«གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ»དབུ་འབྱེད་དང་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་བ།
[ཟླ་ཚེས། 2019-07-28 22:07:45][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཁྱུང་པོ་སྟེང་ཆེན་དགོན་དུ་༼གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ་༽དབུ་འབྱེད་དང་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་བ།
སྤྱི་ལོ་༢༠༡༩ལོའི་ཟླ་བ་༧པའི་ཚེས་༢༧་ཉིན་ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་དུ་༼གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ༽དབུ་འབྱེད་མཛད་སྒོ་༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་གཙོ་སྐྱོང་འོག་དགོན་འདིའི་མཁན་སློབ་རྣམ་པ་དང་། ལྡོང་མདོ་ཚང་ལྷ་རིས་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས། ཧོར་གཙང་ལྷ་རིས་དབུ་མཛད་ཆེན་མོ་ལྡོང་ཚ་ནོར་བུ་གཡུལ་རྒྱལ། ཡག་བཟའ་ཚང་ལྷ་རིས་དབུ་མཛད་ཆེན་མོ་སྲུང་སྐྱབས། ལྷ་རིས་དབུ་མཛད་ཆེན་མོ་ཨ་མདོའི་ཁྱི་ཕྲུག ལྷ་རིས་དབུ་མཛད་ཆེན་མོ་མཛོ་ཚང་ལྷུན་གྲུབ་དེ་བཞིན་ལྷ་རིས་ཆེད་མཁས་པ་དུ་མ་གདན་ཞུས་ཐོག འདི་གའི་བཤད་སྒྲུབ་སྒོམ་གསུམ་སོགས་མཉམ་ཞུགས་ངང་རྒྱས་འཚོགས་གནང་། དང་པོར་སྟོན་པ་ཐུགས་རྗེ་ཅན་གྱི་གསོལ་འདེབས་དང་ཁྲུས་གསོལ་སྤྱན་དབྱེའི་ཆོ་ག་རྣམས་དབྱངས་སུ་འཐེན་ནས་ཞལ་ཐང་རིན་པོ་ཆེའི་དར་མཚོན་གྱི་ཡོལ་རས་༧ སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་དབུས་པའི་མཁན་སློབ་རྣམ་པས་དལ་གྱིས་ཕྱེས། དེ་མཚུངས་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཞལ་ཐང་ཀུན་འདུས་ཆེན་མོ་འདི་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་བརྩལ་བ་དང་། ལྷ་རིས་དབུ་མཛད་ཆེན་མོ་ལྡོང་ཚ་ནོར་བུ་གཡུལ་རྒྱལ་མཆོག་ནས་ལྷ་རིས་པ་རྣམས་ཀྱི་འཐུས་ཚབ་གནང་ནས་མཛད་སྒོ་འདི་འབྲེལ་གྱི་གཏམ་བཤད་སྤེལ། དེ་རྗེས་སྒྲུབ་མཁན་བློ་གྲོས་དབང་ཕྱུག་མཆོག་གིས་གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོའི་ལས་གཞིའི་གོ་རིམ་དང་འབྲེལ་ཡོད་མི་སྣ་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གནང་བ་དང་མཚུངས། ཕྱོགས་གཞན་དུ་ཞལ་ཐང་ཆེན་མོ་དཔེ་ཕུད་ཀྱི་མཚན་ཐོ་གསལ་བསྒྲགས་དང་། འདི་གའི་མཁན་སློབ་རྣམ་པ་དང་འདིར་ཆེད་ཕེབས་ཀྱི་ལྷ་རིས་དབུ་མཛད་ཆེན་མོ་དེ་བཞིན་ལས་མི་བ། ཐང་ཀའི་མ་ཕྱི་མཐུན་རྐྱེན་སྩོལ་མཁན་དང་ཞལ་ཐང་གི་སྦྱིན་བདག་ཆེན་མོ་སོགས་ལ་གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ་དང་མགུར་དར་ཕུལ། དེ་ནས་དབུ་འབྱེད་དངོས་གཞི་མཛད་སྒོ་མཇུག་གྲོལ་བ་དང་གདན་བཞུགས་ལྷན་འཛོམས་ཀྱི་འདུས་པ་སྤྱི་ནས་བཀྲ་ཤིས་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱིས་རྗེས་བཏབ་པ་མ་ཟད། འདི་གའི་སྒོམ་གྲྭ་ཁང་ནས་དུས་འཁོར་གྱི་རབ་གནས་གསུངས་ནས་༼གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ༽དབུ་འབྱེད་ཀྱི་མཛད་སྒོ་ཡོངས་སུ་མཇུག་གྲོལ། སྐབས་བབ་ཀྱི་གནས་འཕྲིན་ཐོས་པ་དགའ་བའི་བརྗོད་དོན་རྗེན་ཅར་དུ་རྒྱ་ཆེ་ཀློག་པ་པོ་ཡོངས་ཀྱི་སྙན་ཤལ་རིང་མོར་ཕུལ་ན། རྒྱལ་བསྟན་འཁོར་ལོ་གསུམ་གྱི་བསྟན་མཛད་འཕྲིན་ལ་གཞན་དྲིང་མི་འཇོག་པའི་ཁྱུང་པོ་སྟེང་དགོན་གྱི་ཁྲི་རབས་ཉེར་བདུན་པ ༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་གནད་ལ་སྨར་བའི་རླབས་ཆེན་མཛུབ་སྟོན་འོག གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་ལས་མི་རྣམས་ཀྱིས་དུས་ཚོད་དམ་འཛིན་ལ་སེམས་པ་དམར་ཞིང་། དཀའ་ཚགས་བརྩོན་འགྲུས་ཟབ་མོ་གྲོགས་སུ་སྦྲན་ཏེ། བསྟོད་སྨད་ཁ་མཆུ་བརྒྱ་ཡི་འགག་འཕྲང་བསྒྲལ་ནས་ཡོང་བའི་དེ་རིང་འདི་ནས་བཞུད་ལམ་ལ་ཕྱིར་མིག་ཅེར་ན། འདས་དུས་ཀྱི་ལོ་ཟླ་ནི། དུས་ཚོད་ཡིད་བཞིན་ཀུན་འབྱུང་གི་ཀློང་ནས་དཀའ་ཚགས་ཀྱིས་གྲུབ་འབྲས་འོས་འཚམ་བླངས་ཏེ་གསེར་འོད་འཕྲོ་བའི་ནམ་ཟླ་ཞིག་བརྒྱུད་ཡོད་པ་གཞི་ནས་ཚོར་བྱུང་། དེ་ལྟར་ལོ་ཟླ་རིམ་མང་བརྒལ་བའི་བརྒྱུད་རིམ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་རྨང་གཞིར་བྱས་རྟིང་། དྲི་མ་མེད་པའི་རྒྱལ་བའི་གསུང་རབ་ཚད་ཐིག་ཏུ་བཀོལ་ཞིང་། བསྟན་པ་ཡུལ་དུས་དང་འཚམ་པའི་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་གཟིགས་རྒྱང་མཁའ་ལྟར་ཡངས་པའི་སྐྱེས་ཆེན་ཚོའི་ཐུགས་ཇུས་ཉམས་ལེན་དུ་ཁྱེར་ཏེ། རྩ་བའི་རྒྱ་ཆེ་དད་ལྡན་བོན་འབངས་ཡོངས་ཀྱི་དད་པའི་འདུན་སྒོ་ལ་བསྟུན་ནས་སྔ་ཕྱི་ལས་དོན་ཁག་མུ་ཆགས་སུ་ལག་བསྟར་བྱས་པས་རླུང་རྟ་རྒྱུགས་རྐྱང་དང་། གྲུབ་འབྲས་ཐོབ་རྐྱང་བྱུང་བ་འདི་ཨེ་མ་ངོ་མཚར་ཆེའོོ།། བསྟན་པའི་སྙིང་པོ་ལུང་རྟོགས་ཟུང་གིས་བསྡུས་པའི་གཡུང་དྲུང་བོན་རིན་པོ་ཆེ་འདི་ཉིད་རྒྱུན་གནས་ཐུབ་པ་ལ་བཤད་སྒྲུབ་སྒོམ་གསུམ་འཛུགས་ཏེ་བུ་སློབ་གསོ་སྐྱོང་གནང་རྒྱུ་དེ་ཨང་དང་པོའི་དང་པོ་ཡིན་མོད། བསྟན་པའི་ཆ་རྐྱེན་དང་ལྷག་པར་དུ་མི་རིགས་རང་གི་ཤུལ་བཞག་རིག་གནས་ཁག་འཛམ་གླིང་སྤྱི་ཡི་འཁོར་ཕྱོགས་དང་མཐུན་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པས་ན། ངེད་ཅག་ཀྱང་གནའ་བོའི་བོང་འགྲོས་ལས་དེང་གི་འཕྲུལ་འགྲོས་བརྒྱབས་ཏེ་རིག་གཞུང་རྒྱུད་འཛིན་བྱེད་རྒྱུ་གལ་ཆེན་རེད་སྙམ།
ད་ལན་༧སྐྱབས་རྗེ་ཡོངས་འཛིན་བླ་མས་མཛུབ་སྟོན་ཟབ་མོའི་ཐུགས་རྗེའི་གྲིབ་བསིལ་འོགཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་ཆེད་འདོམས་བཀས་བཀོད་ལྟར་གཙོ་འགན་པ་བཤད་གྲྭའི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་མཆོག་དང་།མཁན་པོ་བློ་གྲོས་དབང་ཕྱུགདགེ་བཤེས་དྲང་སྲོང་རྒྱལ་མཚན།གུར་མདུན་ཤེས་རབ་འོད་ཟེར་རྣམ་པ་བཞི་གཙོར་བྱས།སི་ཁྲོན་ཁྱུང་པོའི་རིག་གནས་འཚོལ་བསྡུ་ཁྱབ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་ལས་མི་ཡོངས་ཀྱིས་གཤེན་རབ་མཐུ་དཔུང་བྱས་ནས།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་གསར་དུ་དཔར་བསྐྲུན་ལེགས་གྲུབ་བྱུང་བའི་༼གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ་༽ཞེས་ལྡོང་ལུགས་རི་མོའི་ཆེད་མཁས་པ་མང་པོས་ལོ་ཟླ་རིང་མོར་འབྲི་བཞེངས་གནང་བའི་ཚད་མཐོའི་ཐང་ཁ་222ཅན་གྱི་པོད་ཆེན་དེབ་གཉིས་ཀྱི་བདག་ཉིད་ཅན་འདི་རྒྱ་ཆེ་བོན་འབངས་ཡོངས་ཀྱི་ཕྱག་སྐོར་དད་རྟེན་བྱ་བའི་སྤོས་དུད་ཀློང་དུ་བཤམ་རྒྱུ་དང་།རི་མོའི་ལམ་དུ་གསར་ཞུགས་སློབ་མ་ཚོས་སློབ་སྦྱོང་གི་མཐོང་ལམ་གསལ་བའི་གཟིགས་རྐྱེན་དུ་ཁྱེར་ཆོག་པ་མ་ཟད།ལྷག་པར་དུ་ཆེད་མཁས་བོད་དང་བོན་གྱི་རི་མོ་ཉམས་ཞིབ་མཁན་རྣམས་ལ་སྔ་ན་མེད་པའི་མཐོང་སྒོ་གསར་པ་འབྱེད་པའི་དགོས་ཕན་ཆེད་སྤྱན་བསྟར་ཞུས་ཡོད།ཞལ་ཐང་ཆེན་མོ་འདི་ཉིད་བཞེངས་བསྐྲུན་བྱས་པའི་བརྒྱུད་རིམ་ནས་ལས་ཀར་སྨན་པའི་བློ་གྲོས་ལེགས་སྐྱེས་སྩོལ་མཁན་གྱི་མཁྱེན་ལྡན་ཡོངས་དང་།ལྷག་པར་དུ་ལན་ཇུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ། དགེ་བཤེས་བསམ་གཏན་གཙུག་ཕུད།དགེ་བཤེས་ཡོན་ཏན་ཕུན་ཚོགས་དང་། ཁྱད་པར་དུ་རྩ་བའི་འགྲོ་གྲོན་གནང་མཁན་འབྲི་རུ་སེན་ཚ་དགོན་པའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་རིན་ཆེན་མཆོག་དང་།ལྷག་པར་དུ་ལན་ཇུ་སློབ་ཆེན་ཀྱི་༼རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གལ་ཆེའི་རྣམ་གྲངས་༽(国家社科重大项目“藏族民间苯教经书“莱坞四典四部广经”的分类整理及研究”阶段性成果,项目编号:15ZDB115。) ནང་ཚུད་ནས་རྒྱབ་སྐྱོར་ཐོབ་པ་དང་། ཀུན་རྟོག་གི་སྤྲོས་པ་ཇི་སྙེད་རི་མོའི་གཟུགས་སུ་ཕབ་ཐུབ་པའི་ལྡོང་ལུགས་ལྷ་འབྲི་རི་མོ་བ་རྣམས་གཙོར་བྱས་ལས་རིམ་འདིར་དངོས་བརྒྱུད་ཅི་རིགས་ནས་ཕན་པའི་སྡོང་གྲོགས་སུ་བྱོན་པའི་མི་བུ་ལྷག་བསམ་ཅན་དག་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་ཡིན།ཆེད་དུ་ཞལ་ཐང་འདིའི་ནང་ཁྱད་དུ་འཕགས་པའི་དགེ་མཚན་གང་ཡོད་དང་།ལས་ཀའི་བརྒྱུད་རིམ་འབུར་དུ་ཐོན་པའི་ཕྱར་གྲུ་མཉམ་འདེགས་གནང་མཁན་དང་གཟེངས་སྐྱེས་གང་ཕུལ་ཡོད་རིགས་ཀྱི་མཚན་ཐོ་རྣམས་གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོའི་དཔར་སྐྲུན་གསལ་བཤད་ནང་ཞིབ་རྒྱས་སུ་བཀྲལ་ཡོད་པས་དེར་གཟིགས་པར་ཞུ།
བླུ་ཉོ་དགོས་མཁན་རྣམས་ལ་གསལ་བཤད།
དཔེ་ཚོང་ཁང་ནས་བླུས་ན། སྒོར། 880 རེད།
དགོན་པའི་འབྲེལ་ཡོད་ཁག་ནས་བླུས་ན། སྒོར། 590 ཡིན།
ས་གནས།
ཁྲི་འདུ། དགེ་བཤེས་བསྟན་པ། 13982188985
ནག་ཆུ། བསྟན་པ་བཀྲ་ཤིས། 18889052888
སྟེང་ཆེན་དགོན། 18989959734
སྟེང་ཆེན་རྫོང་། 13659552287
༢༠༡༩ ལོའི་ཟླ་བ༧པའི་ཚེས༢༧ཉིན་གོ་སྒྲིག་ཚོགས་ཆུང་ནས་སྤེལ།