བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་གསུང་འབུམ་པར་དུ་བསྐྲུན་པ།

[ཟླ་ཚེས། 2019-08-02 20:50:12][རྩོམ་པ་པོ། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀུན་གཟིགས་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་གསུང་འབུམ་པར་དུ་བསྐྲུན་པ།

  འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་གསང་གསུམ་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ལས། ཤེས་བྱ་རིག་པའི་གནས་ཆེན་སྤྱི་དང་། ལྷག་ཏུ་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བརྗོད་བྱའི་དོན་རྣམས་ལུང་རིགས་དཔེ་གསུམ་གྱིས་རྣམ་པར་བཀོད་པ་ལ། ཐོག་མར་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་དགོངས་དོན་མ་ལུས་ལུང་གི་སྙིང་པོར་གཞི་བཅོལ་ཏེ། གསུང་རབ་དཔེ་རྒྱུན་གྱི་མཐུན་རྐྱེན་གང་འཛོམས་ལ་བརྟེན་ནས་རིག་པའི་གདར་ཤ་བཅད། ཚད་མ་གསུམ་དང་འབྲེལ་བའི་གྲུབ་མཐའི་བཞེད་གཞུང་དང་ལོ་རྒྱུས་ཁུངས་ཐུབ་ཀྱིས་ཟུར་བརྒྱན་ཏེ། བོད་ཀྱི་སྐད་དང་ཡི་གེ ཆོས་ལུགས་ལོ་རྒྱུས། རིག་གནས་སྒྱུ་རྩལ། སྒྲ་དག་སྙན་ངག རྩིས་དང་སྡེབ་རིས། ཡིག་གཟུགས་མཛེས་རྩལ། མདོ་སྔགས་སེམས་གསུམ་ཀུན་ལ་ཐོས་བསམ་ལྷུར་བཞེས་གནང་བས་མཁས་པའི་གྲགས་པ་འཛིན་མའི་ཁྱོན་དུ་ལྡིར་ཡོད་ལ། དེ་ལས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་སྤྱི་དང་། བོད་རིག་པའི་ཞིབ་འཇུག་པ་དང་དགེ་སློབ་ནམ་མཁའི་སྤྲིན་བཞིན་འདུས་ཤིང་། དེ་དག་ལ་རྒྱུད་ལ་ཕན་པའི་གསོ་སྐྱོང་གང་ལེགས་མཛད་པ་དང་། སྤྱི་ཚོགས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་སུ་བོད་ཀྱི་རིག་གནས་ལ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་མཛད་རྗེས་བླ་མེད་བཞག་པས། བོད་རིག་པའི་གཞུང་ལུགས་ལ་དཀའ་འགྲེལ་ཁ་གསལ་ཅན་དང་རྒྱལ་རབས་ལོ་རྒྱུས་ཀྱི་ཐད་ལ་དྲང་བདེན་དཔྱད་གསུམ་ཚད་མ་ཡང་དག་གིས་གཞལ་ནས། གསུང་འབུམ་གླེགས་བམ་བཅུ་ཕྲག་གཅིག་གི་བདག་ཉིད་ཅན་དུ་གྲུབ་ཡོད།

  དམ་པ་ཁོང་གི་གསུང་འབུམ་ལ་གཞན་དང་མི་མཚུངས་པའི་ནང་བསྟན་རིག་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་། ཞང་བོད་ཤེས་རིག་ཞིབ་འཇུག སྲིད་པ་རྒྱུད་ཀྱི་བོན་སྐོར། བསང་དང་ཆོ་གའི་ཕྱག་ལེན། རྩོམ་རིག་ཡིག་གཟུགས་སྒྱུ་རྩལ་སོགས་ཀྱིས་མཚོན། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། དཔལ་ཡོན་གཉིས་ལྡན་གྱིས་རིག་གཞུང་དར་སྤེལ་དང་སློབ་གསོའི་བྱ་བ་གོང་འཕེལ་དུ་གཏོང་བར་ཕན་ནུས་ལྡན་པ་ནི་དུས་ཐོག་ཆར་བའི་དཔེ་ལྟར་འགྱུར་བས། དུས་ཡུན་སྔ་མོ་ནས་བཟུང་དམ་པ་གང་གི་གསུང་འབུམ་པར་བསྐྲུན་བྱ་རྒྱུའི་ཉེར་བསྡོགས་བརྩམ་ཡང་། དམིགས་ཡུལ་ཐ་དག་ཇི་བཞིན་དུ་འགྲུབ་པར་རྔོ་མ་ཐོགས། དེ་བས་སྤྱི་ལོ་ཉིས་སྟོང་བཅུ་བདུན་གྱི་དབྱར་ཟླ་འབྲིང་པོ་ནས། གསུང་འབུམ་བསྡུ་སྒྲིག་གི་ལས་འཆར་ཐོག་མར་གཞི་བསླངས་ཤིང་། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མགོར། སྐྱབས་རྗེ་བླ་མའི་མདུན་དྲུང་ག་ལ་བ་དེར་བཅར་ནས། གསུང་འབུམ་པར་སྐྲུན་བྱ་རྒྱུའི་སྐོར་ལ་བཀའ་འདྲི་ཞུས་པ་ལ། སྐྱབས་རྗེ་བླ་མའི་ཐུགས་དགྱེས་པའི་ངང་ནས་ཁོང་གིས་དངོས་སུ་ཕྱག་བསྟར་གནང་བའི་གསུང་འབུམ་གྱི་མ་ཕྱི་གཡར་གནང་མཛད་པ་མ་ཟད། ལྗགས་རྩོམ་ཐར་ཐོར་གང་སར་འཁྱམས་པ་ལས། ཀུན་ལ་ཕན་ཐོགས་པའི་དགོས་ངེས་ཀྱི་རིགས་ཡིན་ན་མ་གཏོགས། ལག་ལ་གང་ཚུད་དང་། ཡང་ན་རྩོམ་འཕྲོར་ལུས་པ། དོན་མེད་རྩེད་མཚར་ཀྱི་ཚིག་དང་དགོས་མེད་ཀྱི་རིགས་མཆིས་ན་གསུང་འབུམ་དུ་མི་འགོད་རྒྱུ་ཁྱོད་ཅག་གིས་སྣོན་འཁྲིའི་འགན་འཁུར་དང་ལེན་གྱིས་ཞེས་ཞལ་སློབ་གལ་ཆེན་གནང་། དེར་བརྟེན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་རྣམ་པར་ཡར་ཞུ་བྱས་ཏེ། མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད་ཀྱི་དཔེ་ཚོགས་ཀྱི་གྲས་སུ་བཞག་སྟེ་པར་སྐྲུན་བྱ་རྒྱུའི་ལས་ཀྱི་ལྟ་གོན་ལ་ཞུགས།

  དེབ་དང་པོའི་ནང་དུ་མཚོན་ན། གསོལ་འདེབས་ཀྱི་སྐོར་དང་། ཚོགས་བསྡུས་དང་འཕྲིན་བཅོལ་གྱི་སྐོར། སྨོན་ལམ་གྱི་སྐོར། བསང་ཡིག་གི་སྐོར། འདོན་རིམ་དང་བཅའ་ཐབས་ཀྱི་སྐོར། བཅའ་ཡིག་དང་རྟེན་བཤད་ཀྱི་སྐོར་སོགས་བཞུགས་ཡོད་ལ། ཐོག་མར་གསོལ་བ་འདེབས་པའི་དགོས་པ་ནི། ལུང་ལས། བསྙེན་སྒྲུབ་བྱེ་བ་ས་ཡ་ལས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། འདུལ་བ་རིན་པོ་ཆེའི་ཞལ་ནས། བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་པ་ནི་དཀར་པོ་ཆིག་ཐུབ་ཀྱི་གདམས་པ་ཡིན་ཞེས་མདོ་རྒྱུད་ཀུན་ནས་གསུངས་ཡོད་པས། ལམ་ཉམས་སུ་ལེན་པའི་གང་ཟག་ཅིག་ལ་མཚོན་ན་གདམས་ངག་གི་བྱིན་རླབས་འཇུག་ཕྱིར་གསོལ་བ་འདེབས་པ་འདི་ནི་ཤིན་ཏུ་གལ་འགངས་ཆེ་བ་ཡིན།

  དེབ་གཉིས་པར་ཐུན་མོང་རིག་གནས་ཀྱི་སྐོར་ལས། ཀ་རྩོམ་གྱི་སྐོར་དང་། ཞལ་གདམས་ཀྱི་སྐོར། ཤིས་སྨོན་གྱི་སྐོར། ཆབ་ཤོག་གི་སྐོར། སྙན་ངག་རྒྱན་གསུམ་ལས་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཀྱི་སྐོར། ཡིག་གཟུགས་དང་ལྷ་བྲིས་ཀྱི་སྐོར་སོགས་འདུས་ཡོད་ལ། སྙན་ངག་ནི་རྣ་བར་སྙན་ཅིང་ཡིད་དབང་འཕྲོག་པའི་རྗོད་བྱེད་ཀྱི་ཚིག་ལ་ཟེར་བ་ནང་བཞིན། ཚུལ་ཆེན་པཎྡི་ཏས་ཀྱང་། རིག་པའི་གནས་རྣམས་ལས་རིག་གནས་གཞན་ལ་བལྟ་བའི་འདྲེན་བྱེད་དུ་གྱུར་ཅིང་། ཟབ་རྒྱས་ལེགས་བཤད་ཕྲེང་ཚོགས་དྲན་དབང་ཡོངས་ཀྱི་གཟིགས་མོར་སྤེལ་བའི་ཐབས་རྨད་དུ་བྱུང་བ་ནི་སྙན་ཚིག་རིག་པ་ཁོ་ནར་ངེས་ཞེས་གསུངས་པས། དམིགས་བསལ་དུ་མཛད་པ་པོ་ཁོང་ཉིད་དགུང་ལོ་བཅུ་དྲུག་གི་སྟེང་ནས། སྙན་ངག་དོན་རྒྱན་གྱི་སྐོར་ལ་དཔེར་བརྗོད་བཞག་པའི་ཆེས་ཐོག་མའི་སྙན་རྩོམ་གྱི་རིགས་དང་། དེ་མིན་རིག་གསར་གྱི་སྐབས་སུ་ཉེས་མེད་ཁྲི་མུན་དུ་བཞུགས་དུས་རྐྱེན་ངན་གྲོགས་སུ་ཤར་བའི་ཉམས་ཚོད་ལས་བརྩམས་པའི་རྩོམ་རིག་དང་རི་མོ་སྣ་ཚོགས། ཡིག་གཟུགས་ཀྱང་མང་དུ་ཕྱག་བསྟར་གནང་ཡོད་མོད། དེ་ལས་སྣོག་བསུབ་ཏུ་མ་སོང་ཞིང་ཤོག་ཧྲུལ་དུ་གནས་པའི་རིགས་རྣམས་གཤེར་ཕབ་གྲ་དག་བྱས་ཏེ་དེབ་འདིའི་ནང་དུ་རེ་འགའ་དཔེ་མཚོན་གྱིས་གྲུབ་པར་བྱས་ཡོད།

  དེབ་གསུམ་པའི་ནང་དུ། ལམ་རིམ་དང་ཁྲིད་ཡིག་གི་སྐོར། ཚིག་འགྲེལ་དང་དོགས་བསལ་གྱི་སྐོར། རྣམ་ཐར་དང་སྐྱབས་ཞུའི་སྐོར་རྣམས་འདུས་ཡོད་ལ། བྱང་ཆུབ་ལམ་གྱི་རིམ་པ་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་བྱེད་པའི་རྩ་བའི་གཞུང་ལམ་མ་ནོར་བ་ཡིན་པས་ན། ལམ་རིམ་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་ལས། དེ་ཕྱིར་རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ། །མདོ་རྒྱུད་གསུང་རབ་འབུམ་སྡེའི་སྙིང་པོའི་ནོར། །བརྒྱུད་ལྡན་དམ་པའི་མན་ངག་ཟབ་མོ་རྣམས། །ཐར་འདོད་ཡོངས་ཀྱི་འཇུག་ངོགས་མཆོག་ཏུ་སྤེལ། །ཞེས་གསུངས་པ་ལྟར་ལ། བོན་རང་ལུགས་ཀྱི་བཀའ་བརྟེན་གྱི་གྲས་ལས་ལམ་རིམ་གྱི་ཆེས་ཐོག་མ་ནི། བོད་ཀྱི་དྲན་པ་ནམ་མཁས(ཆུ་སྟག་སྟེ་སྤྱི་ལོ༧༠༢ལོར་འཁྲུངས)མཛད་པའི་དྲང་དོན་མུན་སེལ་སྒྲོན་མ་དང་། ངེས་དོན་ནམ་མཁའ་འཕྲུལ་མཛོད་གཉིས་ཀྱི་གཞུང་དོན་ལམ་རིམ་དང་མཐུན་ཡང་། མཚན་དོན་གྱི་ཐད་ནས་ལམ་རིམ་དངོས་ཀྱི་མཚན་རྗེན་པར་མི་གསལ་བས། ལམ་རིམ་གྱི་ཐོག་མར་འཇོག་མི་འཇོག་གི་ཁྱད་ཆེ་ཡང་། རྨེའུ་མཁས་པ་ཚུལ་ཁྲིམས་དཔལ་ཆེན(ཆུ་འབྲུག་སྟེ་སྤྱི་ལོ༡༠༥༢ལོར་འཁྲུངས)གྱིས་མཛད་པའི་ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པ་ལམ་གྱི་རིམ་པའི་རྒྱན་ཞེས་བྱ་བ་དང་། ཡར་མེ་བ་ཤེས་རབ་འོད་ཟེར(ས་ཁྱི་སྟེ་སྤྱི་ལོ༡༠༥༨ལོར་འཁྲུངས)གྱིས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ་གཉིས་ནི་རྩོད་མེད་དུ་བོན་གྱི་ལམ་རིམ་གྱི་ཐོག་མར་བཞེད་པའང་ཡོད། རྣམ་ཐར་ལ་ཡང་། དམ་པའི་རྣམ་ཐར་གཙང་མར་དད་འདི་ཡང་། །དྲིན་ལྡན་བླ་མ་དག་གི་དྲིན་དུ་ཁུམས། །ཞེས་བསྟན་པ་ལྟར་བརྗོད་བྱ་དོན་གྱི་གཤིས་ལུགས་བབ་ཆགས་ཤིང་རྗོད་བྱེད་ཚིག་གི་མེ་ཏོག་རྣམ་པར་བཀྲ་བས། སྐལ་ལྡན་ལེགས་ལམ་ལ་འཁྲིད་པའི་མིག་དཔེ་ལྟ་བུར་མཚོན་པར་བྱས་པ་ཀུན་འདུས་ཡོད།

  དེབ་བཞི་བའི་ནང་དུ་བསྟན་རྩིས་ཀྱི་སྐོར་དང་། དཔྱད་རྩོམ་གྱི་སྐོར་གཉིས་འདུས་ལ། བསྟན་རྩིས་ཀྱི་སྐོར་ནས། སྟོན་མཆོག་བརྒྱ་བའི་མགོན་པོ་སྟོན་པ་གཤེན་རབ་མཆོག་གི་འཁྲུངས་ཚུལ་དང་། ཕན་བདེ་ཀུན་གྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བྱུང་ཚུལ། བསྟན་པ་དེ་འཛིན་གྱི་སྐྱེས་བུ་དམ་པ་རིམ་བཞིན་བྱོན་ཚུལ་གྱི་ལོ་ཚིགས། བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་དུས་ཚིགས་དང་། ཁྱད་པར་དུ་གྲུབ་མཐའ་རིས་སུ་མ་ཆད་པར་བསྟན་འཛིན་གསེར་གྱི་ལྷུན་པོ་ལྟར་བརྗིད་ཆེ་བའི་སྐྱེས་བུ་ཐམས་ཅད་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་རྣམས་ཚད་མ་གསུམ་དང་མ་བྲལ་བར། ཞིབ་མོ་བློ་ཡིས་ཡང་དག་གིས་འཇལ་ཏེ་བཀོད་ཡོད་པ་དང་། དཔྱད་རྩོམ་ལ་ཡང་། གྲུབ་མཐའི་ཕྱོགས་འཛིན་དང་ཆགས་སྡང་གི་མཐའ་གཉིས་སུ་མ་ལྷུང་བར། ཚད་མ་གསུམ་གྱི་རིག་པས་གདར་ཤ་བཅད། ཁྱད་པར་དུ་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུ་སྐབས་དགུ་བ་དང་། བཅུ་བ། བཅུ་གཅིག་པ་རྣམས་སུ་ཕེབས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་གནང་བ་དག་ཀྱང་འདིར་འཁོད་ཡོད།

  དེབ་ལྔ་བར་གཡུང་དྲུང་བོན་གྱི་བསྟན་འབྱུང་མདོར་བསྡུས་སྐལ་བཟང་བློ་མིག་གསལ་བར་བྱེད་པའི་རིན་ཆེན་ཤེལ་གྱི་རྒྱང་མཐོང་ཞེས་བྱ་བ་འདི་ཡང་། ལེའུ་རིགས་རྟགས་བཞིའི་གྲངས་ཀྱིས་མཚོན་པར་བྱས་ཡོད་པ་ལས། ལེའུ་དང་པོའི་ནང་མི་འཇེད་པའི་ཞིང་ཁམས་འདིའི་སྣོད་བཅུད་ཆགས་ཚུལ་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་མཛད་རྣམ་མདོར་བསྡུས། གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དབྱེ་འབྱེད་དང་། བོན་ཆོས་ཀྱི་རྣམ་དབྱེ་མདོར་བསྟན་གྱིས་གསུངས་པ་རྣམས་ནི། བློ་གསལ་དོན་གཉེར་ཅན་རྣམས་ལ་མ་རིག་བློ་མུན་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མེ་རབ་ཏུ་སྦར་བ་ཞིག་སྟེ། བསྡུས་དོན་ཚིགས་བཅད་ཀྱི་སྐབས་སུ་ཡང་། གཞན་ལུགས་སྣ་ཚོགས་རྐང་འཐུང་འཁྲིགས་པའི་ཚལ། །དུམ་བུར་གཅོད་པའི་དགག་བཞག་མཚོན་ཆ་མེད། །རང་ལུགས་ཁོ་ནའི་བཞེད་པ་གཞིར་བཟུང་ནས། །ཕྱོགས་ཡོངས་གཟིགས་པའི་དཔྱད་གཞིའི་ལེགས་སྐྱེས་ཡོད། །ཅེས་གསུངས་པ་ནི་དམ་པ་མཆོག་གི་ལྷག་བསམ་རྣམ་པར་དག་པའི་རང་མདངས་བཅོས་མིན་གཟུགས་སུ་ཕབ་པ་ཞིག་ཀྱང་རེད། ལེའུ་གཉིས་པ་ནི་སངས་རྒྱས་བསྟན་པའི་གཞི་མ་འདུལ་བ་མདོ་ཡི་རང་བཞིན་བསྡུས་དོན་ཙམ་དང་། དེ་དག་གི་བསྟན་པ་བྱུང་འཕེལ་གྱི་རིམ་པ་དངོས་གསལ་ཅན་དུ་སྟོན་ཏེ། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། མདོ་ནི་གང་ལ་ལྗི་ཞིང་བསྒྱུར་མི་གཏུབ། །གང་གི་ནོན་ཞིང་ཆེ་ལ་ལྗི་བ་ཡི། །མི་འགྱུར་གསེར་གྱི་ཐིག་ཆེན་ལྟར་དུ་བཤད། །ཅེས་གསུངས་པ་ལྟར་དང་། ལེའུ་གསུམ་པར་སངས་རྒྱས་བསྟན་པའི་སྲོག་ཤིང་གསང་བ་སྔགས་ཀྱི་བྱུང་རབས་ལྷུག་པོར་བརྗོད་དེ། ཡང་དེ་ཉིད་ལས། རྒྱུད་ནི་མི་འགྱུར་ལྷུན་པོ་ལྟ་བུ་སྟེ། །ཐམས་ཅད་ཀུན་འབྱུང་ངོ་མཚར་ཆེ་བ་ཡི། །སྤྱི་ཁོག་གྲོལ་བ་ཕུན་སུམ་ཚོགས་པར་བཤད། །ཅེས་གསུངས་པ་བཞིན། འཆི་མེད་ཡུམ་སྲས་གཤེན་གསུམ་ནས་གསང་སྔགས་གཡུང་དྲུང་ཐེག་པ་ཆེན་པོའི་བོན་སྐོར་བྱུང་ཚུལ་དང་། ཞང་བོད་རྒྱལ་བོ་རིམ་བྱོན་གྱིས་གསང་བ་སྔགས་ཀྱི་བོན་རྣམས་བདག་གིར་མཛད་ཅིང་ཐུགས་དམ་ཉམས་བཞེས་གནང་བ་དང་། ལོག་སྨོན་བདུད་སེམས་དབང་གིས་བསྟན་པ་ཐེངས་འགར་བསྣུབས་ཀྱང་ཕྱིས་སུ་གཏེར་སྟོན་བརྒྱ་རྩས་ཟབ་གཏེར་དྲངས་ཏེ། གདུང་རབས་བྲུ་ཞུ་སྤ་རྨེའུ་གཤེན་དང་ཁྱུང་གི་རྒྱུད་འཛིན་སོ་སོར་སྤེལ་ཚུལ་དང་དེ་དག་གིས་ཉམས་བཞེས་གནང་ཚུལ། བཀའ་བབས་ཟབ་གཏེར་སྙན་དུ་བབ་ཚུལ་སོགས་ཞིབ་རྒྱས་སུ་གསུངས་ཡོད།

  དེབ་དྲུག་པར་ལེའུ་གསུམ་པའི་གསང་སྔགས་སྐབས་ཀྱི་བསྟན་པ་ཕྱི་དར་གྱི་དབུ་བརྙེས་ནས་བོན་གཏེར་བཏོན་པའི་སྐོར་དང་། ལེའུ་བཞི་བར་བསྟན་པའི་སྙིང་པོ་རང་བཞིན་རྫོགས་པ་ཆེན་པོའི་བོན་སྡེ་བྱུང་ཚུལ་བསྟན་ཡོད་ལ། དེ་ཉིད་ལས། མཛོད་ནི་སྣ་ཚོགས་ངོ་མཚར་ཕུན་སུམ་ཚོགས། །མཉམ་ལ་མ་འདྲེས་སོ་སོར་གསལ་བ་ཡི། །སྣང་འགྱུར་ཟ་འོག་བེར་ཁྱིམ་ལྟར་དུ་བཤད། །ཞེས་གསུངས་པ་ལྟར། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་བདེར་གཤེགས་དགོངས་པའི་བརྒྱུད་པ་དང་། སེམས་དཔའ་བརྡ་ཡི་བརྒྱུད་པ། གྲུབ་ཐོབ་སྙན་ཁུང་གི་བརྒྱུད་པ། སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ་བཅས་ཀྱིས་སོ་སོར་སྤེལ་བའི་བཀའ་གདམས་གསེར་གྱི་ཡང་ཞུན་རྫོགས་པ་ཆེན་པོའི་བྱུང་ཚུལ་བསྡེབས་ཏེ་དཀྱུས་གཅིག་ཏུ་མ་འདྲེས་པ་ཀུ་ཤུའི་རྩེ་ལྟར་ལེགས་པར་བསྟན་པ་དང་། ཞར་བྱུང་དུའང་གཡུང་དྲུང་གི་བོན་རིན་པོ་ཆེ་གངས་ལྗོངས་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བྱོན་ཚུལ་བསྟན་པ་དང་། བྱེ་བྲག་མདོ་སྨད་བྱང་བརྒྱུད་ཀྱི་ཡུལ་ཁམས་ཀུན་ཏུ་འཕྲུལ་ངག་བདེན་པའི་བོན་དར་ཚུལ། ཡང་སྒོས་བྱང་ཕྱོགས་ཨཀྟ་རོང་གི་ཡ་གྱལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྟོད་སྨད་བར་གསུམ་ཀུན་ལ་གཤེན་རབ་བོན་བསྟན་བྱུང་འཕེལ་གྱིས་མཐར་བརྒྱན་ཏེ་བརྗོད་བྱའི་སྙིང་པོ་ལེགས་པར་བསྟན་ཡོད། མདོར་ན་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ཞེས་པ་འདི་ཡི་བརྗོད་བྱ་ཕུན་སུམ་ཚོགས་པར་བསྟན་པ་ལ། རྗོད་བྱེད་ཚིག་གི་ཉམས་མཛེས་ཤིང་འབུར་དུ་ཐོན་པ། རང་བཞིན་ཁ་གསལ་ཞིང་གོ་བདེ་བས་ཆེ་ཆུང་བར་མའི་བློ་ལ་འཚམས་པ། ལོ་རྒྱུས་ཀྱི་བྱུང་ཁུངས་བཙུན་ཞིང་བྲི་ལུགས་བརྡ་སྤྲོད་དང་མཐུན་པ། བདེན་བརྗོད་ཀྱི་བབ་ཆགས་པས་གོང་འོག་ལ་འཁྲུགས་སྡེབ་མེད་པ། ཐོས་ལོ་དང་ཟེར་སྒྲོས་ཙམ་ལ་མ་བརྟེན་པར་བདེན་ལུགས་རྗེན་པར་སྟོན་པའི་བསྟན་འབྱུང་ཁྱད་པར་བ་ཞིག་ཀྱང་ཡིན།

  དེབ་བདུན་པ་ནི་སྐྱབས་རྗེ་མཆོག་གིས་ཞལ་ཁྲིད་ཀྱི་སྐོར་རྣམས་ལས་སྒྲར་ཕབ་པ་དག་ཡི་གེར་བཀོད་པའི་སྐོར་ཡིན་ལ། འདིའི་ནང་གཙོ་བོ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཞེད་གཞུང་ལྟར་ལམ་རིམ་གྱི་སྐོར་ཏེ། དཔལ་ལྡན་བཀྲ་ཤིས་སྨན་རིའི་སྐུ་མདུན་པ་བསོད་ནམས་གཡུང་དྲུང(ཤིང་ཕག་སྟེ་སྤྱི་ལོ༡༥༧༥ལོར་མཉམ་མེད་གསེར་ཁྲིར་ཕེབས)མཆོག་གིས་མཛད་པའི་ལེགས་བཤད་ལམ་གྱི་རིམ་པ་ཚེག་བར་བདུན་ལ་ཤད་བར་དུ་བགྱིས་པ་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་དང་། མདོ་སྨད་ཀྱི་པནྡི་ཏ་ཆེན་པོ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན(ས་བྱི་སྟེ་སྤྱི་ལོ༡༨༨༨ལོར་འཁྲུངས)གྱིས་མཛད་པའི་བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་རྣམ་གཉིས་བཞུགས་ཡོད།

  དེབ་བརྒྱད་པར་སྐྱབས་རྗེ་མཆོག་གི་ཞལ་ཁྲིད་ལས་ཁོང་གིས་མཛད་པའི་ལམ་རིམ་བསྡུས་དོན་དང་། ལས་ལམ་གྱི་ཁྱད་པར། རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཞག ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན(ས་ལུག་སྟེ་སྤྱི་ལོ༡༨༥༩ལོར་འཁྲུངས)གྱིས་མཛད་པའི་སྡོམ་གསུམ་རྣམ་འབྱེད། དབང་བཤད་ཀྱི་སྐོར་རྣམ་པ་བརྒྱད་བཅས་ཡོད།

  དེབ་དགུ་པའི་ནང་དུ། ཀུན་མཁྱེན་ཤར་རྫ་བས་མཛད་པའི་ཐེག་དགུའི་གྲུབ་མཐའི་རྣམ་གཞག་གི་འཆད་ཁྲིད་དང་། གསང་བ་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམ་པར་འབྱེད་པ་ལྷ་གཉེན་ཤེལ་སྒོང་གཉིས་ཀྱི་ཞལ་ཁྲིད་ཆ་ཚང་གཉིས་ཡོད།

  དེབ་བཅུ་པར་སྡེ་སྣོད་རིན་པོ་ཆེ་ཡིད་བཞིན་འབྱུང་བའི་གཏེར་ཞེས་བྱ་བ་ལས་གསང་སྔགས་ཀྱི་ལམ་ལ་འཇུག་པའི་སྒོ་དབང་བཞི་བསྟན་པའི་ཁྲིད་དང་། ཀུན་བཟང་ཉམས་ལེན་ལྔ་སྐོར་གྱི་ཁྲིད། དབལ་གསས་ལས་རིམ་གྱི་སྔགས་འགྲེལ་བློ་གསར་མགུལ་རྒྱན་གྱི་ཞལ་ཁྲིད། ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང་གི་ཁྲིད། འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པའི་ཁྲིད་ཡིག་ཀུན་ཏུ་བཟང་པོའི་སྙིང་ཏིག་གི་ཁྲིད་སོགས་འདུས་པས། རྣམ་པ་ཀུན་ཏུ་སྐྱབས་རྗེ་བླ་མས་དཔེ་ཁྲིད་ཀྱི་སྐོར་ནས་གསུངས་པ་བགྲང་གིས་མི་ལང་ཡང་། ཁོང་ཉིད་ཅུང་ཙམ་ཐུགས་ཉིད་སྒམ་ཞིང་སློབ་མའི་རྒྱུད་ལ་ཨེ་ཕན་སྙམ་པའི་ཐུགས་ཚ་བ་གསུམ་དང་ལྡན་པའི་རང་བཞིན་གྱིས། བཀའ་ཁྲིད་ཀྱི་སྐབས་སུ་སྒྲ་ལེན་དུ་མི་འཇུག་པའི་སྣང་ཚུལ་ཡང་མང་དུ་བྱུང་མྱོང་ལ། དེ་དག་ལས་སྒྲ་ཉར་ཚགས་ཀྱི་རིམ་པ་ཅུང་ཙམ་འཐུས་ཚང་ཡིན་པའི་སྐོར་རྣམས་ཕྱོགས་འདིར་བསྡུས་ཏེ་ཡི་གེར་ཕབ་པ་ཡིན།

  མདོར་ན་སྐྱབས་རྗེ་ཁོང་གི་དྲི་མེད་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་ཞིང་། སྦྱངས་སྟོབས་བརྩོན་འགྲུས་ཀྱི་ཆུ་བོ་རྒྱུན་བཞིན་བབས་པའི་རླབས་རྒྱུན་ཁྲོད། བོན་ཐེག་པ་རིམ་དགུའི་དཀའ་གནད་ལྷུག་པར་གྲོལ་ཞིང་། མདོ་སྔགས་རྫོགས་གསུམ་གྱི་དགོངས་སྤྱོད་ལེགས་པར་བཀྲལ་ནས། གདུལ་བྱའི་མོས་ཁམས་དང་མཐུན་པར་སྐལ་ལྡན་རྗེས་སུ་འཛིན་པའི་སླད་དུ་གསུང་འབུམ་དེབ་བཅུའི་བདག་ཉིད་དུ་གྲུབ་པ་འདི་དག་ནི། ལོ་རྒྱུས་ཀྱི་བྱུང་ཁུངས་རིས་སུ་མ་ཆད་པ། ཕྱོགས་འཛིན་གྱི་གྲུབ་མཐས་དབང་དུ་མ་སོང་བ། བརྗོད་འདོད་ཀྱི་བསམ་བློ་སྒྲོག་གིས་མ་བཅིངས་པ། དྲང་བདེན་གྱི་ཚངས་ཐིག་དཀྱུས་སུ་མ་ཡོ་བར། བསྟན་པའི་སྙིང་པོ་བཤད་སྒྲུབ་ཀྱི་མཛད་ཕྲིན་རྗེས་སུ་བཞག་པ་ལ། གཤེན་རབ་བོན་གྱི་བསྟན་པའི་མཛེས་རྒྱན་དུ་གྱུར་ཏེ། སྡེ་སྣོད་རྒྱ་མཚོར་འཇུག་པའི་ཐོས་བསམ་པ་སྤྱི་དང་། སྒོམ་སྒྲུབ་ཉམས་ལེན་བྱེད་པའི་བསམ་གཏན་པ། བོད་རིག་པའི་རིག་གཞུང་ཆེད་མཁས་པ། ཞིབ་འཇུག་པ་དང་སློབ་གྲྭ་ཆེ་འབྲིང་གི་སློབ་མ་བཅས་ལ་དཔྱད་གཞིའི་ཡིག་ཆར་སྨན་ཞིང་། མཛད་པ་མཐར་ཕྱུངས་ཤེས་རབ་ཀྱི་འོད་སྣང་དཀར་པོས་འཛམ་གླིང་འཛིན་མའི་དཔལ་དུ་དུས་ནམ་ཡང་ཁྱབ་པར་གྱུར་ཅིག་གུ།

  ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།