལན་གཉིས་སམ་གསུམ་ཙམ་བཀོད་པ་ནི་དགོས་དབང་ཡིན་པར་ཤེས་སླའོ། །ལྷ་ཚོགས་འགའ་ཞིག་ལ་སྤྱིར་བསྟན་པ་དང་སྒོས་ཀྱི་འབྱུང་ཁུངས་གཉིས་རེ་བཀོད་པ་སོགས་མ་ངེས་པ་གཞུང་རང་རང་གི་སྐབས་ནས་ཤེས་སོ། །ལྷ་གཅིག་ལའང་ཞལ་ཕྱག་མང་པོ་དང་ཡུམ་འཁོར་རྒྱན་གོས་ཕྱག་མཚོན་གདན་ཁྲི་ལ་སོགས་ཡོད་མེད་དང་འདྲ་མིན་མང་པོ་ཡོད་པ་ལྟར་ཕན་ཡོན་ཀྱང་ཐུན་མོང་དང་ཐུན་མིན་རེ་ཡོད་པར་མ་ཟད། དག་དྲན་ནམ་མཚོན་བྱེད། མཚོན་ཚུལ་སྣ་ཚོགས་པ་ཡོད་པ་འགའ་ཞིག་གཞུང་དེའི་རྟགས་སྒྲུབ་ལྟར་བཀོད་ཡོད། ལྷ་ཚོགས་མང་ཕྱོགས་ཀྱི་སྐུ་མདོག་ཕྱག་མཚན་སོགས་མཚོན་བྱེད་བཀོད་མེད་ཀྱང་དག་དྲན་སྐོར་དང་འགྲེས་ཤེས་པར་བྱའོ། །ཕན་ཡོན་ནི་གཞུང་ཉིད་ལས་གསལ་ཡང་འགའ་ཞིག་དམིགས་བསལ་དུ་བཀོད་ལ་འགའ་ཞིག་མི་བཀོད་པ་ནི་བསྟོད་པའམ་གཞུང་དེ་ཉིད་ལས་གསལ་བ་སོགས་མ་ངེས་སོ། །
བླ་མ་རྣམས་ཀྱི་རྣམ་ཐར་དང་ལོ་རྒྱུས་མདོར་བསྡུས་རེ་བཀོད་ཡོད་པ་ཐམས་ཅད་སྔོན་བྱོན་མཁས་གྲུབ་དག་གིས་མཛད་པའི་རྣམ་ཐར་ལས་བཏུས་ནའང་བླ་མ་ལ་ལའི་རྣམ་ཐར་ཤིན་ཏུ་རྒྱས། ལ་ལའི་ཅུང་ཟད་ལས་མེད་པ་བཅས་ཀྱིས་ཆ་མི་སྙོམས་ཀྱང་། རྒྱས་བསྡུས་གང་མཚམས་ཞིག་བྲིས་ཡོད། བྲིས་པ་ཐམས་ཅད་ལོ་རྒྱུས་ལས་མཐོང་བ་དག་ལ་ཚིག་ཁ་ཤས་ཁ་སྣོན་ཅུང་ཙམ་བྱས་པ་ལས་དོན་ལ་ཁ་སྣོན་བྱས་མེད།
ཀློག་པ་པོ་རྣམས་ལ་ཆེད་དུ་ཞུ་བྱ་ཞིག་ནི། བོན་ཞེས་པ་ནི་རྒྱ་ཆེ་གཏིང་ཟབ་བ། རྣམ་གྲངས་མཐའ་ཡས་པ་ཡིན་པས་ལྷ་ཚོགས་ཐམས་ཅད་བདག་ལྟ་བུས་བརྗོད་ག་ལ་ནུས། འདི་དག་ནི་བོན་པོའི་བཀའ་རིན་པོ་ཆེ་དང་བཀའ་བརྟེན་གཉིས་གཞིར་བཞག་ནས་བྲིས་པ་ཡིན། སྤྱིར་བོན་པོའི་བཀའ་རིན་པོ་ཆེ་ལ་པོ་ཏི་བཞི་བརྒྱ་ཡོད་པ་དཀར་ཆག་ལ་ལར་གསལ་ཡང་དེ་དག་ཐམས་ཅད་བདག་གི་ལག་ཏུ་མ་སོན་ཡང་འདིར་བླ་མ་ཨ་གཡུང་རིན་པོ་ཆེ་དང་ལྷ་སྲས་རིན་པོ་ཆེ་གཉིས་ཀྱིས་ཁྲིན་ཏུར་པར་དུ་བསྐྲུན་པའི་པོ་ཏི་བརྒྱ་དང་དོན་བདུན་པ་དེ་གཞིར་བཞག་པ་དང་། སྤྱིར་བོན་པའི་བཀའ་བརྟེན་ལ་པོ་ཏི་སྟོང་ཕྲག་ལྷག་ཡོད་པ་ལས་ནག་ཆུ་བསྟན་པའི་ཉི་མ་རིན་པོ་ཆེས་པར་དུ་བསྐྲུན་པའི་བཀའ་བརྟེན་པོ་ཏི་སུམ་བརྒྱ་ལྷག་དང་ཉག་རོང་ཡེ་ཤེས་དགོན་པའི་བླ་མ་ཀུན་ཁྱབ་དང་བླ་མ་ཨ་རྒྱལ་བླ་བྲང་ཁག་གཉིས་ཀྱི་ཡིག་རྙིང་རྣམས་གཞིར་བཞག་ནས་བྲིས་པ་ཡིན། ཡི་གེ་ཕལ་ཆེར་གནའ་ཡིག་དང་བྲིས་མ་ཡིན་པས་གོ་བ་ལེན་མི་ཐུབ་སར་མང་དུ་མཆིས། བརྡ་རྙིང་དང་ཞང་སྐད་མང་བ་དང་། ལ་ལས་ཡུལ་སྐད་དང་འདྲེས་པ་རྣམས་དག་བཅོས་མ་བྱེད་པ་རང་ཐད་བཞག་ཡོད། ཡང་མིང་ཚིག་ལ་འབྲི་སྲོལ་མི་འདྲ་བ་འགའ་མཆིས་པ་ཐམས་ཅད་རང་སར་བཞག་ཡོད་དེ། དཔེར་ན་སྐེད་རགས་ལ་མཚོན་ན། དཔེ་གཞུང་རྣམས་ལས། སྐ་རགས། སྐུ་རགས། སྐེད་རགས། རྐེད་རགས། སྐ་རེགས། སྐུ་རེགས། སྐེད་རེགས། རྐེད་རེགས་བཅས་འབྲི་ཚུལ་བརྒྱད་ཙམ་འདུག་པ་དག་ཡིག་ནོར་མ་ཡིན་དེ་བརྡ་རྙིང་དང་བརྡ་གསར་དང་ཡུལ་སྐད་ཀྱི་ཁྱད་པར་ཡོད་པར་ཤེས་དགོས། དེ་བཞིན་དུ་ཐོད་རྡིང་ལ་ཐོད་རྡིངས་དང་ཐོད་ལྡིང་། ཐོད་རྡིང་འབྲི་བ་དང་། རལ་ཀྱུ་ལ་རལ་གྱུ་དང་རལ་ཀྱུ་འབྲི་བ་སོགས་ནི་རང་ཐད་བཞག་ཡོད། གནའ་ཡིག་གོ་བ་ལེན་མི་ཐུབ་པ་རྣམས་དག་བཅོས་བྱེད་ན་བྱིན་རླབས་ཞན་པ་དང་དོན་བཅུད་ཉམས་པ་སོགས་ཀྱི་སྐྱོན་ཤོར་བར་དོགས་ནས་མ་བཅོས་སོ། །ལྷག་པར་དུ་འདིར་ལྷ་ཚོགས་ཆེན་མོ་བཀོད་པའི་ཚེ་དབལ་གསས་ལ་དཔེར་མཚོན་ན། དབལ་གསས་ཀྱི་ཡི་གེ་བྲིས་མ་དང་པར་མ། གནའ་ཡིག་གསུམ་ལ་འདྲ་གཤིབ་བྱས་ནས་ཅུང་དག་པ་རྣམས་གཞིར་བཞག་ནས་བྲིས་པ་ཡིན།
«གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ»དཔེ་ཆ་འདི་བསྒྲིགས་པའི་གཞི་ནི་སྐུ་ཞབས་སྟོང་སྐོར་ཚེ་རིང་ཐར་གྱིས་བློ་འདོན་གནང་བ་དང་། གོ་རིམ་སྒྲིག་ཚུལ་ཡང་ཁོང་གི་ཐུགས་བཀོད་དང་། བསྒྲིགས་པའི་གོ་རིམ་ལས་དོན་ལ་འཇུག་པ་དང་། བསྒྲིགས་ཟིན་དེ་ཞིབ་དག་སོགས་ཀྱི་ཐད་ལ་ཁོང་གིས་འགན་ཕྲག་ཏུ་བླངས་པ་མ་ཟད། དཔར་བསྐྲུན་གྱི་འགྲོ་སོང་ཚང་མ་ཁོང་གི་རོགས་འདོན་བཙལ་བ་སོགས་བཀའ་དྲིན་བླ་ན་མེད་པར་ཆེ་ཞུ་རྒྱུ་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ཤེས་རབ་དོན་འགྲུབ་ཀྱིས་དཔར་བསྐྲུན་ཐད་ལ་འགན་བླངས་པ་ལའང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
«གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ»ཞེས་པའི་ནང་གི་ལྷ་རིས་དག་ནི་རྔ་བ་སྣང་ཞིག་དགོན་པའི་ལྷ་བཟོ་འབྱོར་ཕུན་ཁོང་དང་ཁམས་པའི་ལྷ་བཟོ་རྣམ་རྒྱལ་རྣམ་གཉིས་ཀྱི་རོགས་རམ་མཛད། «གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ»འདི་བསྒྲིགས་པའི་ཚེ། བླ་མ་ཀུན་ཁྱབ་ཀྱི་བཀའ་བརྟེན་གནའ་ཡིག་ཅན་དང་ནག་ཆུར་བསྐྲུན་པའི་བཀའ་བརྟེན་བཅས་བླ་བྲང་གི་ཡིག་ཆ་ཁ་ཚང་གཡར་བ་དང་བླ་མ་ཨ་རྒྱལ་གྱི་གནའ་ཡིག་པོ་ཏི་སུམ་ཅུ་ལྷག་གཡར་གནང་སོགས་ཀྱི་རོགས་རམ་བྱེད། ཉག་རོང་ཡེ་ཤེས་དགོན་པའི་དགེ་བཤེས་གཡུང་དྲུང་ཉི་མ་དང་གོང་ཤོད་ལ་ཝེར་གཡུང་དྲུང་བསྟན་འཛིན་ཟུང་གིས་པར་གཞི་སྒྲིག་སྐབས་དཔེ་ཆ་འཚོལ་སྡུད་དང་མ་དཔེ་དང་འདྲ་གཤིབ་ཀྱི་ཞུ་དག་མཛད་པ་སོགས་སྔ་ཕྱི་བར་གསུམ་དུ་རོགས་རམ་རྒྱ་ཆེན་མཛད། སྣང་མཐའ་བསྟན་འཛིན་ཉི་མས་གློག་ཀླད་དུ་བསྟར་བ་དང་སྣང་དགོན་ཁྲི་ཟུར་ནམ་མཁའ་གཡུང་དྲུང་གིས་གློག་ཀླད་ལས་ཡིག་གཏགས་རོགས་རམ་བྱས། ཉག་རོང་འཕྲ་ལི་ཞིང་ལ་ཝེར་མགོན་པོ་དང་ཡེ་ཤེས་མཚོ་ཟུང་གིས་པར་སྒྲིག་སྐབས་བཞུགས་ཁང་དང་འཚོ་བའི་མཐུན་རྐྱེན་སྦྱར་བ་དང་པར་བསྐྲུན་ཐད་ལ་རྒྱུ་ནོར་རོགས་རམ་རྒྱ་ཆེར་མཛད། གྱང་ར་བ་ལིང་ཧྥང་ཤུའུས་ཞིབ་དག་གི་པར་གཞི་སྣུམ་པར་སོགས་རོགས་རམ་བྱས། ཡེ་ཤེས་དགོན་པའི་བཙུན་པ་ཚེ་རྒྱལ། ཉི་མ་བསྟན་འཛིན། གོང་ཤོད་མེ་ཏོག་སོགས་ཀྱིས་ཅི་ནུས་རོགས་རམ་མཛད་པ་ལ་བཀའ་དྲིན་ཆེ་ཞུ།
ཞེས་ཉག་རོང་ཡེ་ཤེས་དགོན་པའི་མཁན་སྤྲུལ་མིང་ཙམ་འཛིན་པ་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ་ནས།