ལྔ་རིག་བོན་གྱི་སྙིང་གཏེར་གྱི་དེབ་ཕྲེང་གཉིས་པ་པར་དུ་བསྐྲུན་པ།
[ཟླ་ཚེས། 2014-04-02 18:37:59][རྩོམ་པ་པོ། ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཁྱུང་བོ་ཀོ་རྒྱལ་དགོན་གྱིས་གཙོ་གཉེར་གནང་བའི་༼ལྔ་རིག་བོན་གྱི་སྙིང་གཏེར༽གྱི་དེབ་འཕྲེང་གཉིས་པ་༼བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
སྔོན་གླེང།
༧ བདག་ཅག་གི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཐབས་མཁས་ཐུགས་རྗེ་ཆེ་བས་འགྲོ་བ་སེམས་ཅན་ཁོ་ནའི་དོན་དུ་འཛམ་བུ་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། སྡེ་སྣོད་གསུམ། དྲང་ངེས་གཉིས་སོགས་བཀའ་རྒྱ་ཆེ་ལ། ལུང་གྲངས་མང་བ། མན་ངག་མདོར་བསྡུས་པ་བསམ་གྱིས་མི་ཁྱབ་པ་གསུངས་པའི་ནང་ཚན་ཐེག་པའི་དབང་དུ་བྱས་ན་བླ་མེད་ཐེག་པའི་ཕྱི་ལྟ་བ་སྤྱི་གཅོད། བོན་སྒོའི་དབང་དུ་བྱས་ན་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་གནས་བཅུ་བདུན་གྱི་བདག་ཉིད་ཅན་སྲིད་པའི་མཛོད་ཕུགས་ཆེན་མོ་གསུངས་པ་ཡིན་ཞིང་། དེའང་རང་ཅག་སྙིགས་མ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་ད་ལྟར་བཞུགས་ཡོད་ལ། འདིའི་ནང་དུ་ཞང་བོད་སྐད་གཉིས་སྦྱར་མར་གསུངས་ཡོད་པས་བོན་འདི་ཞང་ཞུང་ཕུགས་པ་རྟག་གཟིགས་ནས་དར་བའི་དན་རྟགས་བླ་ན་མེད་པ་ཞིག་རེད། དེའི་འགྲེལ་བ་ལའང་། འགྲེལ་ཐོག་མ་ལྷ་རབས་འོད་དཀར་གྱི་སྲས་པོ་ལྷ་སྲས་ཡོངས་དག་གིས་མཛད་པའི་མཛོད་ལྷ་འགྲེལ་དང་། ཞང་བོད་མཁས་པ་མི་བཞིས་མཛད་པའི་མཁས་བཞིའི་མཛོད་འགྲེལ།ད་བར་མཇལ་མ་མྱོང་། ཡབ་རྒྱུང་ཡར་མུ་ཁོད་ཀྱི་སྲས་པོ་རྒྱུང་ཡར་བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ། མཁས་པའི་དབང་པོ་རྨེའུ་སྟོན་པ་ཚུལ་ཁྲིམས་དཔལ་ཆེན་གྱིས་མཛད་པའི་མཛོད་འགྲེལ།ད་བར་མཇལ་མ་མྱོང་། ལུང་དང་རིགས་པའི་སྤོབས་པ་རབ་ཏུ་རྒྱས་པའི་མཁས་དབང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་ཀུན་བཏུས་མཛོད་འགྲེལ། མཁས་ཤིང་གྲུབ་པའི་དབང་པོ་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་སྣོད་བཅུད་རྩ་འགྲེལ། རྫོགས་པ་ཆེན་པོ་ཨ་ཁྲིད་དང་ཉམས་རྒྱུད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་གཡས་རུའི་སྟོན་པ་བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་སྣོད་བཅུད་འགྲེལ་སྣང་སྲིད་གསལ་བར་བྱེད་པའི་ལྡེ་མིག བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ། སྙིགས་དུས་བསྟན་པའི་མངའ་བདག་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་སོགས་འགྲེལ་བ་རྒྱ་ཆེར་ཡོད་པའི་ནང་ཚན་དྲན་པའི་མཛོད་དམ། མཛོད་སྒྲ་འགྲེལ་འདི་ཉིད་སྔ་རབས་བོན་ནམ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱིི་དྲི་མ་མ་ཡལ་བར་ཡོད་པ་འདི་ལྟར། བླ་ཆེན་དྲན་པ་མཆོག་གིས་ཞང་བོད་མཁས་པ་བརྒྱད་ལ་སྟངས་འབུལ་མཛད་པ་ཞིག་ཡིན་པ་དང། དཔེའི་དོན་སྦྱར་ནས་འཆད་པའི་འཆད་ལུགས་དམིགས་བསལ་བ་ཡིན་ཏེ། དེའི་དཔེར་མཚོན་དྲངས་ན། འདི་ཉིད་ཀྱི་ལེའུ་བཞི་པ་ལས། དེ་ལ་བཞི་པ་དཔེ་དོན་ཁ་སྦྱོར་དུ་བྱ་བ་མདོ་གནས་དང་པོ་ཡོད་པ་སྲིད་པ་གསུམ་གྱི་མཛོད་ནི། མེ་ཏོག་ཧ་ལོ་རྒྱུ་ལས་རྐྱེན་གྱིས་བསྐྱེད་པ་བཞིན་དུ་བཤད། གཉིས་པ་བསྐལ་པ་རྒུའི་མཛོད་ནི། ཧོས་རུ་དང་བུམ་པ་ཇི་བཞིན་དུ་བཤད། གསུམ་པ་མི་གཡོ་བ་དབྱིངས་ཀྱི་མཛོད་ནི། ནམ་མཁའ་དག་པའི་མཚན་ཉིད་ཇི་བཞིན་དུ་བཤད། བཞི་པ་གསལ་བ་ཡེ་ཤེས་ལྔའི་མཛོད་ནི། ནམ་མཁའ་ལ་ཉི་མ་ཤར་བ་ཇི་བཞིན་དུ་བཤད། ལྔ་པ་ཀུན་གནས་སྣོད་བཞིའི་མཛོད་ནི། ར་མ་ལུག་སྤང་ལ་བཀྲམས་པ་ཇི་བཞིན་དུ་བཤད། དྲུག་པ་སྐྱེ་འཕེལ་བཅུད་གསུམ་གྱི་མཛོད་ནི། ལྗོན་ཤིང་ལོ་འབྲས་སྨིན་པ་ཇི་བཞིན་དུ་བཤད། བདུན་པ་གཅོད་བྱེད་དབང་པོ་ལྔའི༼དྲུག༽མཛོད་ནི། འོད་ཀྱི་འཁོར་ལོ་བསྐོར་བ་ཇི་བཞིན་དུ་བཤད། བརྒྱད་པ་འཕྲ་རྒྱས་དུག་གསུམ་གྱི་མཛོད་ནི། དུག་ཧ་ལོ་ནག་པོ་ཇི་བཞིན་དུ་བཤད། དགུ་པ་རྟེན་ཅིང་འབྲེལ་བ་གཉིས་ཀའི་མཛོད་ནི། གྱོང་དྲིལ་ཐེན་ནས་བཏང་བ་བཞིན་དུ་བཤད། བཅུ་པ་འདུས་པ་ཕུང་པོ་གཉིས་ཀྱི་མཛོད་ནི། མུན་པ་སྣང་བས་དག་པ་ལྟར་བཤད། བཅུ་གཅིག་མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད་ནི། རྒུན་སྤང་ལ་མེ་མཆེད་པ་བཞིན་དུ་བཤད། བཅུ་གཉིས་པ་རྒྱ་ཆེ་ཁམས་གསུམ་གྱི་མཛོད་ནི། ནམ་མཁའ་ལ་སྐར་མ་བཀྲམས་པ་ལྟར་བཤད། བཅུ་གསུམ་པ་མཚན་ཉིད་གཉིས་ཀྱི་མཛོད་ནི། ཉི་མ་དང་ཟླ་བ་ལྟར་བཤད། བཅུ་བཞི་ལས་སྤྱོད་བཞིའི་མཛོད་ནི། འདམ་དང་མེ་ཏོག་ལྟར་བཤད། བཅོ་ལྔ་པ་ལམ་བཞིའི་མཛོད་ནི། འབབ་ཆུ་ལ་རླངས་ཡལ་བ་ལྟར་བཤད། བཅུ་དྲུག་པ་ས་གནས་གསུམ་གྱི་མཛོད་ནི། རྫོང་ཁང་སུམ་ཐོག་ལྟར་བཤད། བཅུ་བདུན་པ་གྲུབ་པ་འབྲས་བུ་བཞིའི་མཛོད་ནི། འབྲས་དང་བྲ་བོ་རྐྱེན་གྱིས་བསྐྱེད་པ་ལྟར་བཤད་དོ། །ཞེས་སོགས་ཀྱིས་མཛོད་གནས་བཅུ་བདུན་གྱི་སྤྱི་དོན་དཔེ་དང་སྦྱར་ཏེ་གསལ་པོར་བསྟན་ཡོད། ད་དུང་འདིར་དམིགས་བསལ་གྱི་འཆད་ཐབས་གཞན་ཞིག་ཡོད་པ་ནི། ཁྱུང་ཆེན་ལྡིང་སྟབས་ཀྱིས་བཤད་པ་དང་། སེང་གེ་མཆོང་སྟབས་ཀྱིས་བཤད་པ། ངང་མོ་འགྲོས་ཀྱིས་བཤད་པ། ཁུ་བྱུག་གསུང་སྐད་ཀྱིིས་བཤད་པ། རུ་སྦལ་སྐུམས་ཐབས་ཀྱིས་བཤད་པ་ཞེས་དཔེ་དོན་སྦྱར་ནས་གོ་སླ་ཞིང་འཇུག་བདེ་བའི་སྒོ་ནས་བཤད་པ་མཛད་ཡོད་དེ། དེ་ཉིད་ལེའུ་ལྔ་པར། ཁྱུང་ཆེན་ལྡིང་སྟབས་ཀྱིས་བཤད་པ་ནི། གནས་གནས་གང་ལ་བབ་པར་དེའི་ཁོག་དོན་སྟོན་ཏེ། ཞེས་དང་། སེང་གེ་མཆོང་སྟབས་ནི། རྩལ་གསུམ་ལུས་ལ་རྫོགས་པས་ཉམ་ང་བ་མེད་པར་མཆོང་ཞེས་བྱ་སྟེ། ཞེས་དང། ངང་མོ་འགྲོས་ཀྱིས་བཤད་པ་ནི། སྐྱེས་བུ་བློ་པདྨ་ཁ་ཕྱེ་བ་འདྲ་བ་ཞིག་གིས་ཀྱང་དོན་སེམས་ཐོག་ཏུ་བོན་ཕབ། བོན་ཐོག་ཏུ་འགྲེལ་ཕབ། འགྲེལ་ཐོག་ཏུ་ཉམས་ཀྱི་མན་ངག་ཕབས་ཏེ། ཞེས་དང་། ཁུ་བྱུག་གསུང་སྐད་ཀྱིས་བཤད་པ་ནི། བོན་འདི་དང་པོ་ཐོས་པས་འཁོར་བ་དང་མྱ་ངན་ལས་འདས་པའི་བོན། གཙང་བ་དང་སྨེ་བར་བྱེ་བྲག་ཕྱེད། གཉིས་པས་མྱ་ངན་ལས་འདས་པའི་བོན་ལས་སེམས་སྤྲོ་བ་སྐྱེ་སྟེ་མི་འདོར། གསུམ་པ་སྤྲོ་བ་ལས་ཀྱང་དང་ཞིང་ཡིད་ཆེས་པས་དམ་པར་བྱ་བ། ཞེས་དང་། རུ་སྦལ་སྐུམས་ཐབས་ཀྱིས་བསྒོམ་བསྒྲུབ་ལ་བཞེན་བཏབ་ཀྱིན། སེམས་རྒྱུད་ལ་བཙལ་བར་བྱ་སྟེ། ཞེས་གསུངས་པས་བཤད་ཐབས་ལྔས་དོན་སྒྲ་འགྲེལ་བར་བྱེད་པ་ཞིག་ཡིན་པས་ཁུངས་བཙུན་ཞིང་དོན་ཟབ་པའི་གསུང་རབ་འདི་ཉིད་ད་ལན་<<ལྔ་རིག་བོན་གྱི་སྙིང་གཏེར>>གྱི་དེབ་ཕྲེང་གཉིས་པར་པར་སྐྲུན་ཞུས་པ་ཡིན།
པར་སྐྲུན་བྱ་བའི་དམིགས་ཡུལ་ནི། སངས་རྒྱས་ཀྱི་བསྟན་པ་རྒྱུན་རིང་པོར་གནས་མིན་ནི་རྗེས་འཇུག་ཚད་ལྡན་གསོ་སྐྱོང་བྱེད་མིན་ལ་ཐུག་ཡོད་ཅིང་། དེའང་རྡོ་ལ་ལག་རྒྱུད་དང་། ཆུ་ལ་ལམ་ཞུགས་ཀྱི་དཔེ་ལྟར། སྔོན་བྱོན་དམ་པ་གོང་མས་དཀའ་བ་ཕྲག་ཏུ་བླངས་ནས་ཉམས་ལེན་ཐུགས་མཐིལ་ཏུ་ཕབ་པའི་གདམས་ངག་ཟབ་མོ་འདི་དག་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་རྒྱུ་ཉག་ཅིག་ཡིན་པས། དཔེ་རྒྱུན་འདི་དག་ཉར་ཚགས་དང་དར་སྤེལ་གཏོང་རྒྱུ་ནི་སྔོན་འགྲོའམ་ཆ་རྐྱེན་གཙོ་བོ་ཞིག་ཡིན་པས། འདིའི་ཡར་སྔོན་དུ་གསུང་རབ་འདི་ཉིད་ཚད་ལྡན་སྒོས་དཔེ་སྐྲུན་ཁང་གང་ནས་ཀྱང་པར་སྐྲུན་བྱས་མེད་པར། དཔེ་རྒྱུན་དཀོན་པོ་ཞིག་ཡིན་པས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་དང་། བོན་གྱི་སློབ་གཉེར་བ་རྣམས་ལ་དགོས་མཁོ་བསྐོང་ཕྱིར་པར་སྐྲུན་བྱས་པ་ཡིན། གསལ་བཤད་ཞུ་རྒྱུར། མ་དཔེ་འདི་ནི་དགེ་བཤེས་བློ་གྲོས་རབ་གསལ་གྱིས་ཝ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་སྤྱི་ལོ (1993)ལོར་པར་སྐྲུན་མཛད་པའི་ལག་བྲིས་པར་མ་ཞིག་གཡར་གནང་བ་དེ་གཅིག་པུ་ལས་མ་རྙེད་པས་དེ་ཉིད་གཞིར་བཞག་བྱས་པ་ཡིན་ལ། མ་དཔེའི་ཁྲོད་དུ་གསར་བཅོས་ཆེར་མ་བྱས་ཞེས་གསལ་བཤད་གནང་འདུག་པས། མ་དཔེའི་ནང་ཡོད་པའི་གུག་རྟགས་རྣམས་རང་འཇག( )འདིའི་ནང་བཞག་ཡོད་ལ། མ་དཔེར་གུག་རྟགས་བྱུང་བ་ནི་དེ་མ་དཔེ་གཉིས་ལ་གོ་བསྡུར་མཛད་པར་གསུངས་པས་དེ་གཉིས་མཐུན་མིན་རྣམས་གུག་རྟགས་ནང་བཞག་པར་མངོན། ང་ཚོས་དངོས་ཡོད་ཀྱི་ནོར་ཆད་ཡོད་པ་ཤེས་རིགས་གུག་རྟགས༼ ༽འདིའི་ནང་དུ་བཞག་ཡོད། བརྡ་དོན་མ་འཁྲོལ་བ་རྣམས་རང་སོར་བཞག་པ་ལས་བཟོ་བཅོས་བྱས་མེད། ད་དུང་དེང་གི་བརྡ་སྤྲོད་ནང་མ་གསལ་བའི་རིགས་དཔེར་ན། ལ་སོགས་ལ། ལས་རྩོགས་དང་། མེད་ལ། མྱེད་དང་། མིག་ལ། གམིག་དང། མྱིག དམྱལ་བ་ལ། མཉལ་བ། གཙང་ལ། རྩང་། དགུ་ལ། རྒུ་སོགས་དུ་མ་རང་སོར་བཞག་ཅིང་སྐབས་འགར་དགོས་དབང་དུ་བསམ་སྟེ་གུག་རྟགས༼ ༽འདིའི་ནང་དུ་བཅོས་ནས་བཞག་ཡོད། ད་དུང་གུག་རྟགས་འདིའི[ ]ནང་བཞག་པ་རྣམས་ནི་དུམ་པ་མཚོན་བྱེད་རྣམས་ཡིན། གཞན་ཡང་ཕྲད་དང་རྣམ་དབྱེ་མིང་གཞི་སོགས་དེང་དུས་ཀྱི་བརྡ་སྤྲོད་དང་མི་མཐུན་པ་དུ་མ་འདུག་པ་རྣམས་རང་སོར་བཞག་སྟེ་བརྡ་གསར་བཅད་མ་མཛད་པའི་སྔོན་དུ་གཞུང་ལུགས་འདི་ཉིད་སྐུ་འཁྲུངས་ཡོད་པར་རྟོགས་པའི་ཆེད་དུ་ཡིན་ལ། གོ་དོན་ལོག་པར་མ་སོང་ན་དཔེ་རྙིང་འདི་རིགས་ལ་བཤའ་བཅོས་དགོས་པའི་རྒྱུ་མཚན་མ་མཐོང་ནས་བཞག་པ་ཡིན། འདི་ཉིད་པར་སྐྲུན་གྱི་མཐུན་རྐྱེན་དུ་ཀོ་རྒྱལ་དགོན་གྱི་སྒྲུབ་ཁང་ལྷ་མཆོད་ནོར་བུ་ཚེ་དབང་ལགས་ཀྱིས་སྒོར་ཁྲི་གཉིས་ཀྱིས་མཐུན་སྦྱོར་གནང་བྱུང་བས་ཁོང་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། འདིའི་ཐད་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་བར་སྙིང་ནས་རེ་བ་ཡིན།
དཔེ་རྙིང་འདི་འདྲ་ཞིག་པར་སྐྲུན་ཚད་ལྡན་ཞུ་ཐུབ་པ་བྱུང་བ་ནི་གཡུང་དྲུང་བོན་པོ་ཙམ་ལ་མ་ཟད་འཛམ་གླིང་སྤྱི་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད་པས། ཡིད་ཆེས་ཀྱིས་ཁེངས་བཞིན༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དང༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་སོགས་ཀྱི་བཀའ་དྲིན་བླ་མེད་ཐོབ་པའི་རབ་འབྱམས་པའི་མིང་ཁུར་བ་ཧོར་རུ་ཡོན་ཏན་ཕུན་ཚོགས་ཀྱིས་ཀོ་རྒྱལ་དགོན་ནས་བྲིས་སོ།།
དམིགས་བསལ་ཞུ་རྒྱུ། འདི་ལོར་ཕྲན་རང་ལས་ཀ་མང་པོ་ཞིག་མཉམ་དུ་སྒྲུབ་དགོས་ཁེལ་བའི་དབང་གིས་དེབ་འདིའི་མཛད་པ་པོ་ཞང་ཞུང་དྲན་པ་ནམ་མཁའ་ཡིན་པ་ལ་དག་པོ་དྲན་པ་ནམ་མཁའ་ཞེས་དེབ་ཀྱི་མདུན་ངོས་སུ་བྲིས་ནོར་ཤོར་འདུག་པས་འདིར་ཕྲན་རང་གིས་ལོ་རྒྱུས་ཀྱི་ནོར་འཁྲུལ་ཚབ་ཆེན་བཟོས་འདུག་པར། བླ་མ་སངས་རྒྱས་ཡི་དམ་བོན་སྐྱོང་ཡོངས་དང་། འཛམ་གླིང་མཁས་པའི་དབང་པོ་རྣམས། གཡུང་དྲུང་བོན་བསྟན་འཛིན་པ་ཐམས་ཅད་ལ་སྙིང་ཁོངས་གཏིང་ནས་བཟོད་གསོལ་ཞུ་ཞུ། དགོང་དག་ཐུགས་དག ཡོན་ཏན་ཕུན་ཚོགས་ཀྱིས་ཀོ་དགོན་ནས།
དེབ་འདི་པར་སྐྲུན་གྱི་སྦྱིན་བདག་ཀོ་རྒྱལ་དགོན་གྱི་སྒྲུབ་ཁང་ལྷ་མཆོད་ནོར་བུ་ཚེ་དབང་ལགས།
ལྔ་རིག་བོན་གྱི་སྙིང་གཏེར། ( 2 )
རྩོམ་སྒྲིག་པ། ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཚོགས།
རྩོམ་སྒྲིག་ཁོངས་མི། ཁྲོམ་ཚང་དགོན་གྱི་དབུ་བླ་ཡོན་ཏན་རྒྱ་མཚོ། རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཀོ་དགོན་སྒྲུབ་མཁན་དགེ་ལེགས་ཚུལ་ཁྲིམས་དབང་རྒྱལ། ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཚོགས།
རྩིས་འཁོར་ཡིག་གཏག་མཁན། རེ་པ་ཚངས་པ་ཀུན་གྲགས།
ཞུས་དག་པ། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས།
དགེ་བཤེས་ཡོན་ཏན་ཕུན་ཚོགས། ཁྱུང་སྨྱུག་མཛེས། གཤེན་སྨྱུག།
མདུན་ཤོག་མཛེས་རིས་པ། དབུ་ཆེན་མོ་ཧོར་ཚང་ནོར་བུ་གཡུལ་རྒྱལ།