རྒྱལ་གཤེན་རིག་མཛོད་དཔེ་ཚོགས་པར་དུ་བསྐྲུན་པ།
[ཟླ་ཚེས། 2016-05-13 19:06:10][རྩོམ་པ་པོ། གངས་ཅན་རིག་མཛོད་གླེང་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་གཤེན་རིག་མཛོད་དཔེ་ཚོགས་ཀྱི་དེབ་ཕྲེང་བཞི་པར་སྐྲུན་གནང་བ།
གཡུང་དྲུང་བོན་ལུགས་ཀྱི་སྐྱེས་ཆེན་དམ་པ་གང་མང་ཞིག་གིས་བླ་མེད་རྫོགས་པ་ཆེན་པོའི་སྙན་བརྒྱུད་བཀའ་བརྒྱུད་དགོངས་བརྒྱུད་ཀྱི་འདུས་མདོ་སྟེ། རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་དགོངས་བཞེད་ལྟར་དཀའ་བ་ཁྱད་བསད་ཀྱིས་ཞང་ཞུང་སྙན་བརྒྱུད་ཀྱི་བོན་སྐོར་འཚོལ་བསྡུ་དང་བརྟག་ཞིབ། དཔེ་སྐྲུན་བྱས་ཏེ་གདོང་དམར་བོད་ཀྱི་ཕ་ནོར་དྭངས་མ་འདི་ཀོ་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཆེན་པོའི་བགོ་སྐལ་དུ་ཆུ་བུར་མིག་གི་མཐོང་ཆོས་སུ་བསྟར་ཏེ་རིམ་བཞིན་རྒྱལ་ནང་ལ་མཚོན་ན། སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་ཞེས་དེབ་ཉི་ཤུ་རྩ་གཅིག་ཅན་དང་། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཞེས་དེབ་ཉེར་ལྔ་ཅན་དང་། སྒོ་བཞི་མཛོད་ལྔའི་ཡང་བཅུད་ཅེས་དེབ་ལྔ་བཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་སུ་ཞང་ཞུང་སྙན་བརྒྱུད་ཀྱི་བོན་སྐོར་བསྡུ་ཅི་ཐུབ་བྱས་ཡོད།
ད་ལན་ཡང་གཞུང་ལུགས་རབ་འབྱམས་སྨྲ་བའི་གཙུག་རྒྱན། གདམས་པ་རྒྱ་མཚོའི་འདུས་མདོ་སྐྱབས་རྗེ་དམ་པ་རྒྱལ་བ་སྨན་རི་ཚང་གི་དཔོན་སློབ་བསྟན་འཛིན་རྣམ་དག་པའི་བཀས་བསྐུལ་བ་ལྟར། རྒྱལ་གཤེན་རིག་མཛོད་ཀྱི་རྩོམ་སྒྲིག་པ་གཙོ་བོ་རྒྱལ་བ་སྨན་རི་བའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་ཆོ་ལོ་མངའ་བརྙེས་པའི་མཁས་དབང་བསྟན་འཛིན་ཡེ་ཤེས་ནས་ཞང་ཞུང་སྙན་བརྒྱུད་མ་བུ་ཆ་ལག་དང་བཅས་ཏེ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་ཞེས་པོད་དང་པོ་དང་། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་ཨུ་རིའི་སྟོང་ཐུན་སྐོར་ཅེས་པོད་གཉིས་པ།
ཞང་ཞུང་སྙན་བརྒྱུད་ཀྱི་རྣམ་ཐར་རྒྱས་བཤད་ཆེན་མོ་དང་ལེའུ་ཕྲན་ཐོར་བུའི་སྐོར་ཅེས་པོད་གསུམ་པ། ཞང་ཞུང་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་གྱི་སྐོར་ཅེས་པོད་བཞི་པ་སྟེ་པོད་ཆེན་པོ་བཞི་ཡི་བདག་ཉིད་ཅན་གྱི་ཞང་ཞུང་སྙན་བརྒྱུད་ཀྱི་མ་ཡིག་དང་བུ་ཡིག་རྩ་ལག་དང་བཅས་ཕྱག་ཏུ་ལོན་ནོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྫོགས་པ་ཆེན་པོའི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག །ཉམས་ལེན། འཆད་ཁྲིད་བྱེད་པའི་སྐྱེས་བུ་ཀུན་ལ་དཔེ་མང་འཚོལ་བའི་དཀའ་བ་དང་དཔེ་འཐོར་བསྡུས་པའི་ངལ་བ་ཡོངས་སུ་སེལ་ཐུབ་པའི་ལེགས་སྐྱེས་ཤིག་ཕུལ་བ་ལགས་ན། ངེད་དཔེ་སྐྲུན་ཁང་ནས་སྤྱིར་གཞུང་ལུགས་འདི་ཡི་རིན་ཐང་དང་སྒྲིག་པ་པོའི་ཐུགས་བཞེད། སྒོས་སུ་ཀློག་པ་པོར་ཞབས་འདེགས་ཞུ་བའི་འགན་ཁུར་འགྲུབ་ཐུབ་པའི་རྒྱུ་མཚན་གྱིས་དེང་རབས་དཔེ་གཟུགས་སུ་ཚད་དང་ལྡན་པར་དཔེ་སྐྲུན་བྱས་པ་ལགས་སོ། །