རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ་གྱི་དཔྱད་རྩོམ་གཅེས་བསྡུས་པར་དུ་བསྐྲུན་པ།
[ཟླ་ཚེས། 2017-12-22 10:01:48][རྩོམ་པ་པོ། རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྨེའུ་ཚ་བསྟན་འཛིན་རྣམ་རྒྱལ་གྱི་དཔྱད་རྩོམ་གཅེས་བསྡུས་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
ནང་དོན་ངོ་སྤྲོད།
གླིང་གི་སྙིང་པོ། གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་འགོ་བོ། རི་མཐོ་ས་གཙང་། མྱི་མཛངས་ཤེས་དཔའ་རུ་སྐྱེ། རྟ་མགྱོགས་སུ་འཕེལ་བའི་གནས་སུ་གྲགས་པའི་ཁ་བ་ཅན་གྱི་ཞིང་འདི། མི་ལོ་སྟོང་གི་ལོ་རྒྱུས་མངའ་ལ་རིག་གནས་གཞུང་ལུགས་ཆ་རྫོགས་པའི་ངོ་མཚན་ཅན་གྱི་ཡལ་གྲུ་ཞིག་ཡིན། ཉེ་བའི་ལོ་ཤས་ནང་དུ་བོད་ཤེས་རིག་ཀྱི་ཞིབ་འཇུག་བྱ་བཞག་ནི་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཤུགས་ཆེན་བྱུང་ནས། རྒྱལ་ཕྱི་རྒྱལ་ནང་དུ་རྒན་དར་གཞོན་གསུམ་ལས་གྲུབ་པའི་སེར་སྐྱའི་ཞིབ་འཇུག་དཔུང་ཁག་སྟོབས་ཆེན་དུ་གྱུར་ཡོད་ལ་གཡུར་དུ་ཟ་བའི་ཞིབ་འཇུག་འབྲས་བུ་ཡང་འབོར་ཆེན་ཞིག་ཐོན་ཡོད། དེ་ལྟར་ད་ཐེངས་ཁོ་བོའི་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་གཅེས་བསྡུས་འདིར་ནི། 《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སློབ་གྲྭ་ཆེན་མོའི་དུས་དེབ》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《བོད་ལྗོངས་ནང་བསྟན》《བོད་ཀྱི་དམངས་ཁྲོད་རྩོམ་རིག》《གངས་ལྗོངས་རིག་གནས》《ལྷ་ས་སྐྱིད་ཆུ》《མུ་ཁྲི་བཙན་པོ》《བདག་པོ》སོགས་ཀྱི་དུས་དེབ་ཁག་ནང་དུ་འགྲེམས་སྤེལ་བྱས་ཟིན་པའི་ཁོ་བོའི་དཔྱད་རྩོམ་ནང་ནས་དཔྱད་རྩོམ་སུམ་ཅུ་ལྷག་རྩམ་གཅེས་སུ་བཏུས་ཡོད། འདིའི་ནང་དོན་གཙོ་བོ་ནི་བོན་གྱི་གདུང་རྒྱུད་ཆེན་མོ་དྲུག བོན་གྱི་གྲྭ་ས་གོང་འོག་གཉིས། བོན་གྱི་གྲྭ་སའི་མཁན་སློབ་དང་ལས་སྣེ་ཁག བོན་གྱི་གྲྭ་སའི་བཅའ་ཡིག བོན་གྱི་འཆམ། བོན་གྱི་གཟུངས་བཞུགས་ཀྱི་རྫས་བསགས་ཐབས། བོན་གྱི་མཆོད་རྟེན་རྣམ་གྲངས་དང་ཐིག་རྩ། བོན་གྱི་དཀྱིལ་འཁོར་གྱི་རྣམ་གཞག་དང་ཐིག་རྕ། འབྱུང་རྩིས་ཀྱི་སྤར་ཁ། འབྱུང་རྩིས་ཀྱི་སྨེ་བ། བོད་མིའི་ལོ་ཟླ་ཞག་དུས་ཀྱི་བརྩི་སྒོ། ལོ་རྒན་དྲུག་ཅུའི་སྲོག་ལུས་དབང་ཀླུང་། དར་གུད་བཅུ་གཉིས། རྡེལ་དཀར་ནག་ཁྲ་གསུམ། བོད་མའི་སྐག ཚེ་རབས་ལས་རྩིས། བག་རྩིས། གཤིན་རྩིས། བོད་ཀྱི་བྱ་འཕིར། བོད་ཀྱི་ཀི་རམ། དེ་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཁོར་ཡུག་སྲུང་སྐྱོབས་ལ་བདག་སྐྱོང་གི་ནུས་པ་ཇི་ལྟར་ཐོན་ལུགས་སྐོར་སོགས་བོད་ཀྱི་ཆོས་ལུགས་དང་། དམངས་སྲོལ། འབྱུང་རྩིས། བླ་མའི་ལོ་རྒྱུས། རོལ་རྩེད། སྒྱུ་རྩལ། རྩོམ་རིག་སྐོར་སོགས་ལ་ཞིབ་འཇུག་བྱས་པའི་བརྗོད་བྱའི་ནང་དོན་ཅུང་ཕུན་སུམ་ཚོགས་པས་བཅིངས་ཡོད། དཔྱད་རྩོམ་དེ་དག་ནི་ཁོ་བོས་ལོ་མང་རིང་ས་ཡུལ་དངོས་སུ་བསྐྱོད་དེ་རྟོགས་ཞིབ་དང་བདེན་འཚོལ་བྱས་པའི་འབྲས་བུ་འགའ་ཞིག་ཡིན་པས། འདིས་བོད་རིག་པའི་ཞིབ་འཇུག་གི་དཔྱད་འབྲས་གྱ་ནོམ་པ་ཡོང་རྒྱུར་ཕན་པ་ཅུང་ཟད་ཙམ་ཞིག་ཐོབ་རེའི་ཆེད་དུ་ལགས། །
དཀར་ཆག
༼ ༡ བོན་གྱི་གདུང་རྒྱུད་ཆེ་ཁག་དང་དེའི་གྲྭ་སའི་སྐོར།
༼ ༢ བོན་གྱི་གདན་ས་གོང་མ་དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་གྱི་སྐོར་མདོ་ཙམ་གླེང་བ།
༼ ༣ བོན་གྱི་གདན་ས་འོག་མ་རུ་ལག་གཡུང་དྲུང་གླིང་གི་སྐོར་མདོ་ཙམ་གླེང་བ།
༼ ༤ བོན་གྱི་གྲྭ་སའི་བཅའ་ཡིག་སྐོར་རོབ་ཙམ་གླེང་བ།
༼ ༥ བོན་གྱི་གྲྭ་སའི་འཆམ་གྱི་སྐོར་མདོ་ཙམ་བརྗོད་པ།
༼ ༦ བོན་གྱི་མཆོད་རྟེན་རྣམ་གྲངས་དང་ཐིག་རྩའི་སྐོར་དབྱེ་ཞིབ་བྱས་པ།
༼ ༧ བོན་གྱི་རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པའི་དཀྱིལ་འཁོར་གྱི་རྣམ་གྲངས་དང་ཐིག་རྩའི་སྐོར་གླེང་བ།
༼ ༨ བོན་གྱི་བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པའི་དཀྱིལ་འཁོར་རྣམ་གྲངས་དང་ཐིག་རྩའི་སྐོར་གླེང་བ།
༼ ༩ བོན་གྱི་དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པའི་དཀྱིལ་འཁོར་གྱི་རྣམ་གྲངས་དང་ཐིག་རྩའི་སྐོར་གླེང་བ།
༼ ༡༠ བོན་གྱི་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའི་དཀྱིལ་འཁོར་རྣམ་གྲངས་དང་ཐིག་རྩའི་སྐོར་གླེང་བ།
༼ ༡༡ བོན་གྱི་སྐུ་བརྙན་མཆོད་རྟེན་ལ་གཟུངས་བཞུགས་འབུལ་སྐབས་ཀྱི་རྫས་བསགས་ཐབས་སྐོར་གླེང་བ།
༼ ༡༢ སྨྲ་དབང་ཆེན་པོ་ཉི་མ་བསྟན་འཛིན་གྱི་སྐུ་ཚེ་ཧྲིལ་པོར་གདེང་འཇོག་ཆེ་ལོང་ཙམ་བྱས་པ།
༼ ༡༣ བོད་ཀྱི་འབྱུང་རྩིས་རྣམ་བཞག་སྐོར།
༼ ༡༤ འབྱུང་རྩིས་ཀྱི་སྤར་ཁའི་བརྩི་སྒོའི་སྐོར་མདོ་ཙམ་གླེང་བ།
༼ ༡༥ འབྱུང་རྩིས་ཀྱི་སྨེ་བའི་སྐོར་རོབ་ཙམ་གླེང་བ།
༼ ༡༦ བོད་མིའི་ལོ་ཟླ་ཞག་དུས་ཀྱི་བརྩི་སྒོའི་སྐོར་ལ་མདོ་ཙམ་བརྗོད་པ།
༼ ༡༧ ལོ་རྒན་དྲུག་ཅུའི་སྲོག་ལུས་དབང་ཀླུང་བླ་བཅས་ཀྱི་འབྱུང་ཁམས་སྐོར་རོབ་ཙམ་གླེང་བ།
༼ ༡༨ དར་གུད་བཅུ་གཉིས་ལ་དབྱེ་ཞིབ་རོབ་ཙམ་བྱས་པ།
༼ ༡༩ འབྱུང་རྩིས་ཀྱི་དཀར་ནག་ཁྲ་གསུམ་གྱི་རྡེལ་བོར་ཚུལ་སྐོར་གླེང་བ།
༼ ༢༠ བོད་མིའི་སྐག་གི་སྐོར་ལ་དཔྱད་པ།
༼ ༢༡ བོད་ཀྱི་དམངས་སྲོལ་ལས་ཚེ་རབས་ལས་རྩིས་ཀྱི་སྐོར།
༼ ༢༢ བོད་ཀྱི་གཉེན་སྲོལ་ལས་བག་རྩིས་ཀྱི་སྐོར་མདོ་ཙམ་གླེང་བ།
༼ ༢༣ བོད་མིའི་འདས་མཆོད་ཀྱི་གཤེན་རྩིས་སྐོར་མདོ་ཙམ་གླེང་བ།
༼ ༢༤ ཀོང་པོ་བོན་རི་དང་དེའི་ཉེ་འཁོར་གྱི་དགོན་པ་ཁག་གི་སྐོར་མདོ་ཙམ་གླེང་བ།
༼ ༢༥ བོད་ཀྱི་བྱ་འཕིར་སྐོར་ལམ་ཙམ་གླེང་བ།
༼ ༢༦ མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ལ་གདེང་འཇོག་ཆེ་ལོང་ཙམ་སྤེལ་བ།
༼ ༢༧ བོད་ཀྱི་ཀི་རམ་རོལ་རྩེད་སྐོར་གླེང་བ།
༼ ༢༨ དཔལ་ལྡན་བླ་མ་མཁས་གྲུབ་སྐྱབས་རྗེ་འཇིགས་མེད་ནམ་མཁའ་གཡུང་དྲུང་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།
༼ ༢༩ བོད་ཀྱི་དམངས་སྲོལ་དང་འབྲེལ་བའི་རང་བྱུང་ཁོར་ཡུག་གི་བདག་སྐྱོང་སྐོར་གླེང་བ།
༼ ༣༠ བོད་ཀྱི་སྔ་རབས་ཁྲིམས་སྲོལ་བཅའ་ཡིག་གིས་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་གི་ནུས་པ་ཐོན་པའི་སྐོར་གླེང་བ།