《ཀུན་བཟང་བླ་མ་དགྱེས་པའི་མཆོད་སྤྲིན》པར་དུ་བསྐྲུན་པ།

[ཟླ་ཚེས། 2013-08-04 22:00:57][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་གྱ་སྟོན་ལ་ཕུལ་བའི་རྟེན་འབྲེལ་ཤིས་ཚིག་བདམས་བསྒྲིགས《ཀུན་བཟང་བླ་མ་དགྱེས་པའི་མཆོད་སྤྲིན》པར་དུ་བསྐྲུན་པ།
01.jpg
མདུན་ངོས།
3.jpg
4.jpg
5.jpg
6.jpg
7.jpg
8.jpg
9.jpg
10.jpg
03寿目录-1.jpg
03寿目录-2.jpg
03寿目录-3.jpg
03寿目录-4.jpg
03寿目录-5.jpg
03寿目录-6.jpg
03寿目录-7.jpg
03寿目录-3.jpg
2.jpg
1.jpg

   དེ་ཡང་གངས་ཅན་བོད་ཀྱི་གནས་མཆོག་དམ་པ་མདོ་སྨད་ས་ཡི་ཐིག་ལེ་ཞང་བོད་ཀྱི་མཁས་གྲུབ་དུ་མ་ཞབས་ཀྱིས་བཅགས་ས། གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་གནས་ཆེན་ཤར་གཉན་དུང་རི་དཀར་པོ། བྱང་ཕྱོགས་ཟིང་ཆུ་ནགས་རིང་ཞེས་པའི་ཡུལ་མཆོག་དམ་པ་འདི་རུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་བྱུང་ནས་ཉུང་མཐའ་ཡང་མི་ལོ་སུམ་སྟོང་ཡན་གྱི་ལོ་རྒྱུས་ལྡན་ཡོད་པ་ནི་ཡུལ་ལུང་འདིའི་ལོ་རྒྱུས་དང་དམངས་སྲོལ། གོམས་གཤིས་སོགས་ལ་ལྟོས་ན་རང་བཞིན་གྱིས་ཤེས་ཡོང་ལ།
གཞན་ཡང་ད་ཆར་མཚོན་ན་བོད་མདོ་དབུས་གསུམ་ལས་ཤར་ཁོག་གམ་ཟིང་ཆུ་ཡུལ་གྲུ་འདི་ཉིད་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་ཆེ་ཤོས་སམ་ཡུལ་ལུང་ཆེ་གྲས་ཤིག་ཏུ་ཆགས་ཡོད་པ་མ་ཟད། ཡུལ་མཆོག་འདིར་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་ཀྱང་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་ལ། དཔེར་ན་ཞང་བོད་ཀྱི་གྲུབ་བརྙེས་པ་ཆེན་པོ་ཟིང་བ་མཐུ་ཆེན། རྟོགས་ལྡན་རི་བ་འབྲུག་གསས། ལྡང་སྒོམ་བསྟན་པ་ལྷུན་གྲུབ། སྨན་རིའི་མཁན་ཆེན་བསོད་ནམས་ཕུན་ཚོགས། སྐྱབས་མགོན་ཟླ་བ་རྒྱལ་མཚན། ཡོངས་འཛིན་རྣམ་དག་འོད་ཟེར། གཡུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན། མཁའ་ཡགས་མཁས་དབང་གཡུང་དྲུང་ཀུན་ཁྱབ་དང་ངག་དབང་རྣམ་རྒྱལ། ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས། རིན་སྤུངས་ཨ་ལགས་ཤེས་རབ་རྣམ་རྒྱལ། དུང་རིའི་བླ་མ་བསྟན་འཛིན་དབང་ལྡན། དཔོན་སློབ་བསྐལ་བཟང་དར་རྒྱས། དང་རའི་ཕྱུག་ཚོའི་མཁན་པོ། གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན། ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་སོགས་དང་། ད་བཞུགས་ཀྱི་སྐྱབས་རྗེ༧སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ། འཛམ་གླིང་བོད་རིག་པའི་མཁས་ཆེན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས་དུ་མ་བྱོན་ཡོད་པ་དང་། གཞན་དགེ་ལྡན་པའི་དགའ་ལྡན་ཁྲི་འཛིན་རེ་གཉིས་ཀྱང་བྱོན་ཡོད་པ་དགའ་ལྡན་ཁྲི་རབས་རིམ་བྱོན་གྱི་ལོ་རྒྱུས་རྣམས་སུ་བསྟན་འདུག
དེ་ལྟར་ཡུལ་གྲུ་འདིར་བྱོན་པའི་སྐྱེས་ཆེན་རྣམས་ལས་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་ནི་སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དང་། ཁྱད་པར་དུ་དེང་གི་དུས་སུ་ཡུལ་ལུང་འདིའི་བསྟན་འགྲོའི་དོན་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྐྱེས་ཆེན་ཞིག་ཏུ་ཆགས་ཡོད་པ་ནི། ཁོང་རིན་པོ་ཆེའི་རྣམ་ཐར་དང་ཟིང་ཆུའི་དགོན་སྡེ་ཁག་གི་ལོ་རྒྱུས་བསྟན་འབྱུང་རྣམས་སུ་གསལ་བར་བསྟན་ཡོད།
དེ་ཕྱིར་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག༼སྤྱི་ལོ་༢༠༡༢༽ལོ་ནི་མཁན་ཆེན་དམ་པ་ཁོང་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐྱེ་བ་བཞེས་ནས་མི་ལོ་བརྒྱད་ཅུར་སོན་པའི་དུས་ཆེན་གྱི་སྐབས་སུ་སླར་ཡང་གང་ཉིད་བསྟན་འགྲོའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་ཕྱོགས་བརྒྱར་ཁྱབ་པའི་བརྟན་བཞུགས་ཀྱི་མཛད་སྒོ་སོགས་རང་དགོན་དུ་རྒྱ་ཆེ་སྤེལ་བ་དང་སྦྲགས་ཕྱོགས་ཀྱི་བླ་སྤྲུལ་དང་། མཁན་པོ་དགེ་བཤེས། གྲྭ་བཙུན་དད་ལྡན་པ་རྣམས་ཀྱིས་གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་དང་ཞབས་བརྟན་གསོལ་འདེབས་སོགས་ཀྱི་མཚོན་དོན་དུ་ཕུལ་བའི་ཤིས་ཚིག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ《ཀུན་བཟང་བླ་མ་དགྱེས་པའི་མཆོད་སྤྲིན》ཞེས་པ་འདི་ཉིད་པར་དུ་བསྐྲུན་པ་ཡིན་ལ།
དང་ཐོག༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་སོགས་ནས་ཤིས་ཚིག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་དགོས་ཞེས་བཀའ་སློབ་ཀྱི་མཛུབ་སྟོན་གནང་བའི་འོག་རྩོམ་སྒྲིག་པའི་འགན་འཁུར་བའི་ཚུལ་བླངས་པའོ། །
རྩོམ་སྒྲིག་གི་སྐབས་སུའང་དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་དང་། དགེ་རྒན་ཤེས་རབ་ལྷུན་གྲུབ། དགེ་བཤེས་བདེ་ལེགས་ཀུན་འབྱུང་། ཨ་དཔལ་བཟང་། གཙོ་ཁམས་ཆེན་སོགས་ནས་རོགས་རམ་དང་རྒྱབ་སྐྱོར་སོགས་གནང་བར་བརྟེན་ནས་གྲུབ་པ་ཞིག་ཡིན། འདི་ལྟར་སྒྲིག་སྐབས་སུའང་ཤིས་ཚིག་རྣམས་སྔ་ཕྱིའི་སྒྲིག་སྟངས་ཐད་ལ་ནོར་འཁྲུལ་ཡོད་ངེས་ལ་དགོངས་དག་ཀྱང་ཞུ་བ་དང་། གཞན་ཡང་རྩོམ་ཡིག་འགའ་ཞིག་གི་ཚིག་སྦྱོར་དང་བརྡ་སྤྲོད་སོགས་ཀྱི་ཐད་ལའང་བཤགས་བཅོས་མ་བྱས་ཐབས་མེད་བྱུང་བ་དང་། ཁ་ཤས་ནང་དོན་གྱི་གོ་བ་ལེན་ཐབས་སོགས་ཀྱི་རྐྱེན་པས་བཟོ་བཅོས་སོགས་བྱེད་དགོས་བྱུང་སོང་བས་འདིར་ཆེད་དུ་ཁྱེད་རྩོམ་པ་པོ་འགའ་ཞིག་ལ་དགོངས་དག་ཀྱང་ཞུ་བའོ། །དེ་ལྟར་བྱེད་པའི་སྐབས་སུའང་ངེད་ཚོ་ལ་ཤེས་ཡོན་སོགས་གང་གི་ཐད་ལ་རབ་ཏུ་དམན་པས་ནོར་དང་འཁྲུལ་བའི་ཆ་གང་མཆིས༧མཁན་ཆེན་དམ་པ་གང་གི་ཐུགས་དབྱིངས་སུ་མཐོལ་བཤགས་ཕུལ་བ་དང་། དགེ་བའི་ཆ་གང་མཆིས་མཁན་རིན་པོ་ཆེ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་འགྲོ་རྣམས་བདེ་ཆེན་ཐར་བའི་གནས་སུ་མྱུར་དུ་འཐོབ་པའི་རྒྱུར་བསྔོ་བའོ། །
ཞེས་པཎ་ཙ་ཚུལ་ཁྲིམས་བསྟན་འཛིན་ནམ་རིན་སྤུངས་ཚུལ་བསྟན་གྱིས་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི༼སྤྱི་ལོ༢༠༡༣་༧་༥༽ཉིན་ལ་བྲིས་པར་དགེའོ། །
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།