ཁམས་ཀྱི་ལོ་རྒྱུས་ཤེལ་དཀར་མེ་ལོང་།
[ཟླ་ཚེས། 2024-08-30 09:47:38][རྩོམ་པ་པོ། ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོད་དང་བོད་ཆེན་གཉིས་སུ་ཕྱེས་པའི་དུས། །
བོད་ལ་དབུས་དང་ཁམས་ཞེས་འབོད་སྲོལ་བྱུང་། །
དབུས་ནི་དཀྱིལ་དང་ཁམས་ནི་མཐའ་ལ་གོ །
ཁམས་ཀྱི་ཐ་སྙད་དང་པོ་དེ་ནས་བྱུང་། །
རྗེས་སུ་ཆོལ་ཁ་གསུམ་དུ་ཕྱེས་པའི་དུས། །
མངའ་རིས་གནས་དང་དབུས་གཙང་ཆོས་ཀྱི་ཆོལ། །
མདོ་སྟོད་མདོ་སྨད་རྟ་ཡི་ཆོལ་ཁ་ཞེས། །
ཕྱི་རབས་ཡིག་ཚང་རྣམས་སུ་དེ་ལྟར་གྲགས། །
གནའ་དཔེ་དབུ་ནག་མི་འུ་འདྲ་ཆགས་སོགས། །
བོད་ཀྱི་ཡིག་ཚང་རྙིང་པ་ཁ་ཤས་ལས། །
མདོ་ཁམས་ཞེས་པའི་ཐ་སྙད་ལན་མང་བྱུང་། །
དེ་ནི་མདོ་དང་ཁམས་ཀྱི་བསྡུས་མིང་ཡིན། །
མདོ་ཁམས་སྨད་ལ་རྨ་འབྲི་རྫ་དངུལ་དང་། །
ཚ་སྒང་ཟླ་སྒང་མི་ཉག་རབ་སྒང་དང་། །
སྤོ་འབོར་རྨ་ཟླ་སྨར་ཁམས་སྒང་ལ་སོགས། །
ཆུ་བཞི་སྒང་དྲུག་རྒྱ་བོད་ཀུན་ལ་གྲགས། །
སྒང་དྲུག་བོད་ནས་ཤར་དུ་ཤར་མར་རྐྱོང་། །
ཆུ་བཞི་བོད་ནས་ཤར་དུ་དལ་གྱིས་བཞུར། །
རྒྱ་གར་རྒྱ་མཚོ་ཞི་བདེ་རྒྱ་མཚོ་སོགས། །
མཐའ་ཡི་རྒྱ་མཚོ་ཆེན་པོའི་ནང་དུ་ཐིམས། །
བོད་ལ་མདོ་དབུས་ཁམས་གསུམ་ཕྱེས་པའི་དུས། །
དབུས་ནི་དབུས་གཙང་མདོ་ནི་མདོ་སྟོད་སྨད། །
ཁམས་ནི་བོད་ཀྱི་ལྷོ་ཤར་མཐའ་མཚམས་ཏེ། །
དཀར་མཛེས་རྔ་བ་ཡུ་ཤུལ་སོགས་ལ་གོ །
ཁམས་ཡུལ་འདབ་རྫོང་ཧོར་བྲག་རྫོང་སོགས་སུ། །
ལོ་ཁྲི་བཅུ་གསུམ་སྔོན་གྱི་གནའ་ཤུལ་དང་། །
རྡོ་ཆས་སྟ་རེ་གནའ་མིའི་སོ་ལ་སོགས། །
གདོད་མའི་ཅ་ལག་རྙིང་པ་གྲངས་མེད་རྙེད། །
གཞན་ཡང་ཉག་ཆུ་ཟླ་ཆུ་བཞུར་རྒྱུན་དུ། །
མི་ལོ་བཞི་སྟོང་སྔོན་གྱི་དུར་སྒམ་ལས། །
ས་དུར་མེ་དུར་ཆུ་དུར་ལ་སོགས་པ། །
གནའ་བོའི་ཆོས་རིགས་དངོས་རྫས་གྲངས་མེད་བྱུང་། །
ཞིབ་མོ་རྣམ་འཐགས་ལག་རྡུང་རྡོ་ཆས་དང་། །
རུས་ཆས་གྱོ་ཆས་རྫ་ཆས་ལི་ཆས་དང་། །
ཟངས་ལྕགས་བྱུ་རུ་དངུལ་དང་མུ་ཏིག་སོགས། །
རིག་དངོས་རྙིང་པ་འཛམ་གླིང་ཡོངས་ལ་གྲགས། །
མདོ་ཁམས་ཡུལ་དུ་དང་པོ་རོང་ཆཱང་བྱུང་། །
ནུབ་ཀྱི་ཆཱང་དང་ལྷོ་ཡི་ཆཱང་ཡང་ཟེར། །
ཆཱང་རིགས་མང་པོ་ཡུལ་གྲུ་ཀུན་ལ་ཁྱབ། །
རྒྱ་བོད་མི་རིགས་ཕལ་ཆེར་དབང་དུ་བསྡུས། །
མི་ལོ་སུམ་སྟོང་བརྒྱད་བརྒྱའི་ཡར་སྔོན་དུ། །
བོད་ཀྱི་རུས་ལས་དབྲ་འབྲི་སྒ་དང་ལྡོང་། །
དབལ་ཟླ་དང་ནི་ཞང་བོ་སྒོ་ནང་ནས། །
ཁམས་ཕྱོགས་ཕལ་ཆེར་ལྡོང་དང་དབྲ་ཡིས་བཟུང་། །
ཐང་བོད་མ་འཁྲུགས་སྔོན་གྱི་ཁམས་ཕྱོགས་ལ། །
བོད་ནང་ཆཱང་ངམ་ལྡོང་རིགས་མང་པོ་བྱུང་། །
ཁམས་ཕྱོགས་ཕལ་ཆེར་ཁོ་ཚོས་དབང་ཏུ་བསྒྱུར། །
རྒྱ་བོད་གཉིས་ལ་འབྲེལ་བ་དམ་དུ་ཟབ། །
ལྡོང་ལ་སྨུག་པོ་ལྡོང་དང་ང་ཆེན་ལྡོང་། །
ཐོག་ཐོག་ལྡོང་སོགས་རྩ་བའི་ལྡོང་གསུམ་དང་། །
དེ་ལ་དཀར་པོ་ལྡོང་དང་ནག་པོ་ལྡོང་། །
ཁྲ་བོ་ལྡོང་སོགས་ལྡོང་རིགས་གྲངས་མེད་འཕེལ། །
ང་ཆེན་ལྡོང་ནི་ཟླ་ཤོད་ཡུལ་དུ་གནས། །
སྨུག་པོ་ལྡོང་ལས་བ་ཚབ་འབྲི་གཡས་དང་། །
པེ་རི་ཁ་བོ་མི་ཉག་ཁྱི་ཐན་སོགས། །
ཁམས་ཀྱི་ལྡོང་རིགས་མང་པོ་རིམ་གྱིས་གྲོལ། །
ཐང་བོད་བར་ལ་འབྲེལ་བ་བྱུང་བ་ནས། །
ཨེ་ཤ་ཡ་ཡི་ཡུལ་ལུང་ཕལ་ཆེ་བ། །
བཙན་པོས་དབང་བསྡུས་བོད་ཀྱི་ཆ་ཤས་གྱུར། །
ཁམས་ཀྱི་བོད་ནང་ཆཱང་ཡང་བོད་ལ་ཐིམས། །
སྲོང་བཙན་སྐབས་སུ་བོད་ལ་རུ་ལྔ་ཡོད། །
སུམ་པའི་རུ་ལ་སྟོང་སྡེ་བཅུ་རུ་ཕྱེས། །
ཏྲེ་སྟོད་ཏྲེ་སྨད་སྟོང་སྡེ་རེ་རེ་ཡོད། །
ཁམས་ཕྱོགས་ཕལ་ཆེར་སུམ་པའི་ཁོངས་སུ་འདུ། །
གླང་དར་སྐབས་སུ་བཙན་པོའི་རྒྱལ་རབས་འཐོར། །
བོད་མཐའི་ཡུལ་གྲུ་ཕལ་ཆེར་ཐང་ལ་ཐིམས། །
ཁམས་ཕྱོགས་ཕལ་ཆེར་ཁྱུང་དང་དབྲ་ཡིས་བཟུང་། །
ཏྲེ་དང་དབྲ་ཡི་བསྟན་པ་ཁམས་ལ་དར། །
དབྲ་ལ་དབྲ་དཀར་དབྲ་ནག་དབྲ་སེར་དང་། །
ཁྱུང་དབྲ་བསེ་དབྲ་ཟླ་དབྲ་དབྲ་ཁྱུང་སོགས། །
དབྲ་རིགས་ཆེ་ཆུང་ཡུལ་གྲུ་ཀུན་ཏུ་མཆེད། །
དབྲ་ཡི་རིགས་རྒྱུད་མདོ་ཁམས་སྨད་ལ་ཁྱབ། །
ཁྱུང་ནི་དང་པོ་ཞང་ཞུང་ཡུལ་ནས་བྱུང་། །
དེ་ནས་ཁྱུང་པོ་སྨར་ཁྱུང་བལ་ཁྱུང་དང་། །
རྒྱ་ཁྱུང་རོང་ཁྱུང་དབྲ་ཁྱུང་ཟླ་ཁྱུང་སོགས། །
ཁྱུང་རིགས་མང་པོ་མདོ་ཁམས་སྨད་ལ་མཆེད། །
གཞན་ཡང་དཀར་རུ་ནག་རུ་སེར་རུ་དང་། །
ཁྱུང་འཕགས་ཁྲ་མོ་ལ་སོགས་ཁྱུང་རིགས་རྣམས། །
མདོ་དབུས་ཁམས་གསུམ་ཀུན་ཏུ་ཁྱབ་པ་ནས། །
ཁྱུང་བོན་ཞང་ཞུང་ཕན་ཚུན་གཅིག་ཏུ་འདྲིས། །
སྤྱི་ལོ་དུས་རབས་བཅུ་གཅིག་དུས་འགོ་ནས། །
ཏྲེ་ཤོད་ཡུལ་ལ་སྟོད་སྨད་བ་གསུམ་ཕྱེས། །
ཏྲེ་སྟོད་སྨོན་རྒྱལ་ཏྲེ་རྐེད་ལྕང་ལུང་དང་། །
ཏྲེ་སྨད་དབྲ་པ་སོགས་ཀྱིས་མངའ་དབང་མཛད། །
དབྲ་ལྕང་སྨོན་ལས་བློ་གྲོས་རིང་མོ་དང་། །
བཙུན་མཆོག་རིང་མོ་མཁས་བཙུན་རིང་མོ་སོགས། །
རིང་མོ་རྣམ་གསུམ་ཁམས་ནས་དབུས་ལ་ཕེབས། །
རྨེའུ་བླ་མ་བསྟེན་ཞིང་བོན་བསྟན་སྤེལ། །
རིང་མོ་རྣམ་གསུམ་རང་ཡུལ་ཕེབས་པ་དང་། །
ཁམས་ཀྱི་ཡུལ་དུ་བོན་དགོན་བརྒྱ་རྩ་བཞེངས། །
ཁྱིམ་རྒྱུད་ཁྱད་ཆོས་ཅན་གྱི་བོན་བསྟན་སྤེལ། །
ཁམས་ཀྱི་བོན་ལ་བསྒྱུར་བཅོས་ཟབ་མོ་ཐེབས། །
གོང་མ་ཡོན་གྱི་སྐབས་སུ་ཁམས་ཕྱོགས་ལ། །
སྨུག་པོ་ལྡོང་ལས་པེ་རི་གདུང་རྒྱུད་གྲོལ། །
དེ་ལས་གླིང་ཚང་དང་ནི་འདན་མ་སོགས། །
འབྲི་ཆུའི་རྒྱུད་ཀྱི་རུས་རྒྱུད་མང་པོ་བྱུང་། །
གཞན་ཡང་དགེ་ཤེས་ཙ་དང་དབལ་ཤུལ་རིགས། །
སྡེ་དགེ་རྒྱལ་པོ་རྨེའུ་སྒོ་འཛི་དང་། །
ཏྲེ་ཧོར་ཉག་ཧོར་ལ་སོགས་ཧོར་རིགས་སོགས། །
ཡུལ་ལུང་སོ་སོའི་རིགས་རུས་ཤིན་ཏུ་མང་། །
རྒྱལ་བུ་མཐིང་གེ་ཡུམ་གསུམ་བཞེས་པ་ལས། །
རྒྱ་བོད་ཧོར་གསུམ་ཞེས་པའི་སྲས་གསུམ་འཁྲུངས། །
ཧོར་ལས་སོག་ཧོར་གནམ་ཧོར་ཐེ་ཧོར་སོགས། །
ཧོར་རིགས་མང་པོ་བོད་ཡུལ་ཀུན་ཏུ་ཁྱབ། །
རྒྱལ་སྲས་དྲིན་རྗེས་གདུང་ལས་ཁམས་པ་ཧོར། །
དེ་ལས་ཉག་ཧོར་ཏྲེ་ཧོར་རྫ་ཧོར་དང་། །
བྲག་འགོ་ཧོར་དང་རྟ་གུ་ཧོར་བྱུང་སྟེ། །
ཁམས་བྱང་ཕལ་ཆེར་ཧོར་གྱི་དབང་དུ་འདུ། །
དུས་རབས་བཅོ་བརྒྱད་ལོ་རབས་ཉེར་བརྒྱད་ནང་། །
ཁམས་པ་ཧོར་ལ་གོང་མའི་རྒྱབ་སྐྱོར་ཐོབ། །
ཁམས་ཀྱི་ཡུལ་དུ་དགོན་སྡེ་བཅུ་གསུམ་བཞེངས། །
དགའ་ལྡན་བསྟན་པ་ཁམས་ཀྱི་ཡུལ་དུ་དར། །
མདོར་ན་ཁམས་ལ་གཡུང་དྲུང་བོན་དགོན་དང་། །
སྔ་འགྱུར་རྙིང་མ་རྒྱལ་བ་བཀའ་བརྒྱུད་དང་། །
དཔལ་ལྡན་ས་སྐྱ་རི་བོ་དགེ་ལུགས་སོགས། །
བན་བོན་དགོན་སྡེ་མང་པོ་ཁམས་ལ་དར། །
གཞན་ཡང་སྡེ་དགེ་རྒྱལ་པོའི་ཐུགས་བརྩེ་དང་། །
ཀོང་སྤྲུལ་ཡོན་ཏན་མཆོག་གི་ཤེས་རབ་ལས།།
གྲུབ་མཐའ་རིས་མེད་ཉི་འོད་དཔལ་དུ་འཁུམས། །
གསར་རྙིང་རིས་མེད་འོད་སྟོང་ཁམས་ལ་ཁྱབ། །
དབལ་ཁྱུང་བཀའ་འགྱུར་ཁྲོ་སྐྱབས་བཀའ་འགྱུར་དང་། །
ཆུ་ཆེན་བཀའ་འགྱུར་དགེ་བཤེས་བཀའ་འགྱུར་སོགས། །
བོན་གྱི་བཀའ་བརྟེན་པོ་ཏི་སུམ་སྟོང་ལྷག །
ཁམས་ཀྱི་ཡུལ་དུ་ཉར་ཚགས་བྱས་མྱོང་ཡོད། །
གཞན་ཡང་སྡེ་དགེ་པར་ཁང་བཀའ་འགྱུར་དང་། །
དཔལ་སྤུངས་བཀའ་འགྱུར་འཇང་གི་བཀའ་འགྱུར་སོགས། །
བན་གྱི་བཀའ་བསྟན་བཅུ་ཕྲག་རིག་གནས་མཛོད། །
ཁམས་ཀྱི་ཡུལ་དུ་པར་ཤིང་བརྐོས་ནས་ཡོད། །
དེ་བཞིན་་མོ་རྩིས་སྨན་གཏོ་འདུར་དང་མདོས། །
གསང་སྔགས་ཕྱི་ནང་རྒྱུད་སྡེ་ཆོ་ག་དང་། །
ཨ་རྫོགས་སྙན་སོགས་བོན་དཔེ་མང་པོ་ཞིག །
ཁམས་ཀྱི་དམངས་ཁྲོད་ཀུན་ཏུ་ཁྱབ་ནས་ཡོད། །
ཚེ་རིང་ནོར་བུས་༢༠༢༤ལོ་ཟླ༨ཚེས༢༥ཉིན་ཁྲིན་ཏུའུ་སྤོས་ལྡན་ནས་བྲིས།