རིན་མེད་གཟིགས་འབུལ་གྱི་དེབ་ཕྲེང་གཉིས་ཏེ་བརྡ་སྤྲོད་དང་སྙན་ངག་གི་སྐོར།

[ཟླ་ཚེས། 2018-05-16 23:45:31][རྩོམ་པ་པོ། ཁྱུང་གསེར་ཞུན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180516233807.jpg 

འགོ་བརྗོད།

འདི་སྐད་བདག་གིས་ཐོས་པའི་དུས་ཏེ། ཆེས་སྔ་ས་ཞིག་ནས། གནའ་བོའི་ཞང་བོད་ལྗོངས་ཞེས་ལོ་ངོ་ཁྲི་སྟོང་མང་པོའི་ལོ་རྒྱུས་ཀྱི་སྙན་པ་མཆེད་སའི་གངས་ཅན་པའི་ཕ་ས་འདི་ནས། སྲིད་པའི་གླེགས་བམ་གྱི་རྩིག་པ་རི་བོ་གངས་དཀར་ཏི་སེའི་གཏོས་དང་མཉམ་ཞིང༌། ཤེས་དཔལ་རིག་གནས་ཀྱི་བྱུང་བ་མཚོ་མོ་མ་པང་གཡུ་མཚོའི་ཟབ་ཚད་ལའང་འགྲན་མྱོང༌། དེ་དག་ནི་ཁ་འབབ་ཆུ་བོ་རྣམ་བཞིའི་བཞུར་རྒྱུན་དང་ལྷན་དུ་ཕྱོགས་མཚམས་ཀུན་ཏུ་འགྲོགས་ཤིང༌། རྒྱ་གར་དང༌། རྒྱ་ནག ཨོ་རྒྱན། བྲུ་ཤ་སོགས་རི་བོ་གངས་ཅན་པའི་འདབས་འབྲེལ་གྱི་ཡུལ་གྲུ་སྟེ། ཡ་གླིང་སྐམ་ས་ཆེན་མོའི་ཕྱོགས་མཚམས་ཀུན་ཏུ་ཤེས་དཔལ་གྱི་མེ་ཏོག་བཞད་པས། འདས་ལོ་སྟོང་ཚོ་མང་པོའི་རིང༌། གླིང་ཆེན་འདིའི་མི་རྣམས་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པ་ཞིག་རྒྱས་འགོ་ཚུགས་པ་ཡིན། ཆེས་གནའ་བོའི་ཞང་བོད་ཀྱི་གླེགས་བམ་ཧྲུལ་པོ་དག་ན་མཁས་པ་ལོ་པཎ་གྱི་རྒྱུད་རིམ་མུ་ཏིག་ཕྲེང་བ་ལྟར་ཚར་དུ་དངར་ཞིང༌། འཛམ་གླིང་མཁས་པའི་རྒྱན་དྲུག་དང་ཞང་བོད་མཁས་པ་མི་བཞི་སོགས་བོད་ཀྱི་མཁས་གྲུབ་ལོ་པཎ་དག་གིས་དེ་འབྲེལ་སྒྲ་ཚད་རིག་པའི་གཞུང་ལུགས་ཀྱི་བོན་སྡེ་གང་མང་ཞིག་ལོ་ཙཱ་རུ་བསྒྱུར་ཞིང་གཏན་ལ་ཕབས་པས་མཚོན། ཆེས་གནའ་བོའི་དུས་ནས་ལྗོངས་འདིར་ལོ་པཎ་མཁས་གྲུབ་ཀྱི་ཞིང་ས་ཆེན་པོ་ཞིག་ཀྱང་གྱུར་མྱོང་ཡོད། དེ་ལྟར་ནའང་འགོག་མེད་དུས་ཀྱི་འགྱུར་ལྡོག་ཇི་སྙེད་ཀྱི་དབང་གིས་གངས་ཅན་པའི་ཤེས་དཔལ་རིག་གནས་ཀྱི་རྩ་ལག་ཁག་ལ། དུས་དང་ཚད་གཞི་མི་འདྲ་བའི་གོད་ཆག་ལན་མང་འཕྲད་དེ། ནུབ་རིའི་རྩེ་མོ་ནས་བཞུད་ལ་ཉེ་དུས་ཕྱི་དར་བསྟན་པའི་སྲོལ་འབྱེད་རྣམ་པ་དང༌། རྒྱུད་འཛིན་མཁས་དབང་རིམ་བྱོན་དག་གིས་སླར་ཡང་ཤེས་རིག་གི་བསྟན་པའི་ཉི་མ་གང་ཉིད་ཤར་རིའི་ཕྲག་པ་ནས་ལན་མང་བསུས་ཤིང་བླ་མེད་ཀྱི་མཛད་རྗེས་བསྐྲུན་དང་སྐྲུན་བཞིན་མཆིས། དུས་མཚུངས་སུ། ཕྱི་དར་མཁས་གྲུབ་ལོ་པཎ་དུ་མས་གནས་ལྔ་རིག་པའི་རྩ་གཞུང་ཇི་སྙེད་ཅིག་ལ་འཆད་རྩོད་སྤྱི་དང་ཡང་ཁྱད་འགྲེལ་དང་རྩོམ་པའི་ཕྱག་ལེན་མང་དུ་བཏབ་སྟེ་གངས་ཅན་པའི་ཤེས་དཔལ་རིག་གནས་ལ་ཐོས་བསམ་གྱི་ཚ་རླབས་གསར་པ་ཞིག་ཀྱང་རྒྱས་འགོ་ཚུགས། དེ་རིང་དང་ཁ་སང་ཞེས་དུས་རབས་ཀྱིས་མགྲོན་དུ་བོས་པའི་ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་འདིར། རིགས་ཞེན་གྱི་བསམ་བློའི་འཁྱེར་སོ་ལག་ལེན་དང་བཅས་པ་ཡ་མ་བྲལ་བའི་མི་བུ་སྐོར་ཞིག་གིས། སོ་སོའི་ཐུབ་ཚོད་ནུས་ཚོད་ཀྱི་སྒོ་དུ་མས་ཕ་དང་མེས་པོའི་ཞབས་རྗེས་དེ་རིགས་བློས་བཏང་མ་ཕོད་པར། གནའ་སྲོལ་རྒྱུད་འཛིན་དང་རིག་གཞུང་དར་སྤེལ་གྱི་ལས་འགུལ་ཟམ་མ་ཆད་པར་སྤེལ་མུས་སུ་མཆིས་པ་འདི་ནི་དགའ་འོས་པའི་དོན་བཟང་ཞིག་ཏུ་བརྩི་བར་ཅིའི་ཕྱིར་མི་འོས། གཤམ་ནས་དེ་ལྟ་བུའི་རྣམ་དཀར་གྱི་བྱ་བཟང་ཞིག་ཀྱང་ཆེད་དུ་ངོ་སྤྲོད་ཞུ་བར་སྤྲོ།

ཁམས་སྟོད་སྦྲ་ཆེན་ཕྱུག་མོའི་ལྗོངས་ནས་ལང་ཚོའི་ཁོ་ལག་རྒྱས་པའི་སྐུ་ཞབས་བོན་གཤེན་ཚེ་བརྟན་ལགས་ཀྱིས། དེ་ལྟ་བུའི་རིགས་ཀྱི་ཞེན་པ་དཀར་པོ་དང་དུ་བླངས་ཏེ། བོན་ལུགས་ཀྱི་བརྡ་སྤྲོད་པའི་གཞུང་ཆེན«བརྡ་སྤྲོད་ཉི་ཤུ་བདུན་པ»རྩ་འགྲེལ་ཆ་ལག་དང་བཅས་པ་དང༌། དེ་བཞིན«སྙན་གཞུང་ཆེན་མོ་རིན་ཆེན་ལྡེ་མིག»དང༌། དེ་འབྲེལ«མངོན་བརྗོད་རིན་ཆེན་ཕྲེང་བ»བཅས་ཕྱོགས་བསྡུས་ཀྱིས་ཁྱོན་དེབ་ཕྲེང་གཉིས་ལས་གྲུབ་པའི་དཔེ་ཆ་སྐོར་ཞིག་དེང་རབས་ཀྱི་འགྲོས་ལྟར་དེབ་གཟུགས་ཀྱི་རྣམ་པའི་ཐོག་ནས་པར་དུ་བསྐྲུན་ཏེ། རིན་མེད་ཀྱིས་འགྲེམས་སྤེལ་བྱེད་པའི་སྐོར་ནས་ཡིན། དེ་ཡང་དེབ་ཕྲེང་དང་པོའི་ནང་དུ«བརྡ་སྤྲོད་ཉི་ཤུ་བདུན་པ»དང༌། «བརྡ་སྤྲོད་ཉེར་བདུན་པའི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ»དེ་གཉིས་ཀྱི་ཟུར་རྒྱན་ཁྲི་ཀ་བ་སྦྲ་སར་ཀུན་བཟང་རྒྱལ་མཚན(1838-1904)གྱིས་བརྩམས་པའི(1885)མིང་གཞིའི་བསྟན་བཅོས«བརྡ་དག་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ»ཞེས་པའང་མཉམ་དུ་བསྡུས་འདུག བརྡ་སྤྲོད་ཉེར་བདུན་པའི་རྩ་འགྲེལ་གཉིས་པོ་ནི། མཁས་དབང་ཚུལ་ཁྲིམས་རྒྱལ་མཚན་ནམ་ཡོངས་གྲགས་སུ་གཤེན་མཁས་གྲུབ(1783- )ཅེས་གསོལ་བའི་བཅུ་ཕྲག་རིག་པའི་གནས་ཀུན་ལ་མངའ་བརྙེས་པའི་མཁས་དབང་དེ་ཉིད་ཀྱིས་མཛད་པ་ཡིན། འདི་ནི་བོད་གངས་ཅན་གྱི་བརྡ་སྤྲོད་པའི་གཞུང་ལུགས་ཁུངས་མ་ཞིག་ཏུ་ངེས་ཏེ། བསྟན་བཅོས་འདིའི་ཁུངས་བཅོལ་བཀའ་ལུང་རྣམས་ནི། སྟོན་པ་གཤེན་རབ་ཀྱིས་མཛད་པའི་སྲིད་པའི་མཛོད་ཕུགས་དང༌། མ་རྒྱུད། མདོ་གཟེར་མིག་སོགས་གནའ་བོའི་ཞང་བོད་ཀྱི་དཔེ་རྙིང་གཙིགས་ཆེ་བ་རྣམས་ཡིན་ཞིང་དཔེ་རྙིང་འདི་དག་གི་སྦུབས་སུ་འཁོད་པའི་ཡི་གེའི་མཚན་ཉིད་དང༌། དབྱངས་གསལ་གྱི་གྲངས་དབྱེ། འབྱུང་ཁམས་ཀྱི་སྐྱེ་གནས་སོགས་ཐུན་མིན་བོད་ཀྱི་བརྡ་སྤྲོད་རིག་པའི་ཁྱད་ཆོས་འབུར་དུ་དོད་ཅིང༌། ལོ་རྒྱུས་ཀྱི་འཕེལ་རིམ་ཆ་ནས་བཤད་ན་ཧ་ཅང་དོན་སྙིང་ལྡན་པ་བཅས་ཡིན། དེ་བཞིན«བརྡ་དག་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ»ཡང་བརྡ་སྤྲོད་ཉེར་བདུན་པའི་མིང་གི་སྐོར་རྒྱས་པར་ཟུར་དུ་གཏན་ལ་ཕབས་པ་ཡིན་ལ། འདིར་ཡང་གནའ་བོའི་ཞང་ཞུང་དང་བོད་སྐད་བརྡ་རྙིང་རིགས་མང་ཞིང་ཐུན་མིན་གྱི་ཁྱད་པར་ལྡན་པའི་གཞུང་བཟང་པོ་ཞིག་ཡིན།

微信图片_20180516233813.jpg

དེབ་ཕྲེང་གཉིས་པའི་ནང་དུ«སྙན་ངག་རྒྱན་གསུམ་གསུམ་གསལ་བའི་མེ་ལོང»དང༌། «སྙན་གཞུང་ཆེན་མོ་རིན་ཆེན་ལྡེ་མིག» དེ་འབྲེལ«མངོན་བརྗོད་རིན་ཆེན་མཛེས་པའི་ཕྲེང་བ»བཅས་འདུས་ཡོད་ལ། དེ་ཡང«སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག»འདི་ཉིད་ནི། གདན་ས་གཡུང་དྲུང་གླིང་གི་དཔོན་སློབ་ཡོངས་འཛིན་ཆེན་མོ་ཚུལ་ཁྲིམས་རྒྱལ་མཚན་མཆོག(1893-1960)གིས་བརྩམས་གནང་བ་ཞིག་སྟེ། ཁུངས་ཀྱི་བྱུང་རིམ་ཡར་དེད་ཀྱིས་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་སོགས་ལ་གཞི་བཅོལ། དེ་ལ་སྙན་ངག་གི་བསྟན་བཅོས་ཆེན་མོ་གཙང་གཤེན་དགོངས་རྒྱན་གྱིས་གནད་བཀྲོལ། གཞན་རིག་གཞུང་སྤྱི་ཡི་བྱུང་རིམ་དང་ཁྱད་པར་ཞང་བོད་སྟག་གཟིག་སོགས་ཀྱི་སྐད་རིགས་ཀྱིས་རྨང་བཏིང༌། ངོ་བོ་ལུས་སྲོག་རྒྱན་གསུམ་དང༌། མཚན་ཉིད་ཁྱད་པར་བཞི་ལྡན་གྱིས་ཁོག་ཕུབ། ཐུན་མོང་དང་ཐུན་མིན་གྱིས་རྒྱན་གཉིས་ལ་ཡ་ཐོག་ཞང་བོད་སྒྲ་རིག་པའི་སྡེབ་སྦྱོར་ལྟར་ཁྱད་པར་འབུར་ཐོན་དང༌། སྐབས་ཀྱི་རྒྱན་རེ་རེ་བཞིན་སྤྱི་ཡི་མཚན་ཉིད་དང༌། དབྱེ་བ། ནང་གསེས་སོ་སོའི་དོན་དང་མཚན་གཞིའི་དཔེར་བརྗོད། དོན་བསྡུ་བའི་སྡོམ་ཚིག་གིས་ཆིངས་སུ་བསྡུས་ཏེ། དོན་གཉེར་གདུལ་བྱ་མཆོག་དམན་བར་གསུམ་གང་ལའང་འཇུག་པ་བདེ་ཞིང་ཆ་ཚང་བའི་རྩ་འགྲེལ་ཟུང་མཐུན་གྱི་རིག་གཞུང་རྨད་དུ་བྱུང་བ་ཞིག་ལགས་སོ།། དེའི་ཆ་རྐྱེན«མངོན་བརྗོད་རིན་ཆེན་མཛེས་པའི་ཕྲེང་བ»ནི་གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན(1783- )མཆོག་གིས་བརྩམས་མཛད་པ་དང༌། གཞུང་འདིར་བོད་ཀྱི་མངོན་བརྗོད་རིག་པའི་སྤྱི་སྲོལ་ལྟར་འཁོད་པ་ཙམ་དུ་མ་ཟད། ཡང་ཁྱད་ཞང་བོད་གནའ་བོའི་བརྡ་རྙིང་དང༌། ལྷག་པར་བོན་གཞུང་ལས་མཇལ་དཀའ་བའི་མིང་གི་སྐོར་ཕུན་སུམ་ཚོགས་པའི་གཞུང་ཁྱད་པར་བ་ཞིག་ཀྱང་ཡིན་པས་དེའི་སྐོར་ལ་མཁྱེན་འདོད་དོན་གཉེར་ཅན་དག་ལ་མཁོ་གལ་ཆེ་བ་ཞིག་ཡིན་པའང་སྨོས་ཅི་དགོས། དེ་ལྟར་ད་ཐེངས་བསྟན་བཅོས་འདི་དག་པར་དུ་སྐྲུན་མཁན་བོན་གཤེན་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པར་དོན་གཉེར་ཅན་གྱི་གཞོན་སྐྱེས་སློབ་གཉེར་བ་ཚོ་ལ་སློབ་སྦྱོང་གི་མཐུན་རྐྱེན་བཟང་པོ་ཞིག་ཏུ་ཆེད་དམིགས་ཀྱིས་པར་དུ་བསྐྲུན་པ་ཞིག་ཡིན་འདུག

དེབ་འདི་པར་སྐྲུན་བ་ཁོང་ནི། མཐོ་སྒང་སྦྲ་ནག་གི་ཐུ་འོག་ནས་ལང་ཚོའི་ཨག་རྒྱངས་བསྒྲགས་ཏེ། ལྷས་འདབས་དང་རྩྭ་ཐང་ནས་ན་ཚོད་སྨིན་ཡང༌། གཞི་རྩའི་ལྟ་བ་རྩྭ་སའི་རྩོད་གླེང་ངམ། ཚོད་མེད་ཀྱི་ཤོ་བག གཡམ་རྒྱུག་གི་རྟ་འདུར་སོགས་ལ་མགོ་བོ་མ་འཁོར་བར། ཁ་བ་བོད་པ་ཚང་གི་བླ་དང་སྲོག་ཏུ་གྱུར་པའི་སྐད་ཡིག་གི་རིག་གཞུང་རྩ་ལག་གང་ལའང་དུང་ཞེན་དང༌། ཕ་ཡུལ་གཙོས་པའི་གཞི་རིམ་གྱི་མང་ཚོགས་རྣམས་ལ་སློབ་གསོའི་སྣེ་ཁྲིད་ཟམ་མ་ཆད་པར་སྤེལ་དང་སྤེལ་མུས་བཞིན། དེ་བཞིན་བོད་ཀྱི་གཞོན་སྐྱེས་རྣམས་ལ་ཤེས་རིག་ཡར་སྐུལ་གྱི་སློབ་གསོའི་སྣེ་ཁྲིད་ཆེད་དུ། སྔ་ལོར་ངོས་ཀྱིས་རྩོམ་སྒྲིག་བགྱིས་པའི«བརྡ་འགྲེལ་བློ་གསར་འཇུག་པའི་ལམ་བཟང»ཞེས་པ་མ་བསྐུལ་དང་བླང་གི་སྒོ་ནས་ཚར་ཉིས་སྟོང་ཙམ་པར་དུ་བསྐྲུན་ཞིང་རིན་མེད་ཐོག་དཔེ་སྦྱིན་གནངས་པས་དུས་ཐོག་གི་ཆར་པའི་དཔེ་ལྟར་དགེ་ཕན་ཅི་ཆེ་བྱུང༌། གཞན་ཡང་སློབ་གསོའི་ཐེབས་རྩ་རུ་དམིགས་ཏེ་བོད་ཀྱི་སྤྱི་ཚོགས་ནང་དུ་དཔལ་འབྱོར་གྱི་མ་རྩ་གང་མང་བཏང་དང་གཏོང་བཞིན་ཡོད། དེ་ལྟར་ཡུལ་མི་དཀྱུས་མའི་འཚོ་བ་རོལ་ཞོར་དུ་ཚོང་ལས་ཙག་ཙིག་རེ་སྒྲུབ་བཞིན་པ་ལས། གཞན་པའི་ལས་གནས་དང་ཟླ་ཕོགས་སོགས་གང་ཡང་མེད་པའི་མི་སེར་དཀྱུས་མ་ཞིག་གིས་སོ་སོའི་མི་རིགས་དང་སྐད་ཡིག་རིག་གནས་ལ་འདི་ལྟ་བུའི་དུང་ཞེན་དང་བྱ་བཟང་རེ་སྒྲུབ་པ་ནི་ཆེས་གུས་བརྩི་ཞུ་འོས་པའི་གནས་སུ་མཐོང་བ་བཅས།

དགེ་མིང་ཙམ་འཛིན་པ་བསྟན་འཛིན་རྣམ་རྒྱལ་གྱིས།

2018/4/18ཉིན་རང་གནས་གདན་ས་སྨིན་གྲོལ་གླིང་སྤུ་རྒྱལ་རིག་སློབ་ཁང་དུ་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།