༼སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་༽པར་དུ་བསྐྲུན་པ།
[ཟླ་ཚེས། 2013-09-16 14:57:13][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཉེ་ཆར་མདོ་སྨད་ཟིང་ཆུ་སྣང་ཞིག་དངུལ་སྐུ་དགོན་གཞུང་ནས་གཙོ་འགན་བཞེས་ཏེ་༼སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་གནང་བ།
མཇུག་གཏམ།
འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་ལ་མི་ལོ་ཁྲི་ཕྲག་གཅིག་གི་ཡར་སྔོན་ནས་བྱུང་བའི་རིག་གཞུང་ཕུན་སུམ་ཚོགས་པ་ངོ་མཚར་བའི་ལོ་རྒྱུས་ཡོད་པ་ནི་དེང་རབས་ཟུར་གནས་མཁས་དབང་རྣམས་ཀྱིས་རྒྱལ་ཕྱི་ནང་ཀུན་ནས་བརྩི་འཇོག་དང་གདེང་འཇོག་བྱེད་བཞིན་པ་སྒང་རེད། འོན་ཀྱང་དེང་དུས་མཁས་རློམ་པ་འགའ་ཞིག་གིས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ལ་ཞིབ་འཇུག་ཅུང་ཙམ་ཡང་མི་བྱེད་པ་གྲུབ་མཐའི་ཕྱོགས་ལྷུང་དང་ཆགས་སྡང་རྨོངས་གསུམ་གྱི་སྒོ་ནས་ལོ་རྒྱུས་དང་གྲུབ་མཐའི་རྣམ་བཞག་བཤད་པ་ཆེས་མཚར་བའི་གནས་སུ་གྱུར་འདུག་པ་མ་ཡིན་ནམ། དེ་ཡང་རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའ་སོ་སོའི་རིག་གཞུང་དང་ལོ་རྒྱུས་སྐྱེས་ཆེན་དམ་པའི་མཛད་རྣམ་སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པ་ནི་ང་ཚོ་ཕྱི་རབས་པ་དག་གི་འོས་འགན་ཉག་གཅིག་རེད། དེར་བརྟེན་ང་ཚོས་ཀྱང་བོད་ཁམས་ན་མཚན་སྙན་ཡོངས་སུ་གྲགས་པ་རྒྱལ་དབང་སྨྲ་བའི་དབང་ཕྱུག་སྐྱབས་མགོན་ཟླ་བ་རྒྱལ་མཚན་དེ་ཉིད་ཀྱི་རྣམ་ཐར་སྣང་བ་དྭངས་པའི་བདེ་འདྲེན་ཞེས་བྱ་བ་འདི་དེབ་གཟུགས་སུ་པར་སྐྲུན་བྱས་པ་ཡིན། པར་སྐྲུན་བྱེད་སྐབས་ལའང་གཡུང་དྲུང་བོན་བསྟན་ལ་ལྷག་བསམ་རབ་ཏུ་དཀར་བའི་གཡུང་དྲུང་ཕུན་ཚོགས་ལགས་ནས་རྣམ་ཐར་གློག་ཀླད་ནང་གི་མ་ཕྱི་ངེད་ཚོར་མཁོ་འདོན་གནང་བ་དང་། གཞན་《མུ་ཁྲི་བཙན་པོ》ཡི་གཙོ་སྒྲིག་པ་རིན་སྤུངས་ཚུལ་བསྟན་ནས་པར་སྒྲིག་སོགས་ཀྱི་ཐད་ལ་རོགས་རམ་བྱས་པ་དང་། དེ་བཞིན་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་ཀྱི་རོགས་སྐྱོར་བྱེད་པའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་ཡང་འདིར་ནོར་འཁྲུལ་ཅི་ཡོད་པ་ཐམས་ཅད་མཁྱེན་ལྡན་མཁས་དབང་རྣམས་ལ་བཟོད་གསོལ་དང་བཀའ་སྐྱོང་མ་བདུད་བཙན་གསུམ་རྒྱལ་ཆེན་གྲགས་སེང་སོགས་ལ་མཐོལ་བཤགས་ཡང་ཡང་འབུལ་བ་ཡིན། ཁྱད་པར་དུ་དེབ་འདིའི་འགོ་མཇུག་བར་གསུམ་ལ་ཐུགས་ཁུར་རྒྱ་ཆེན་པོ་བཞེས་པའི་སྤྲུལ་བའི་སྐུ་མཆོག་དྲང་སྲོང་ཚུལ་ཁྲིམས་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གི་ཐུགས་ཀྱི་བཞེད་དགོངས་ཅི་ཡོད་པ་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་ཅིང་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ནས་སྙན་གྲགས་དབྱར་གྱི་རྔ་གསང་ཇི་ལྟར་ལྡིར་ཞིང་མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱས་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་འདི་ལ་ལེགས་ཆ་མཆིས་པའི་དགེ་འབྲས་ཀྱིས་ཁོང་གི་འབྲེལ་ཐོག་གི་སེམས་ཅན་རྣམས་བླ་མེད་རྒྱལ་ས་མྱུར་དུ་ཟིན་ནས་སྟོང་གསུམ་ཞི་བདེའི་གནས་མལ་ཐིམ་པར་ཤོག །
ཅེས་ཤར་ཡུལ་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་ཡིག་རྙིང་འཚོལ་སྡུད་ཁང་ནས།