རྒྱལ་རོང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་པར་དུ་བསྐྲུན་པ།

[ཟླ་ཚེས། 2018-11-21 22:40:17][རྩོམ་པ་པོ། ཚེ་རིང་སྐྱིད།][རྩོམ་ཁུངས། མི་དམངས་དྲ་བ།][ཀློག་གྲངས། ]

1542811318102604.jpg

   སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་རིག་འཛིན་བསྟན་སྲུང་དང་ཡུན་ནན་མི་རིགས་སློབ་ཆེན་གྱི་དགེ་རྒན་དགེ་འདུན་ཨ་ཚོགས་གཉིས་ཀྱིས་བརྩམས་པའི་རྒྱལ་རོང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་ཞེས་པ་ད་ལོ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་སྤྱན་འབུལ་ཞུས་ཡོད། དེ་ཡང་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ཁོངས་གཏོགས་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་ཁམས་འདིའི་ལོ་རྒྱུས་རིག་གནས་ཐད། རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་ཀྱི་ཡུལ་ལུང་གཞན་གྱི་མི་རྣམས་མ་ཟད། ཡུལ་འདིའི་ཕྱི་རབས་པ་རྣམས་ལའང་གསལ་ཁ་ཆེན་པོ་མེད་པར། གཞན་གྱི་ཟེར་སྒྲོས་མ་དག་པ་མང་པོའི་རྗེས་སུ་ཞུགས་པའམ་ལྟ་ཚུལ་ཡང་དག་མ་ཡིན་པ་དེ་རིགས་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་དམིགས་ནས། ད་ལམ་རིག་འཛིན་བསྟན་སྲུང་དང་དགེ་འདུན་ཨ་ཚོགས་རྣམ་གཉིས་ཀྱིས་མ་བསྐུལ་དང་བླངས་སྒོས་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་པ་ཁུངས་ཐུབ་རྣམས་ལ་གཞི་བྱས་ཤིང་གུང་བསྒྲིགས། ས་གནས་དངོས་ལ་ཞིབ་དཔྱོད་དུ་ཐེངས་མང་ཕེབས་ཏེ། རྒྱལ་རོང་གི་ས་གནས་མི་སྣ་དང་ཡུལ་མི་རྒན་གྲས་དག་ལ་སྐུ་བཅར་ངོ་འདྲི་ཞུས་པ་དང་། ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་སོགས་བརྒྱུད་དེ་དེབ་འདི་ལེགས་འགྲུབ་བྱུང་།

1542811318296488.jpg

     དེབ་འདིར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་སྔོན་གྱི་བྱུང་བ་དང་ད་ལྟའི་གནས་བབ་སོགས་བོད་ཡིག་ཏུ་སྔར་མེད་པ་ཁ་གསལ་ཞིང་དོན་འདུས་པའི་སྒོ་ནས་བྲིས་པ་ཡོད་པ་སྟེ། རྒྱལ་རོང་གི་མིའི་རིགས་རུས་དང་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ལོ་རྒྱུས། སྐད་དང་ཡི་གེ། སྲིད་འབྱོར་རིག་གསུམ། ཆོས་ལུགས་དང་དགོན་སྡེ། ཡུལ་སྲོལ་གོམ་གཤིས། ས་དབྱིབས་ཆགས་ཚུལ། མི་སྣ་གྲགས་ཅན། མཁར་རྫོང་། དམངས་ཁྲོད་རིག་གནས་སོགས་གསལ་བར་བཀོད་ཡོད་པར་མ་ཟད། དེ་སྔའི་རྒྱལ་པོ་སོ་སོའི་མངའ་ཁོངས་ཀྱི་དེང་གི་གནས་ཚུལ་ཏེ་རྫོང་དང་སྲིད་འཛིན་ས་ཁུལ། ས་མིང་། གྲོང་རྡལ། ཡུལ་ཤོག་གྲོང་སྡེ་དང་དུད་གྲངས་མི་གྲངས་སོགས་ཀྱང་གསལ་བར་བཀོད་ཡོད་པས། ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་ཡག་པོ་ཞིག་དང་། ཡུལ་འདིའི་ལོ་རྒྱུས་ལ་རྒྱུས་ལོན་རྟོག་ཞིབ་མཁན་དང་མི་རབས་རྗེས་མ་དག་ལ་དཔྱད་གཞིར་རིན་ཐང་ཆེན་པོ་ལྡན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།