མི་ཚེའི་དམ་བཅའ་དྲན་སྐུལ་སོགས་ཉམས་མགུར་ཚན་པ་བཞི།

[ཟླ་ཚེས། 2018-03-30 09:34:55][རྩོམ་པ་པོ། བཟོ་སྦྱིན་པ་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20190506224515.jpg

༼བཟོ་སྦྱིན་པ་ཚུལ་ཁྲིམས་སམ་གཡུང་དྲུང་བསྟན་མཆོག་གི་དམ་བཅའ་ཉམས་མགུར་སོགས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ལ་སྤྱན་འབུལ་ཞུ་སྐབས།༽

༄༅།།ཚན་པ་དང་པོ། དེ་རིང་ནས་མི་གསར་པའི་མི་ཚེའི་དམ་བཅའ་དྲན་སྐུལ་བཞུགས་སྭོ།།

 

རྣམ་ཤེས་འཁྱམས་པོ་ཁམས་གསུམ་འཁོར་བ་འཁོར།།

འཁོར་བའི་སེམས་ཅན་ཉོན་མོངས་དུག་ལྔ་འཁྲུལ།།

འཁྲུལ་བའི་སྡིག་སྒྲིབ་སྡུག་བསྔལ་རང་བཞིན་ང་།།

ང་ཡི་འཁོར་བ་འདི་ལ་བློ་ཡི་ཟློག

 

དལ་འབྱོར་རྙེད་དཀའ་བསམ་ནས་ངེས་འབྱུང་སྐྱེས།།

འཆི་བ་མི་རྟག་བསམ་ནས་ངེས་འབྱུང་སྐྱེས།།

ལས་དང་རྒྱུ་འབྲས་བསམ་ནས་ངེས་འབྱུང་སྐྱེས།།

འཁོར་བའི་ཉེས་དམིགས་བསམ་ནས་ངེས་འབྱུང་སྐྱེས།།

 

སྟོང་གསུམ་ཕྱི་སྣོད་འཇིག་རྟེན་མི་རྟག་པ།།

ཁམས་གསུམ་ནང་བཅུད་སེམས་ཅན་མི་རྟག་པ།།

སྲིད་གསུམ་སྣང་སྲིད་འཁོར་བ་མི་རྟག་པ།།

དུས་གསུམ་སྐྱེ་རྒས་ན་འཆི་མི་རྟག་པ།།

 

མ་ཡེངས་མི་རྟག་སྐད་ཅིག་ཡང་ཡང་སྒོམ།།

མ་བརྗེད་སྐྱབས་འགྲོ་རྩེ་གཅིག་ཡང་ཡང་སྒོམ།།

མ་བཅོས་རྐྱང་འདེད་ཉག་གཅིག་ཡང་ཡང་སྒོམ།།

མ་ལུས་སེམས་ཅན་ཆབས་ཅིག་ཡང་ཡང་སྒོམ།།

 

སྐུ་གསུམ་བླ་མའི་ཐུགས་རྗེས་དགོངས་སུ་གསོལ།།

དུས་གསུམ་སངས་རྒྱས་ཐུགས་རྗེས་དགོངས་སུ་གསོལ།།

རྟེན་གསུམ་བོན་གྱི་ཐུགས་རྗེས་དགོངས་སུ་གསོལ།།

བསླབ་གསུམ་སེམས་དཔའི་ཐུགས་རྗེས་དགོངས་སུ་གསོལ།།

 

བསླུ་མེད་སྐྱབས་གནས་དཀོན་མཆོག་དགོངས་སུ་གསོལ།།

ནུས་མེད་ཉམས་ཆུང་བདག་སོགས་གསན་དུ་གསོལ།།

བདག་མེད་སྟོང་ངོར་འཕྲོད་པར་མཛད་དུ་གསོལ།།

སྐྱེ་མེད་ཡེ་སྟོང་དངོས་གྲུབ་བསྩལ་དུ་གསོལ།།

 

སྟོང་གསུམ་སྣང་སྲིད་འདོད་ཡོན་མཆོད་པའི་རྫས།།

ཐམས་ཅད་མཆོད་པར་མ་གྱུར་གང་ཡང་མེད།།

གཟུགས་སྒྲ་དྲི་རོ་རེག་བྱ་བོན་རྣམས་ཀུན།།

མཐོང་ཐོས་དྲན་རིག་རྟག་ཏུ་མཆོད་པ་འབུལ།།

 

ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀུན།།

སྐུ་གསུམ་དགོངས་པས་མ་ཁྱབ་གང་ཡང་མེད།།

སྒོ་གསུམ་རྣམ་དག་མོས་གུས་ཕྱག་འཚལ་གསོལ།།

འཁོར་འདས་མ་ལུས་ཆབས་ཅིག་སྐྱབས་སུ་གསོལ།།

 

ལྷད་མེད་རྣམ་དག་སྣང་སྲིད་མཆོད་པ་འདི།།

སེར་སྣ་སྙན་གྲགས་མ་དག་དྲི་མ་མེད།།

ཟད་མེད་ཏིང་འཛིན་མཆོད་སྦྱིན་རྒྱ་ཆེན་འདི།།

འདོད་དགུ་གང་འདོད་ཚིམ་པར་བཞེས་སུ་གསོལ།།

 

བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེས་གཟིགས།།

སངས་རྒྱས་བོན་དང་སེམས་དཔའ་བྱིན་གྱིས་རློབས།།

བདེར་གཤེགས་རིག་འཛིན་ཕོ་མོས་དངོས་གྲུབ་སྩོལ།།

བོན་སྐྱོང་བསྟན་སྲུང་དཀར་ཕྱོགས་ལམ་སྣ་དྲང།།

 

སྐྱབས་གསུམ་གནས་བཞི་དད་གུས་སྤྱི་བོར་ཁུར།།

སྒོ་གསུམ་རྣམ་དག་དགེ་བཅུའི་ཕྱོགས་སུ་གཞོལ།།

དུག་གསུམ་དུག་ལྔའི་སྡིག་བཅུ་ནད་བཞིན་འཛེམ།།

ཁམས་གསུམ་སེམས་ཅན་སྙིང་རྗེས་སྙིང་དཀྱིལ་ཉར

 

སྒོ་གསུམ་དགེ་བཅུའི་མཐུན་རྐྱེན་སྡོང་གྲོགས་མཛོད

དུས་གསུམ་སྡིག་བཅུའི་མི་མཐུན་རྐྱེན་ངན་ཟློག

ཁམས་གསུམ་འཁོར་བའི་ཉོན་མོངས་དུག་ལྔ་ཞི།།

སྐུ་གསུམ་ཐིག་ལེ་ཉག་གཅིག་དོན་རྟོགས་ཤོག

 

ཉམས་བཤགས་སྒྲིབ་བྱང་དམ་བསྐང་དབང་བཞི་བསྐུར།།

མཆོག་ཐུན་དངོས་གྲུབ་མྱུར་བར་བསྩལ་དུ་གསོལ།།

བསམ་དོན་ཡིད་བཞིན་བདག་རྒྱུད་བྱིན་གྱི་རློབས།།

དོན་གཉིས་ལྷུན་གྲུབ་ཀུན་བཟང་རྒྱལ་ས་གནང་།།

 

ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་སོལ།།

མ་རིག་འཁྲུལ་བའི་བློ་མུན་སེལ་བར་མཛོད།།

སྡུག་བསྔལ་འཁོར་བའི་ནད་གདོན་ཐམས་ཅད་འཇོམས།།

བྱད་ཁ་རྦོད་གཏོང་དགྲ་བགེགས་རྡུལ་དུ་རློགས།།

 

མི་ཁ་བྲ་མཆུ་མེད་བརླག་ཟློག་གྱུར་ཅིག

བསྐལ་སྲིད་ཚེ་རབས་ལན་ཆགས་བྱང་གྱུར་ཅིག

རྟོག་ཡིད་འཁྲུལ་བའི་བག་ཆགས་གྲོལ་གྱུར་ཅིག

དམིགས་མེད་བཏང་སྙོམས་མཉམ་ཉིད་གནས་གྱུར་ཅིག

 

གཞི་རུ་མདོ་སྔགས་སེམས་གསུམ་ཉམས་སུ་ལེན།།

ལམ་དུ་སྤང་བསྒྱུར་གྲོལ་གསུམ་ལམ་འཁྱེར་བྱེད།།

འབྲས་བུ་སྐུ་གསུམ་སངས་རྒྱས་རྗེས་སུ་འབྲངས།།

སྐྱོ་ཤས་ངེས་འབྱུང་རང་སེམས་གསར་བ་རྙེད།།

 

དེ་རིང་ང་ཡིས་བསམ་བློ་གསར་པ་རྙེད།།

དེ་རིང་ང་ཡིས་མི་རྟག་གསར་པ་རྙེད།།

དེ་རིང་ང་ཡིས་ཕུགས་འདུན་གསར་པ་རྙེད།།

དེ་རིང་ང་ཡིས་དམ་བཅའ་གསར་པ་རྙེད།།

 

ད་ནས་ཕན་ཆད་ལྟ་སྤྱོད་གསར་པ་ཡིན།།

ད་ནས་ཕན་ཆད་སྦྱོང་བསྩོན་གསར་པ་ཡིན།།

ད་ནས་ཕན་ཆད་ཉམས་ལེན་གསར་པ་ཡིན།།

ད་ནས་ཕན་ཆད་འཚོ་གནས་གསར་པ་ཡིན།།

 

ཉམས་ཆུང་ནུས་མེད་དབེན་ཁུང་ཁེར་འདུག་དགོས།།

ཅོལ་ཆུང་ཤེས་མེད་བློ་ཁ་མ་ཡང་དགོས།།

མི་ཆུང་འབྱོར་མེད་ཕོར་ཁ་ཡར་བཟེད་དགོས།།

སེམས་ཆུང་བསམ་མེད་བསམ་ཤེས་ཡར་ལྟ་དགོས།།

 

ཕ་གཞིས་ཡུལ་མཁར་འཁོར་བའི་བཙོན་ར་སྤོང་།།

ཕ་སྤུན་གཉན་ཉེ་བརྩེ་བའི་འཆིང་ཐག་སྤོང་།།

ཕ་ཡུལ་ཟང་ཟིང་སྡེ་འབངས་ཆགས་ཞེན་སྤོང་།།

ཕ་བཟང་བུ་ཡིས་སྡུག་བསྔལ་གཞི་རྩ་སྤོང་།།

 

མ་བརྗེད་བླ་མ་དཀོན་མཆོག་ཡི་དམ་བྱེད།།

མ་ལུས་ཁམས་གསུམ་སེམས་ཅན་ཕ་མ་བྱེད།།

མ་དག་ཉོན་མོངས་སྡིག་སྒྲིབ་བྱི་དོར་བྱེད།།

མ་ཤེས་རང་ངོ་རང་གིས་ཤེས་པར་བྱེད།།

 

བུ་ངའི་ཕུགས་གཏད་སྐྱབས་གནས་དཀོན་མཆོག་ཡིན།།

བུ་ངའི་ཕུགས་ནོར་སྒོ་གསུམ་དགེ་བཅུ་ཡིན།།

བུ་ངའི་ཕུགས་བསམ་སྦྱོར་དངོས་རྗེས་གསུམ་ཡིན།།

བུ་ངའི་ཕུགས་འདུན་གནས་ལུགས་རང་གྲོལ་ཡིན།།

 

སྐུ་གསུམ་ཀུན་འདུན་བླ་མར་སྐྱབས་སུ་གསོལ།།

དུས་གསུམ་རྫོགས་པའི་སངས་རྒྱས་སྐྱབས་སུ་གསོལ།།

རྟེན་གསུམ་སྐུ་གསུང་ཐུགས་རྟེན་སྐྱབས་སུ་གསོལ།།

བསླབ་གསུམ་གཡུང་དྲུང་སེམས་དཔའ་སྐྱབས་སུ་གསོལ།།

 

གུས་པས་དགེ་ཚོགས་གནས་བཞིར་མཆོད་པ་འབུལ།།

གུས་པས་སྡིག་ཚོགས་གནས་བཞིར་བཤགས་པ་འབུལ།།

གུས་པས་སྒོ་གསུམ་གནས་བཞིར་མཆོད་པ་འབུལ།།

གུས་པས་དུག་གསུམ་གནས་བཞིར་བཤགས་པ་འབུལ།།

 

ཨ་མའི་བུ་གཅེས་དགེ་བཅུ་འགྲུབ་པར་བྱེད།།

ཨ་མའི་བུ་གཅེས་སྡིག་བཅུ་དག་པར་བྱེད།།

ཨ་མའི་བུ་གཅེས་ཚོགས་གཉིས་རྫོགས་པར་བྱེད།།

ཨ་མའི་བུ་གཅེས་སྒྲིབ་གཉིས་བཤགས་པར་བྱེད།།

 

དམིགས་མེད་རྣམ་དག་མགྲོན་བཞིར་མཆོད་སྦྱིན་འབུལ།།

ཟད་མེད་དགོས་འདོད་ཀུན་འབྱུང་མཆོད་སྦྱིན་འབུལ།།

གྲངས་མེད་སྟོང་ཁམས་སྲིད་གསུམ་མཆོད་སྦྱིན་འབུལ།།

ཟག་མེད་སྟོང་ཉིད་སྙིང་རྗེས་མཆོད་སྦྱིན་འབུལ།།

 

ཕ་མས་བུ་ལ་བྱམས་སྐྱོང་དྲིན་ལན་འཇལ།།

ཕ་མའི་བུ་ངས་བརྩེ་བས་དྲིན་ལན་འཇལ།།

ཕ་མའི་བུ་ངས་བྱམས་པས་དྲིན་ལན་འཇལ།།

ཕ་མའི་བུ་ངས་དགེ་བས་དྲིན་ལན་འཇལ།།

 

གྲངས་མེད་ཕ་མར་དཔག་མེད་དགེ་བས་འཇལ།།

གྲངས་མེད་སངས་རྒྱས་ཚད་མེད་དགེ་བས་འཇལ།།

གྲངས་མེད་སངས་རྒྱས་དམིགས་མེད་དགེ་བས་འཇལ།།

གྲངས་མེད་སངས་རྒྱས་ཟག་མེད་དགེ་བས་འཇལ།།

 

ཁམས་གསུམ་སེམས་ཅན་ང་ཡི་ཕ་མ་ཡིན།།

དུས་གསུམ་སངས་རྒྱས་ང་ཡི་བླ་མ་ཡིན།།

དུས་གསུམ་སངས་རྒྱས་ང་ཡི་ཡི་དམ་ཡིན།།

དུས་གསུམ་སངས་རྒྱས་ང་ཡི་སྐྱབས་གནས་ཡིན།།

 

སྐྱེ་མེད་སྟོང་ཉིད་ང་ཡི་སེམས་ཉིད་ཡིན།།

འགག་མེད་ཡེ་ཤེས་ང་ཡི་རང་རིག་ཡིན།།

གཉིས་མེད་སྟོང་གསལ་ང་ཡི་རང་ངོ་ཡིན།།

མཐའ་མེད་ཀློང་ཡངས་ང་ཡི་དོན་དམ་ཡིན།།

 

བདག་ཅག་དགེ་བྱེད་བར་ཆད་ཐམས་ཅད་ཟློག

བདག་ཅག་རྐྱེན་ངན་བར་ཆད་ཐམས་ཅད་ཟློག

བདག་ཅག་བྱད་ཁ་བར་ཆད་ཐམས་ཅད་ཟློག

བདག་ཅག་ནད་གདོན་བགེགས་རིགས་ཐམས་ཅད་ཟློག

 

ཀུན་སློང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བཤགས།།

ཀུན་སྤྱོད་མཚམས་མེད་ལྔ་ཡི་ཉེས་ལྟུང་བཤགས།།

ཀུན་ལ་གྲངས་མེད་ཆགས་ཉམས་ཐམས་ཅད་བཤགས།།

ཀུན་ཏུ་སྒོ་གསུམ་གནོང་འགྱོད་མཐོལ་ལོ་བཤགས།།

  

བདག་གཞན་བསྐལ་བ་གྲངས་མེད་བསགས་པའི་དགེ

བདག་གཞན་སྡང་དགྲ་གནོད་བགེགས་ཕ་མར་བསྔོ།།

བདག་གཞན་ཤི་གསོན་ཁ་ལག་འབྲེལ་ཚད་བསྔོ།།

བདག་གཞན་ཁམས་གསུམ་སེམས་ཅན་ཡོངས་སུ་བསྔོ།།

 

བསྟན་པའི་སྙིང་པོ་གཡུང་དྲུང་བོན་དར་སྨོན།།

བསྟན་པར་ལོག་ལྟ་བར་ཆད་བཟློག་པར་སྨོན།།

བསྟན་འཛིན་སྐྱེས་མཆོག་འགྲོ་དོན་མཐར་ཕྱིན་སྨོན།།

བསྟན་སྦྱིན་འབྲེལ་ཚད་འདི་ཕྱིའི་བདེ་སྐྱིད་སྨོན།།

 

འདུལ་བ་ཁྲིམས་ཀྱི་ཚུལ་ཁྲིམས་མཐར་ཕྱིན་ཤོག

གསང་བ་སྔགས་ཀྱི་དམ་ཚིགས་མཐར་ཕྱིན་ཤོག

རྫོགས་པ་ཆེན་པོའི་ཉམས་ལེན་མཐར་ཕྱིན་ཤོག

མདོ་སྔགས་རྫོགས་གསུམ་ས་ལམ་མཐར་ཕྱིན་ཤོག

 

སྐྱེ་འགྲོ་ནད་མུག་མེད་པའི་བཀྲ་ཤིས་ཤོག

རྩི་ཏོག་སད་སེར་མེད་པའི་བཀྲ་ཤིས་ཤོག

འབྱུང་བའི་གནོད་འཚེ་མེད་པའི་བཀྲ་ཤིས་ཤོག

འཁོར་བའི་སྡུག་བསྔལ་མེད་པའི་བཀྲ་ཤིས་ཤོག

 

འགྲོ་ཁམས་བདེ་སྐྱིད་ལྡན་པའི་བདེ་ལེགས་ཤོག

འགྲོ་ཁམས་སྡུག་བསྔལ་བྲལ་བའི་བདེ་ལེགས་ཤོག

འགྲོ་ཁམས་ཉོན་མོངས་གྲོལ་བའི་བདེ་ལེགས་ཤོག

འགྲོ་ཁམས་དོན་དམ་རྟོགས་པའི་བདེ་ལེགས་ཤོ

    ༈  ཅེས་པ་འདི་ནི་༢༠༡༣ལོ་ལུང་ནག་དབུ་རི་བླ་མ་བསྟན་པ་དབང་རྒྱལ་རིན་པོ་ཆེ་མཆོག་གིས་མི་ཚེའི་ལམ་བསྟན་དང་རྒྱབ་སྐྱོར་ཚད་མེད་གནང་བ་དང་གྲོགས་མཆོག་དད་སྦྱིན་རྣམ་པས་མཐུན་རྐྱེན་རྒྱབ་སྐྱོར་གནང་བ  གཉིས་པ་རང་དགོན་གྱིས་མོས་མཐུན་དང་ཡིད་རང་གནང་བ གསུམ་པ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གིས་སྦྱིན་བདག་ལྷག་བསམ་དཀར་བ་ཞིག་བཀོད་བསྒྲིགས་གནང་བ་དང་གཞན་གང་སྤྱིའི་ཐད་ཐུགས་ཁུར་གཟབ་བཞེས་གནང་བ   བཞི་པ་སྦྱིན་བདག་རྔ་ལ་ནོར་བུ་དབང་འདུས་མཆོག་གིས་གུས་རང་ལ་ཟས་གོས་སྡོད་གསུམ་ཐད་ལ་བཀའ་ངལ་མེད་པ་དང་ཐུགས་རྒྱ་ཆེན་པོའི་སྒོ་ནས་བསམ་གཞིག་ཐོག་སྦྱིན་བདག་གནང་བ་བཅས་བཀའ་དྲིན་ཚད་དུ་མེད་པའོ  ལྔ་པ་གཡུང་དྲུང་བོན་གྱི་བླ་སྤྲུལ་ཆེ་ཁག་མདུན་དུ་གུས་རང་མ་ཤི་བར་དུ་ཕ་ཡུལ་འཁོར་བ་རྒྱབ་ཏུ་སྤང་ནས་རྣམ་དཀར་དགེ་བཅུ་དོན་དུ་ལེན་རྒྱུའི་དམ་བཅའ་ཕུལ་བ་བཞིན་དེ་རིང་ནས་འགོ་བཟུང་ཏེ་མི་གསར་པ་ཞིག་བྱེད་རྒྱུའི་དམ་བཅའ་མི་ཚེའི་དྲན་སྐུལ་ཞེས་པ་འདི་བཟོ་སྦྱིན་པ་ཚུལ་ཁྲིམས་སམ་གཡུང་དྲུང་བསྟན་མཆོག་ནས་བྲིས་པའོ།   དགེ་ལེགས་སུ་གྱུར་ཅིག

微信图片_20190506220407.jpg

༼གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དང་སྦྱིན་བདག་ནོར་བུ་དབང་འདུས་སྤུ་ལ་བ་བཟོ་སྦྱིན་པ་ཚུལ་ཁྲིམས་སམ་གཡུང་དྲུང་བསྟན་མཆོག་གསུམ་བླ་སློབ་ལྷན་དུ།༽

༄༅།།ཚན་པ་གཉིས་པ། མི་ཚེའི་ཉམས་མྱོང་ཁ་རི་ཁ་ཐུག་བཞུགས་སྭོ།།

 

དང་པོ་འཁོར་བའི་སྡུག་བསྔལ་གནས་སུ་སྐྱེས།།

གཉིས་པ་འཁོར་བའི་ཉོན་མོངས་སྣ་ཚོགས་བསགས།།

གསུམ་པ་འཁོར་བར་མི་རྟག་རྒྱུད་ལ་ཤར།།

བཞི་པ་འཁོར་བར་ཞེན་ལོག་རྒྱབ་ཏུ་སྤང་།།

 

དང་པོ་རྒྱུ་ནོར་ཡོད་དགུ་ཐམས་ཅད་དགའ།།

གཉིས་པ་རྒྱུ་ནོར་བཙལ་རྩོལ་སྣ་ཚོགས་བསགས།།

གསུམ་པ་རྒྱུ་ནོར་མི་རྟག་སེམས་ལ་ཤར།།

བཞི་པ་རྒྱུ་ནོར་ཞེན་ལོག་ཆགས་འཛིན་བྲལ།།

 

དང་པོ་འཁྲུལ་བས་རྣམ་གཡེང་རྩེད་འཇོ་རོལ།།

གཉིས་པ་འཁྲུལ་བས་བག་ཆགས་སྣ་ཚོགས་བསགས།།

གསུམ་པ་འཁྲུལ་སྣང་རྨི་ལམ་སྒྱུ་མར་གྲོལ།།

བཞི་པ་འཁྲུལ་སྣང་རང་ངོ་རང་གིས་ཤེས།།

 

དང་པོ་ཉོན་མོངས་དུག་ལྔའི་དབང་དུ་འཁྲུལ།།

གཉིས་པ་ཉོན་མོངས་རང་ཤར་རང་གིས་རྟོགས།།

གསུམ་པ་ཉོན་མོངས་རང་རིག་རང་གྲོལ་ངང་།།

བཞི་པ་ཉོན་མོངས་ཡེ་ཤེས་གྲོགས་སུ་གྱུར།།

 

ཚེ་སྟོད་མཐོ་དུས་བླ་མིང་མ་གཏོགས་པར།།

དོན་དངོས་མཚན་ཉིད་ཚང་པའི་བླ་སྤྲུལ་མིན།།

ཚེ་སྨད་དམན་སར་ཁེར་རྐྱང་མ་གཏོགས་པར།།

མ་ཡིན་ཡིན་མདོག་བླ་མ་བྱེད་སེམས་མེད།།

 

ཚེ་སྟོད་བླ་མའི་གྲལ་འཁོད་མ་གཏོགས་པར།།

དོན་དངོས་ཐོབ་ཐང་ཡོད་པའི་བླ་སྤྲུལ་མིན།།

ཚེ་སྨད་ཉམ་ཆུང་རང་གནས་མ་གཏོགས་པར།།

མ་ཡིན་ཡིན་མདོག་གཞན་མགོ་སྐོར་སེམས་མེད།།

 

ཚེ་སྟོད་བླ་མིང་ང་བོ་མ་གཏོགས་པར།།

དོན་དངོས་མིང་དོན་མཚུངས་པའི་བླ་སྤྲུལ་མིན།།

ཚེ་སྨད་དོན་དམ་ཉམས་ལེན་མ་གཏོགས་པར།།

མ་ཡིན་ཡིན་མདོག་རང་མགོ་འཁོར་སེམས་མེད།།

 

མི་བུ་ཕལ་པ་དཀྱུས་མ་མ་གཏོགས་པར།།

རིག་རུས་མཆེད་ཁུངས་ཡོད་པའི་བླ་སྤྲུལ་མིན།།

ཁ་རི་ཁ་ཐུག་དྲང་བདེན་མ་གཏོགས་པར།།

མ་ཡིན་ཡིན་མདོག་མང་པོ་དྲན་སེམས་མེད།།

 

ཁ་རི་ཁ་ཐུག་བསམ་སྦྱོར་མ་གཏོགས་པར།།

འཇིག་རྟེན་འཁོར་བའི་འཆར་གཞི་ང་ལ་མེད།།

ཚེ་དང་དགེ་བ་མཉམ་སྐྱེལ་མ་གཏོགས་པར།།

མི་ཁོམ་འཁོར་བའི་བྱ་བ་ང་ལ་མེད།།

 

མི་བུ་རིན་ཆེན་རང་ཉིད་མ་གཏོགས་པར།།

ཉོན་མོངས་འཁོར་བའི་གཞི་རྩ་ང་ལ་མེད།།

འཁྱམ་པོ་ཁེར་རྐྱང་གཅིག་པུ་མ་གཏོགས་པར།།

འཁོར་དང་བྲན་གཡོག་མང་པོ་ང་ལ་མེད།།

 

བསླུ་མེད་སྐྱབས་གནས་དཀོན་མཆོག་མ་གཏོགས་པར།།

གཞན་ཡང་འདི་ཕྱིའི་སྐྱབས་བཅོལ་ང་ལ་མེད།།

བསླུ་མེད་ནོར་བུ་དགེ་སྦྱོར་མ་གཏོགས་པར།།

གཞན་ཡང་རིན་ཆེན་རྒྱུ་ནོར་ང་ལ་མེད།།

 

བསླུ་མེད་གྲོགས་མཆོག་རང་རིག་མ་གཏོགས་པར།།

གཞན་ཡང་གཏན་གྲོགས་བཟང་པོ་ང་ལ་མེད།།

བསླུ་མེད་མཐར་ཐུག་དོན་དམ་མ་གཏོགས་པར།།

གཞན་ཡང་བསམ་རྒྱུ་དྲན་རྒྱུ་ང་ལ་མེད།།

 

ལུས་ཀྱི་དགེ་སྦྱོར་སྒྲིབ་སྦྱོང་མ་གཏོགས་པར།།

གཞན་གྱིས་སྡིག་པའི་བྱ་བྱེད་ང་ལ་མེད།།

ངག་གི་དྲང་བདེན་སྐད་ཆ་མ་གཏོགས་པར།།

གཞན་གྱི་ཚིག་རྩུབ་འཁྲུལ་གཏམ་ང་ལ་མེད།།

 

ཡིད་ལ་བཏང་སྙོམས་གནས་པ་མ་གཏོགས་པར།།

གཞན་གྱི་བག་ཆགས་འཁྲུལ་སྣང་ང་ལ་མེད།།

སངས་རྒྱས་གོང་མའི་རྗེས་བསྙེགས་མ་གཏོགས་པར།།

གཞན་གྱི་བསམ་དྲན་མང་པོ་ང་ལ་མེད།།

 

མཆོག་གསུམ་གནས་གཞིར་སྐྱབས་འགྲོ་མ་གཏོགས་པར།།

གཞན་ལ་བློ་གཏད་རེ་ལྟོས་ང་ལ་མེད།།

སྒོ་གསུམ་རྩེ་གཅིག་དད་མོས་མ་གཏོགས་པར།།

སྐད་གཅིག་དཀོན་མཆོག་ལོག་ལྟ་ང་ལ་མེད།།

 

རང་སེམས་རིག་པ་རྐྱང་འདེད་མ་གཏོགས་པར།།

སྤང་བསྒྱུར་ལམ་རིམ་དགོས་པ་ང་ལ་མེད།།

དོན་དམ་བདག་མེད་སྟོང་པ་མ་གཏོགས་པར།།

ཀུན་གཞིའི་ཉོན་མོངས་བག་ཆགས་ང་ལ་མེད།།

 

རིས་སུ་མ་ཆད་སྙིང་རྗེ་མ་གཏོགས་པར།།

ཁམས་གསུམ་སེམས་ཅན་བདག་ཕྱོགས་ང་ལ་མེད།།

དམིགས་པ་མེད་པའི་བསྔོ་བ་མ་གཏོགས་པར།།

བདག་གཞན་ཁྱད་པར་བསྔོ་སྨོན་ང་ལ་མེད།།

 

ཅི་དྲན་གང་བྱས་དགེ་སྦྱོར་མ་གཏོགས་པར།།

དོན་མེད་རྣམ་གཡེང་འཁྲུལ་བ་ང་ལ་མེད།།

རྐྱེན་ཆགས་ན་ཚ་དགེ་སྐུལ་མ་གཏོགས་པར།།

སྣང་བ་མ་དག་སྡུག་བསྔལ་ང་ལ་མེད།།

 

སྣང་བ་སྣ་ཚོགས་རྣམ་དག་མ་གཏོགས་པར།།

སེམས་ལ་དགའ་སྡུག་བསམ་པ་ང་ལ་མེད།།

ཡིད་ལ་དྲན་ཤར་རྟོགས་གྲོལ་མ་གཏོགས་པར།།

བློ་རྟོག་བག་ཆགས་འཁྲུལ་བ་ང་ལ་མེད།།

 

ཁྱད་པར་འཕགས་པའི་ནོར་བདུན་མ་གཏོགས་པར།།

འཇིག་རྟེན་འཁོར་བའི་རྟེན་གཞི་ང་ལ་མེད།།

དམ་པ་མཉེས་པའི་ནོར་དྲུག་མ་གཏོགས་པར།།

ཉོན་མོངས་འཁོར་བའི་ཡོ་བྱེད་ང་ལ་མེད།།

 

ནམ་ལང་བྱ་འཕུར་ལྟ་བུ་མ་གཏོགས་པར།།

ཁ་ཕོར་ཙམ་ཞིག་མདུན་འཁྱེར་ང་ལ་མེད།།

རོགས་མེད་རྒྱུ་མེད་ཆགས་མེད་མ་གཏོགས་པར།།

ཁབ་སྐུད་ཙམ་ཞིག་རྒྱབ་ལུས་ང་ལ་མེད།།

 

ཁ་ཟས་རྒྱབ་གོས་གང་འབྱོར་མ་གཏོགས་པར།།

བཟང་ངན་ཡག་བཙོག་གདམ་ཀ་ང་ལ་མེད།།

རྒྱག་ལྟོགས་ལོང་ག་མཐོ་དམའ་མ་གཏོགས་པར།།

ཟས་ནོར་ཉར་ཚགས་གསོག་འཇོག་ང་ལ་མེད།།

 

ཆས་དྲུག་ཁ་འདོན་ཕྲེང་བ་མ་གཏོགས་པར།།

གཞན་གྱི་དགོས་མཁོའི་ཡོ་བྱེད་ང་ལ་མེད།།

ཆབ་ཏོག་ཤིག་འབྲེད་བེར་ག་མ་གཏོགས་པར།།

གཞན་གྱི་མཁོ་བའི་ཅ་ལག་ང་ལ་མེད།།

 

དལ་འབྱོར་སྟོང་ལོག་མ་སོང་མ་གཏོགས་པར།།

གཞན་གྱི་ཐོབ་ཐང་མཚན་སྙན་ང་ལ་མེད།།

རང་ཉམས་འཚམ་ཚོད་ཏན་ཏིག་མ་གཏོགས་པར།།

གཞན་གྱི་འཇོན་ཐང་སྣེ་གཅིག་ང་ལ་མེད།།

 

སྤྱི་ཚོགས་མཐོང་ཐོས་ཉམས་མྱོང་མ་གཏོགས་པར།།

འཇིག་རྟེན་ཤེས་བྱ་ཡོན་ཏན་ང་ལ་མེད།།

ཡུལ་མི་རེ་བཞིན་ཆ་རྒྱུས་མ་གཏོགས་པར།།

རིམ་བཞིན་མཆོག་དམན་གསལ་བཤད་ང་ལ་མེད།།

 

རང་ཚུགས་རང་རྐྱ་རང་ཐུབ་མ་གཏོགས་པར།།

ངོ་དགའ་ལྐོག་དཀྲུག་མེད་མཁན་ཧ་ལམ་མེད།།

རང་རྒྱུད་གྱོང་ཁེངས་རང་ཐུལ་མ་གཏོགས་པར།།

བོན་ཅན་ཐ་སྙད་མགོ་འཁོར་སྙིང་པོ་མེད།།

 

མཐོ་དམའ་དར་རྒུད་མང་པོ་མ་གཏོགས་པར།།

ཁྲིམས་རར་ཉི་མ་གཅིག་ལ་ཚུད་མྱོང་མེད།།

སྐྱིད་སྡུག་མང་པོ་མཐོང་མྱོང་མ་གཏོགས་པར།།

སྤྱི་ཚོགས་སྒྱུ་མར་རང་མགོ་འཁོར་མྱོང་མེད།།

 

ཐར་པའི་ལམ་བསྟན་རྩ་བླ་མ་གཏོགས་པར།།

མ་རིག་རང་ངོ་སྤྲོད་མཁན་སུ་ཡང་མེད།།

དྲིན་ཅན་རྩ་བའི་བླ་མ་མ་གཏོགས་པར།།

རེ་ས་སྐྱབས་ས་གཞན་ཞིག་སུ་ཡང་མེད།།

 

སྒོ་གསུམ་གུས་པས་སྐྱབས་གསོལ་མ་གཏོགས་པར།།

དུས་བབ་འཕོ་འགྱུར་ལྟ་བ་ལོག་མྱོང་མེད།།

སྐུ་ཚེའི་ཞབས་བརྟན་གང་འགྲུབ་མ་གཏོགས་པར།།

བླ་སློབ་བར་ལ་དམ་ཚིག་ཉམས་ཆག་མེད།།

 

བསམ་དཀར་ལྷད་མེད་ཕ་མ་མ་གཏོགས་པར།།

བརྩེ་སེམས་གཅེས་སྤྲས་ཡོད་མཁན་སུ་ཡང་མེད།།

དགའ་སྡུག་ཡོད་མཁན་ཕ་མ་མ་གཏོགས་པར།།

གཞན་སུས་ཤ་ཚ་ཡ་ང་བྱེད་མཁན་མེད།།

 

ཕ་མའི་ཞབས་ཞུ་གང་འགྲུབ་མ་གཏོགས་པར།།

ཁ་ངན་ཚིག་ངན་སེམས་པ་གསོད་མྱོང་མེད།།

ཕ་མའི་དྲིན་ལན་དགེ་བ་མ་གཏོགས་པར།།

དེ་མིན་ཐབས་ཤེས་ཡོད་དགུའི་འཇལ་ཐབས་མེད།།

 

སྤུན་ཉེ་ཕར་ལ་དུང་བ་མ་གཏོགས་པར།།

སྤུན་གྲོགས་ཚུར་ལ་བརྩེ་བ་འོས་འཚམས་མེད།།

སྤུན་མཆེད་གཉེན་ཉེ་ཕར་སེམས་མ་གཏོགས་པར།།

མཐོ་བསྟོད་དམའ་སྨད་མེད་པའི་གཉེན་ཉེ་མེད།།

 

འདི་ཕྱིའི་སློབ་སྟོན་བསམ་དཀར་མ་གཏོགས་པར།།

བློ་ངན་ཇུས་ངན་སེམས་རྩ་དཀྲུག་མྱོང་མེད།།

མིག་ལྟོས་བཟང་པོར་ཡར་ལྟ་མ་གཏོགས་པར།།

ཉེ་འབྲེལ་རྐང་པ་མར་ལ་འཐེན་མྱོང་མེད།།

 

བཙན་པོ་དབང་ཡོད་གདོང་བཏུགས་མ་གཏོགས་པར།།

མ་རབས་ཁོག་སྒོམ་ལྐོག་ལས་བྱེད་མྱོང་མེད།།

ཡ་རབས་ཚུལ་མཐུན་དྲང་བདེན་མ་གཏོགས་པར།།

ཟེར་ཚད་རྣ་ཉན་ཁ་རྒྱུག་བྱེད་མྱོང་མེད།།

 

སྤྱི་སེམས་བསམ་དཀར་སེམས་བཟང་མ་གཏོགས་པར།།

སྒེར་སེམས་ཕྱི་མའི་ས་ལམ་དགག་ས་མེད།།

ནུས་ཤུགས་གང་ཡོད་ཕན་ཐོག་མ་གཏོགས་པར།།

སྡེ་དགོན་ཡུལ་གསུམ་གནོད་པ་སྐྱེལ་མྱོང་མེད།།

 

ཕར་སེམས་སྡེ་དགོན་ལྷག་བསམ་མ་གཏོགས་པར།།

ཚུར་ལ་དབང་ཡོད་ཐུབ་ཚོད་མ་བྱས་མེད།།

ཕ་ཡུལ་སྡེ་དགོན་སྤྱི་ཕན་མ་གཏོགས་པར།།

ཉིན་གཅིག་རང་ཡུལ་ཞབས་འདྲེན་ཞུ་མྱོང་མེད།།

 

མཐོ་དུས་དམན་ས་བཟུང་བ་མ་གཏོགས་པར།།

རང་འོག་སྙོམས་ཆུང་སུ་ལ་སྡང་མྱོང་མེད།།

དམའ་དུས་སྣང་བ་མགོ་མཐོ་མ་གཏོགས་པར།།

མགོ་ཚུགས་ལུས་ཚུགས་ཉིན་གཅིག་ཤོར་མྱོང་མེད།།

 

སྔོན་ལས་འཕྲལ་རྐྱེན་བར་ཆད་མ་གཏོགས་པར།།

ཡོན་བདག་རྒྱུ་ནོར་ཆུད་གཟོན་བཏང་མྱོང་མེད།།

དཀའ་ངལ་ཚད་མེད་རང་ཁུར་མ་གཏོགས་པར།།

རྐྱེན་རྩ་གཏད་མེད་ཐ་ཆད་སྨད་མྱོང་མེད།།

 

དཀོར་ཟས་བསྟན་བཞགས་མཆོད་སྦྱིན་མ་གཏོགས་པར།།

ཁྲེལ་མེད་བག་མེད་ལོངས་སྤྱོད་བྱེད་མྱོང་མེད།།

སྐབས་སྟུན་སྤྱོད་ཚུལ་མཆོག་དམན་མ་གཏོགས་པར།།

རང་སེམས་དོན་དམ་ཉིན་གཅིག་འབོར་མྱོང་མེད།།

 

དཀོན་མཆོག་མཆོད་པ་ལྷད་མེད་མ་གཏོགས་པར།།

ང་རྒྱལ་སྙན་གྲགས་དགེ་ཚོགས་བསགས་མྱོང་མེད།།

རིགས་དྲུག་སྦྱིན་པ་ཕངས་མེད་མ་གཏོགས་པར།།

སེར་སྣ་འཇུར་གེགས་སྦྱིན་པ་གཏོང་མྱོང་མེད།།

 

སེམས་ཉིད་དམར་ཐག་ཆོད་པ་མ་གཏོགས་པར།།

རྨོངས་པའི་རྣམ་རྟོག་འཛིན་པ་བཅིངས་མྱོང་མེད།།

དྲང་བདེན་ཁུང་ཡོད་ལུང་ཡོད་མ་གཏོགས་པར།།

མ་རྟོགས་དཀོན་མཆོག་སྐུར་པ་འདེབས་མྱོང་མེད།།

 

འབྲེལ་ཚད་ལོག་ལྟ་མ་སྐྱེ་མ་གཏོགས་པར།།

ཁ་ལག་འབྲེལ་ཚད་འགོ་སྐོར་བཏང་མྱོང་མེད།།

གཡོ་རྫུན་འུར་ཤོབ་མ་ཡིན་མ་གཏོག་པར།།

ལན་ཆགས་དྲི་མ་མ་དག་གོས་མྱོང་མེད།།

 

མི་ཚེ་གང་ནུས་གཞན་དོན་མ་གཏོགས་པར།།

རང་དོན་རང་ཉམས་རིག་གནས་སྦྱོང་མྱོང་མེད།།

ཉམས་ཆུང་ནུས་མེད་རོགས་སྐྱོར་མ་གཏོགས་པར།།

ཉམས་ཆེན་དབང་ཡོད་རྒྱུ་ངོ་བསྟོད་མྱོང་མེད།།

 

ནུས་ཤུགས་ཡོད་རྒུའི་བསྟན་དོན་མ་གཏོགས་པར།།

བདག་དོན་ཟ་ཉལ་ཁོ་ན་བསམ་མྱོང་མེད།།

སེམས་སྐྱེད་སྐུ་རིམ་ཞབས་བརྟན་མ་གཏོགས་པར།།

བསྟན་འཛིན་གར་བཞུགས་སྐྱེས་མཆོག་བརྗེད་མྱོང་མེད།།

 

ཕ་ཡུལ་ཆགས་སྡང་སྤང་གཡོལ་མ་གཏོགས་པར།།

རང་ཡུལ་རྒྱབ་གཏོད་ཞེ་ལ་བསམ་མྱོང་མེད།།

བཟང་པོ་རང་བསྟོད་མ་ཡིན་མ་གཏོགས་པར།།

ངན་པ་ཡུལ་ལ་མ་ཆགས་བྲོས་མྱོང་མེད།།

 

བློ་ཕུགས་དགོན་གནས་རི་ཁྲོད་མ་གཏོགས་པར།།

གྲོང་དཀྱིལ་ན་ཤི་དུར་ས་བསམ་མྱོང་མེད།།

བསམ་བཟང་སྦྱིན་བདག་གསོས་དྲིན་མ་གཏོགས་པར།།

ཉིན་ཟས་ཙམ་ཞིག་རང་ལ་འཁྱེར་རྒྱུ་མེད།།

 

སྐྱིད་དུས་མཉམ་ཟ་མཉམ་འགྲོ་མ་གཏོགས་པར།།

སྡུག་དུས་དཀའ་སྡུག་མཉམ་མྱོང་བྱེད་མཁན་མེད།།

ཚུར་ལ་རེ་དུས་དགའ་ཉམས་མ་གཏོགས་པར།།

ཕར་ལ་རེ་དུས་ཁྲོ་ཉམས་མེད་མཁན་མེད།།

 

རང་ཆེ་རང་རྒྱལ་རང་བསྟོད་མ་གཏོགས་པར།།

རང་དཔེ་གཞན་ལེན་བསམ་གཞིག་བྱེད་མཁན་མེད།།

རང་ཕྱོགས་འུར་བསྟོད་ཡར་མཐོ་མ་གཏོགས་པར།།

གཞན་ཕྱོགས་ལྐོག་བཤད་དམའ་འབེབས་མེད་མཁན་མེད།།

 

རང་ཕྱོགས་སྐྱོན་རྣམས་སྦས་གསང་མ་གཏོགས་པར།།

གཞན་ཕྱོགས་སྐྱོན་བརྗོད་དབྱེན་སྦྱོར་མེད་མཁན་མེད།།

རང་ཕྱོགས་མ་ཡིན་ཡིན་ཚུལ་མ་གཏོགས་པར།།

གཞན་ཕྱོགས་མ་འདོད་རྣམ་འགྱུར་མེད་མཁན་མེད།།

 

ཁ་རི་ཁ་ཐུག་གསལ་བཤད་མ་གཏོགས་པར།།

སྙན་ངག་མངོན་བརྗོད་གབ་ཚིག་ངས་མ་ཤེས།།

ཁ་གསལ་གཏིང་གསལ་དྲང་གཏམ་མ་གཏོགསས་པར།།

གོ་བ་མེད་པའི་བརྡ་ཚིག་ངས་མ་ཤེས།།

 

གཞན་གྱིས་དགེ་མཚན་གསང་བ་མ་གཏོགས་པར།།

སྐྱོན་བརྗོད་སྐུར་འདེབས་ཁ་སྣོན་མེད་མཁན་མེད།།

རང་གི་དགེ་ལ་རང་བསྟོད་མ་གཏོགས་པར།།

ཉེས་སྐྱོན་གང་ཡོད་གསང་བ་མེད་མཁན་མེད།།

 

མཐོ་དུས་ཀུན་གྱིས་ངོ་བསྟོད་མ་གཏོགས་པར།།

དམའ་དུས་ཀུན་གྱིས་དགའ་མཁན་ཧ་ལམ་མེད།།

རྒྱུ་ངོ་ཡར་གདན་མར་གདན་མ་གཏོགས་པར།།

རྒྱུ་མེད་སྒོ་ནས་འབོད་དུས་ཨ་ལེན་མེད།།

 

རྒྱུ་དབང་ཡོད་དུས་ཀུན་གྲོགས་མ་གཏོགས་པར།།

རྒྱུ་དབང་མེད་དུས་གཏན་གྲོགས་སུ་ཞིག་མེད།།

རྒྱུ་དབང་ཡོད་དུས་གུས་བཀུར་མ་གཏོགས་པར།།

རྒྱུ་དབང་མེད་དུས་ཉེ་གྲོགས་མཐོང་འདོད་མེད།།

 

གནས་ལུགས་སྟོང་གསལ་ཟུང་འཇུག་མ་གཏོགས་པར།།

ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཞན་ཞིག་མེད།།

གཏད་མེད་རིག་པ་སྟོང་གཟུགས་མ་གཏོགས་པར།།

བྱིང་རྨུགས་འཕྲོ་རྒོད་སྣང་སེམས་གཞན་ཞིག་མེད།།

 

ཉོན་མོངས་དུག་ལྔ་ཡེ་ལྔ་མ་གཏོགས་པར།།

དུག་ལྔ་ཡེ་ལྔ་སོ་སོར་སྤང་ལེན་མེད།།

སངས་རྒྱས་སེམས་ཅན་གྲོལ་འཁྲུལ་མ་གཏོགས་པར།།

དང་པོ་སངས་རྒྱས་སེམས་ཅན་གཉིས་སུ་མེད།།

 

ལྟ་བ་གཅིག་ཆོད་བདག་པོ་མ་གཏོགས་པར།།

མ་རྟོགས་སེམས་ལ་རྣ་ལམ་འགྲོ་མཁན་མེད།།

རིག་པ་གཅེར་མཐོང་བདག་ཉིད་མ་གཏོགས་པར།།

སྐལ་མེད་སེམས་ཅན་གོ་བརྡ་འཕྲོད་མཁན་མེད།།

 

ཉོན་མོངས་དུག་ལྔ་དགེ་སྐུལ་མ་གཏོགས་པར།།

མི་དགེ་སྡིག་བཅུ་དགེ་བཅུའི་གྲོགས་སུ་གྱུར།།

རྐྱེན་ངན་བར་ཆད་གྲོགས་ཤར་མ་གཏོགས་པར།།

འགལ་རྐྱེན་ཐམས་ཅད་མཐུན་རྐྱེན་གྲོགས་སུ་གྱུར།།

 

ཁ་རི་ཁ་ཐུག་གསལ་བཤད་མ་གཏོགས་པར།།

སྙན་ངག་མངོན་བརྗོད་གབ་ཚིག་ངས་མ་ཤེས།།

ཁ་གསལ་གཏིང་གསལ་དྲང་གཏམ་མ་གཏོགསས་པར།།

གོ་བ་མེད་པའི་བརྡ་ཚིག་ངས་མ་ཤེས།།

 

རྒྱལ་གཅེས་ཁྲིམས་སྲུང་བརྟན་པོ་མ་གཏོགས་པར།།

མི་ངན་མཉམ་རྒྱུག་ཁྲིམས་འགལ་ངས་མ་ཤེས།།

སྦྱིན་བདག་གནང་བའི་ཟས་གོས་མ་གཏོགས་པར།།

རྒྱལ་དམངས་དཔལ་འབྱོར་གཡོ་ལེན་ངས་མ་ཤེས།།

 

ཐེག་ཆེན་མདོ་སྔགས་ཟུང་འབྲེལ་མ་གཏོགས་པར།།

ཡུལ་ཆོས་མི་འདྲ་མང་པོ་ངས་མ་ཤེས།།

རང་རྐྱ་རང་ཐུབ་རང་ལུགས་མ་གཏོགས་པར།།

གྲུབ་མཐའ་གསར་རྙིང་སྒྲོ་འདོགས་ངས་མ་ཤེས།།

 

འཚམ་ཚོད་རང་ཚོད་རང་བཟུང་མ་གཏོགས་པར།།

མི་ཚེ་སྟོང་ཟད་ཆུད་གཟོན་ངས་མ་ཤེས།།

རང་ཚོད་ཏིག་པོས་རང་བཟུང་མ་གཏོགས་པར།།

གདིང་ཚོད་མེད་པའི་ཡ་ཡུག་ངས་མ་ཤེས།།

 

རྣ་བས་ཐོས་ཚད་བཏང་སྙོམས་མ་གཏོགས་པར།།

གོ་ཚད་ཉན་བཤད་འཆལ་གཏམ་ངས་མ་ཤེས།།

མིག་ལམ་མཐོང་ཚད་འཛིན་མེད་མ་གཏོགས་པར།།

རིག་ཚད་མཉམ་འགྲོགས་་ཡིད་གཏད་ངས་མ་ཤེས།།

 

གཞན་ཕན་ལྷག་བསམ་རྣམ་དག་མ་གཏོགས་པར།།

སེམས་ཅན་གནོད་སེམས་འཚེ་བ་ངས་མ་ཤེས།།

བསམ་སྦྱོར་བཟང་པོ་ཡར་ལྟོས་མ་གཏོགས་པར།།

བསམ་ངན་ཁོག་ནག་མ་རབས་ངས་མ་ཤེས།།

 

དམ་པའི་ལྷ་ཆོས་དགེ་བསྐུར་མ་གཏོགས་པ།།

མི་ཆོས་ཁ་ཏ་བསླབ་བྱ་ངས་མ་ཤེས།།

རང་དཔེ་རང་ལེན་དྲང་བདེན་མ་གཏོགས་པ།།

རང་ཁེ་གཞན་ཕམ་བྱ་བ་ངས་མ་ཤེས།།

 

ཐེ་ཚོམ་རེ་དོག་མེད་པ་མ་གཏོགས་པར།།

ལེགས་ཉེས་དབྱེ་འབྱེད་བླང་དོར་ངས་མ་ཤེས།།

མཆོག་དམན་ཁྱད་པར་མེད་པ་མ་གཏོགས་པར།།

བཟང་ངན་ཡག་བཙོག་བསམ་པ་ངས་མ་ཤེས།།

 

ཉམས་མྱོང་བྱང་ཚད་ཤེས་བྱ་མ་གཏོགས་པར།།

ད་ལྟའི་རིག་གནས་ཚན་རིག་ངས་མ་ཤེས།།

ཕྱི་མར་གར་འགྲོ་གདེང་ཚོད་མ་གཏོགས་པར།།

འཁོར་འདས་ཐ་སྙད་མཚན་ཉིད་ངས་མ་ཤེས།།

 

མེས་པོའི་སྲོལ་བཟང་དྭངས་མ་མ་གཏོགས་པར།།

དེང་རབས་ཨ་གསར་ཆས་སྒྱུར་ངས་མ་ཤེས།།

མེས་པོའི་ཁ་ཟས་གཙང་མ་མ་གཏོགས་པར།།

དེང་རབས་ཟས་རིགས་སྦྱོར་སྡེབ་ངས་མཤེས།།

 

མེས་པོའི་སྐད་ཡིག་གཙང་མ་མ་གཏོགས་པར།།

དེང་དུས་སྐད་ཡིག་སྣ་ཚོགས་ངས་མ་ཤེས།།

མེས་པོའི་དགེ་བྱེད་འདུག་སྟངས་མ་གཏོགས་པར།།

དེང་དུས་མི་ཚོགས་མཉམ་རྒྱུག་ངས་མ་ཤེས།།

 

ཕྱི་མའི་དོན་ཆེན་སྒྲུབ་པ་མ་གཏོགས་པར།།

འདི་ཕྱི་གཉིས་དོན་མཉམ་སྒྲུབ་ངས་མ་ཤེས།།

ལྷ་ཆོས་རྣམ་དཀར་དགེ་བཅུ་མ་གཏོགས་པར།།

མི་ཆོས་ལྷ་ཆོས་གཉིས་བདེན་ངས་མ་ཤེས།།

 

རྩ་བའི་དམ་པ་རྣམ་གསུམ་མ་གཏོགས་པར།།

སྔོན་འགྲོ་དངོས་གཞི་མང་པོ་ངས་མ་ཤེས།།

ལས་དང་རྒྱུ་འབྲས་གཞིར་བཟུང་མ་གཏོགས་པར།།

དགེ་སྡིག་སྤང་ལེན་མང་པོ་ངས་མ་ཤེས།།

 

འདུལ་ཁྲིམས་དྲི་མེད་རྣམ་དག་མ་གཏོགས་པར།།

ཕྱི་ཚུལ་ནང་ཁྲིམས་མང་པོ་ངས་མ་ཤེས།།

ཕྱི་སྟོང་ནང་སྟོང་དོན་སྟོང་མ་གཏོགས་པར།།

ཕར་ཕྱིན་ས་ལམ་མང་པོ་ངས་མ་ཤེས།།

 

སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་མ་གཏོགས་པར།།

གསང་སྔགས་ལམ་རིམ་མང་པོ་ངས་མ་ཤེས།།

ཏིང་འཛིན་མཉམ་བཞགས་བཏང་སྙོམས་མ་གཏོགས་པར།།

བསྐྱེད་རྫོགས་སྒོམ་སྒྲུབ་མང་པོ་ངས་མ་ཤེས།།

 

ལྟ་མེད་སྒོམ་མེད་ཡེངས་མེད་མ་གཏོགས་པར།།

བཅས་བཅོས་སྤྲོས་བསྡུ་དགག་སྒྲུབ་ངས་མ་ཤེས།།

སྣང་ཤར་རྟོགས་གྲོལ་དུས་མཉམ་མ་གཏོགས་པར།།

སྐྱེ་འགག་རྟག་ཆད་འགྲོ་འོང་ངས་མ་ཤེས།།

 

འཁོར་འདས་དབྱེར་མེད་མཉམ་ཉིད་མ་གཏོགས་པར།།

མཚན་ཉིད་རྣམ་དབྱེ་མང་པོ་ངས་མ་ཤེས།།

མཐར་ཐུག་ཡང་རྩེ་བླ་མེད་མ་གཏོགས་པར།།

ཕྱི་ནང་ཐིག་རིམ་མང་པོ་ངས་མ་ཤེས།།

 

ཟ་ཉལ་འགྲོ་འདུག་གཤིས་གོམས་མ་གཏོགས་པར།།

དུས་ཚོད་ཚད་བཟུང་ཉམས་ལེན་ངས་མ་ཤེས།།

སྤྱོད་ལམ་སྣ་ཚོགས་དོན་དམ་མ་གཏོགས་པར།།

ལེགས་ཉེས་དབྱེ་འབྱེད་ཉམས་ལེན་ངས་མ་ཤེས།།

 

མཉམ་བཞག་ནམ་མཁའ་ལྟ་བུ་མ་གཏོགས་པར།།

རྩད་གཅོད་ཞིབ་འཇུག་ཉམས་ལེན་ངས་མ་ཤེས།།

གཡོ་མེད་གོམས་པ་ཀློང་གྱུར་མ་གཏོགས་པར།།

རྟོག་དཔྱོད་བརྟག་དཔྱད་ཉམས་ལེན་ངས་མ་ཤེས།།

 

རང་སེམས་རིག་པ་རྐྱང་འདེད་མ་གཏོགས་པར།།

ཁ་ཉམས་བློ་བསྡུར་ཉམས་ལེན་ངས་མ་ཤེས།།

རང་རིག་ལྟ་བ་གཅིག་ཆོད་མ་གཏོགས་པར།།

དཔེ་ལྟ་ཚིག་འགྲེལ་ཉམས་ལེན་ངས་མ་ཤེས།།

 

སེམས་ཉིད་སྟོང་ཉིད་ངང་ཉིད་མ་གཏོགས་པར།།

བློ་བཅོས་རྟོག་བཟོ་ཉམས་ལེན་ངས་མ་ཤེས།།

རང་རིག་རང་ཤར་རང་གྲོལ་མ་གཏོགས་པར།།

ནམ་འཆར་བསམ་སྒུག་ཉམས་ལེན་ངས་མ་ཤེས།།

 

ཇི་ལྟ་ཇི་མ་ཇི་བཞིན་མ་གཏོགས་པར།།

ལྟ་བྱ་ལྟ་བྱེད་ཉམས་ལེན་ངས་མ་ཤེས།།

ངང་མ་ངང་བཞིན་ངང་ཉིད་མ་གཏོགས་པར།།

སྒོམ་བྱ་སྒོམ་བྱེད་ཉམས་ལེན་ངས་མ་ཤེས།།

 

གང་དྲན་གང་ཤར་གང་སྣང་མ་གཏོགས་པར།།

སྤྱོད་བྱ་སྤྱོད་བྱེད་ཉམས་ལེན་ངས་མ་ཤེས།།

མ་བཅོས་གནས་ལུགས་རང་བབ་མ་གཏོགས་པར།།

རྟོགས་དགའ་འཁྲུལ་སྡུག་ཉམས་ལེན་ངས་མ་ཤེས།།

 

ལྟ་མེད་ནམ་མཁའ་ལྟ་བུ་མ་གཏོགས་པར།།

མཐའ་དབུས་ཕྱོགས་མཚམས་ཡོད་པ་ངས་མ་ཤེས།།

སྒོམ་མེད་ཉི་མ་ལྟ་བུ་མ་གཏོགས་པར།།

ཕྱི་ནང་གསལ་སྒྲིབ་ཡོད་པ་ངས་མ་ཤེས།།

 

སྤྱོད་མེད་་རི་རྒྱལ་ལྟ་བུ་མ་གཏོགས་པར།།

གཡོ་འགུལ་འགྲོ་རྒྱུག་ཡོད་པ་ངས་མ་ཤེས།།

འགག་མེད་ཆུ་བོའི་རྒྱུན་བཞིན་མ་གཏོགས་པར།།

སྟོང་གསལ་སྐྱེ་འགག་ཡོད་པ་ངས་མ་ཤེས།།

 

འབྱུང་ཁམས་དཔེ་འདྲ་བཞག་པ་མ་གཏོགས་པར།།

དངོས་སུ་དངོས་པོ་གྲུབ་པ་ངས་མ་ཤེས།།

ནམ་མཁའ་གཡའ་དག་ལྟ་བུ་མ་གཏོགས་པར།།

སྟོང་ཉིད་འཕོ་འགྱུར་ཡོད་པ་ངས་མ་ཤེས།།

 

མ་རྟོགས་གཉིས་འཛིན་རྣམ་རྟོག་མ་གཏོགས་པར།།

དགྲ་བདུད་བགེགས་རིགས་གཞན་ཞིག་ངས་མ་ཤེས།།

མ་རིག་འཁོར་བ་འཁྱམ་པ་མ་གཏོགས་པར།།

ཁམས་གསུམ་རིགས་དྲུག་གཞན་ཞིག་ངས་མ་ཤེས།།

 

ཡེ་གྲོལ་དྲི་མེད་ཀུན་བཟང་མ་གཏོགས་པར།།

དག་པའི་སངས་རྒྱས་གཞན་ཞིག་ངས་མ་ཤེས།།

རང་སེམས་སྐུ་གསུམ་སངས་རྒྱས་མ་གཏོགས་པར།།

སངས་རྒྱས་ཟེར་བ་གཞན་ཞིག་ངས་མ་ཤེས།།

 

རྟོག་མེད་རྣམ་དག་དྲི་བྲལ་མ་གཏོགས་པར།།

ཉོན་མོངས་ཤེས་བྱའི་སྒྲིབ་པ་ངས་མ་ཤེས།།

རང་རྒྱུད་གཞན་ཕན་དོན་གཉེར་མ་གཏོགས་པར།།

བདག་དོན་གཞན་དོན་མང་པོ་ངས་མ་ཤེས།།

 

རང་སེམས་སྐུ་གསུམ་བདག་ཉིད་མ་གཏོགས་པར།།

སངས་རྒྱས་ཟེར་བ་གཞན་ཞིག་ངས་མ་ཤེས།།

སྟོང་གསལ་དབྱེར་མེད་ཉག་གཅིག་མ་གཏོགས་པར།།

བརྒྱད་ཁྲི་བཞི་སྟོང་རྣམ་དབྱེ་ངས་མ་ཤེས་།།

 

སྟོང་ཉིད་ལྟ་བ་གཅིག་ཆོད་མ་གཏོགས་པར།།

ཕྱི་ནང་གསང་གསུམ་རྣམ་གཞག་ངས་མ་ཤེས།།

རང་བྱུང་རིག་པ་གཅེར་མཐོང་མ་གཏོགས་པར།།

སྒོ་བཞི་མཛོད་ལྔའི་ཐེག་རིམ་ངས་མ་ཤེས།།

 

ཉོན་མོངས་དུག་ལྔ་ཡེ་ལྔ་མ་གཏོགས་པར།།

དུག་དང་ཡེ་ཤེས་སྤང་ལེན་ངས་མ་ཤེས།།

ལྷ་འདྲེ་གཉིས་མེད་རང་སེམས་མ་གཏོགས་པར།།

ལྷ་འདྲེ་རེ་དོག་གཉིས་འཛིན་ངས་མ་ཤེས།།

 

ཡེ་སྟོང་རྩ་བྲལ་ཟང་ཐལ་མ་གཏོགས་པར།།

སྣང་སྲིད་ཕྱི་ནང་འཁོར་འདས་ངས་མ་ཤེས།།

གཞི་མེད་ཀ་དག་དྲི་བྲལ་མ་གཏོགས་པར།།

བྱིང་རྨུགས་འཕྲོ་རྒོད་གོལ་སར་ངས་མ་ཤེས།།

 

སྣང་བ་རྨི་ལམ་སྒྱུ་མར་མ་གཏོགས་པར།།

སྣང་བ་སྣ་ཚོགས་བདེན་འཛིན་ངས་མ་ཤེས་།།

རྣམ་རྟོག་བག་ཆགས་འཁྲུལ་བ་མ་གཏོགས་པར།།

བག་ཆགས་འཁྲུལ་སྣང་བདེན་འཛིན་ངས་མ་ཤེས་།།

 

བོན་ཅན་བོན་ཉིད་སྟོང་པ་མ་གཏོགས་པར།།

ཡུལ་དང་ཡུལ་ཅན་གཉིས་སུ་ངས་མ་ཤེས།།

ཆགས་མེད་ཞེན་མེད་འཛིན་མེད་མ་གཏོགས་པར།།

རྣམ་རྟོག་འཁྲུལ་བའི་གཟུང་འཛིན་ངས་མ་ཤེས།།

 

གཞི་གནས་རང་བྱུང་ཡེ་ཤེས་མ་གཏོགས་པར།།

ཀ་དག་ཁྲིག་ཆོད་གཞན་ཞིག་ངས་མ་ཤེས།།

དབྱིངས་རིག་འདུ་འབྲལ་མེད་པ་མ་གཏོགས་པར།།

ལྷུན་གྲུབ་ཐོད་རྒལ་གཞན་ཞིག་ངས་མ་ཤེས།།

 

རྟེན་མེད་གཏད་མེད་ཧ་རེ་མ་གཏོགས་པར།།

རྟེན་གཞི་གཏད་སོ་ཡོད་པ་ངས་མ་ཤེས།།

གཞི་མེད་དངོས་མེད་ས་ལེ་མ་གཏོགས་པར།།

གཞི་རྩ་དངོས་པོ་ཡོད་པ་ངས་མ་ཤེས།།

 

རྟོགས་དང་མ་རྟོགས་ཁྱད་པར་མ་གཏོགས་པར།།

སངས་རྒྱས་སེམས་ཅན་གཉིས་སུ་ངས་མ་ཤེས།།

གྲོལ་འཁྲུལ་གཉིས་ཀྱི་ཁྱད་པར་མ་གཏོགས་པར།།

གཞི་ལ་འཁོར་འདས་གཉིས་སུ་ངས་མ་ཤེས།།

 

སེམས་ཉིད་རྫོགས་པ་ཆེན་པོ་མ་གཏོགས་པར།།

འཁོར་འདས་རྫོགས་རིམ་གཞན་ཞིག་ངས་མ་ཤེས།།

གསལ་སྟོང་ཐེག་ལེ་ཉག་གཅིག་མ་གཏོགས་པར།།

ཀུན་ཏུ་བཟང་པོ་གཞན་ཞིག་ངས་མ་ཤེས།།

 

སེམས་ཉིད་སྟོང་ཉིད་ངང་ཉིད་མ་གཏོགས་པར།།

དབྱིངས་ཉིད་ཡངས་དོག་ཡོད་པ་ངས་མ་ཤེས།།

རང་བྱུང་རང་བཞིན་རང་གསལ་མ་གཏོགས་པར།།

རང་རིག་གསལ་སྒྲིབ་ཡོད་པ་ངས་མ་ཤེས།།

 

དབྱིངས་ཆེན་འབྱམས་ཡས་སྤྲོས་བྲལ་མ་གཏོགས་པར།།

ཕྱི་ནང་བར་མཚམས་ཡོད་པ་ངས་མ་ཤེས།།

རང་རིག་ཡེ་ཤེས་རང་གསལ་མ་གཏོགས་པར།།

གསལ་སྒྲིབ་འཆར་འགྲིབ་ཡོད་པ་ངས་མ་ཤེས།།

 

ཉོན་མོངས་དུག་ལྔ་ཡེ་ཤེས་མ་གཏོགས་པར།།

ཉོན་མོངས་གང་ཤར་ཡེ་ཤེས་རང་ངོ་ཤེས།།

རོལ་རྩལ་སྣ་ཚོགས་རིག་རྩལ་མ་གཏོགས་པར།།

རོལ་རྩལ་ཤར་བཞིན་རིག་པའི་རང་མདང་དྭངས།།

 

རང་སྣང་གང་ཤར་རང་སེམས་སྟོང་པ་ལ།།

སྣང་བ་སྣ་ཚོགས་གང་ཤར་རྗེས་འཛིན་མེད།།

རྣམ་རྟོག་དྲི་མེད་རང་རིག་རང་གསལ་ལ།།

བློ་རྟོག་སྣ་ཚོགས་བག་ཆགས་གཞི་རྩ་མེད།།

 

ཐུགས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ།།

སེམས་དང་སེམས་བྱུང་ངོ་བོ་གཉིས་སུ་མེད།།

རིག་པའི་རྩལ་ཤར་རང་བྱུང་ལྷུན་གྲུབ་ལ།།

ཡུལ་དང་ཡུལ་ཅན་བསམ་ཡུལ་གཉིས་སུ་མེད།།

 

གནས་ལུགས་དོན་དམ་སྟོང་ཉིད་བདག་པོ་ལ།།

ནོར་སྐྱོན་གོལ་བའི་འཁྲུལ་ལྷད་ཞུགས་ས་མེད།།

སེམས་རིག་དབྱེར་མེད་རིག་སྟོང་ཟང་ཐལ་ལ།།

ཉོན་མོངས་དུག་ལྔའི་སྡིག་ལྷད་ཞུགས་ས་མེད།།

 

ཀ་དག་དྲི་མེད་རང་བྱུང་ཡེ་ཤེས་ལ།།

མ་རིག་བག་ཆགས་དྲི་མ་གོས་ས་མེད།།

གསལ་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་ལ།།

སྐྱོན་ཡོན་གྲོལ་འཁྲུལ་བཟང་ངན་རྩ་བ་མེད།།

 

རྩོལ་བྲལ་འབད་མེད་ལྷུན་གྱིས་གྲུབ་པ་ལ།།

བརྩལ་བའི་སྙིང་པོ་གང་ཡང་རྙེད་རྒྱུ་མེད།།

ལྟས་པས་མ་མཐོང་བཙལ་བས་མ་རྙེད་ལ།།

མ་བསམ་རང་བབ་གཏད་མེད་ཧར་གྱིས་མཐོང་།།

 

ཇི་བཞིན་ལྟ་བའི་རང་ཚུགས་ཐུབ་པ་ལ།།

དགེ་སྡིག་དཀར་ནག་ས་བོན་འཇོག་ས་མེད།།

ནམ་མཁའ་སྟོང་པ་གཟུགས་རིས་མི་ཆགས་བཞིན།།

ཉི་མའི་འོད་ལམ་མུན་པ་མི་འཐིབ་འདྲ།།

 

འདྲིས་ཆེན་རང་སེམས་རང་ངོ་ཤེས་མཁན་མེད

ཐག་ཉེ་རང་སེམས་རང་ངོ་རིག་མཁན་མེད།།

ཤེས་ཤེས་གསལ་གསལ་རང་ངོ་ཤེས་མཁན་མེད།།

རིག་རིག་ཤེས་ཤེས་རང་ངོ་རིག་མཁན་མེད།།

 

འདྲིས་ཆེན་མ་ཤེས་རང་སེམས་མ་ཤེས་འཁྲུལ།།

ཐག་ཉེ་མ་རིག་རང་སེམས་མ་རིག་འཁྲུལ།།

ཤེས་ཤེས་གསལ་གསལ་མ་ཤེས་འཁོར་བར་འཁྲུལ།།

རིག་རིག་ཤེས་ཤེས་མ་རིག་ཉོན་མོངས་འཁྲུལ།།

 

གནས་ལུགས་དོན་དམ་རིག་སྟོང་ཟང་ཐལ་འདི།།

རིག་གནས་ཚན་རིག་སུ་མཁས་ཤེས་མཁན་མེད།།

མ་རྟོགས་སེམས་ཅན་སྣང་ཡུལ་བློ་ཡུལ་མེད།།

རྟོགས་པའི་རྣལ་འབྱོར་ཉམས་ལ་གསལ་སྒྲིབ་མེད།།

 

སྲིད་གསུམ་འཁོར་འདས་དབྱེར་མེད་དོན་རྟོགས་ནས།།

ཁམས་གསུམ་རིགས་དྲུག་རང་སེམས་དོན་རྟོགས་ཤོག

སྟོང་གསུམ་འཇིག་རྟེན་འཁོར་བའི་གནས་སྟོང་ནས།།

སྐུ་གསུམ་སངས་རྒྱས་རྒྱལ་སར་འཁོད་པར་ཤོག

     ༈ ཅེས་པ་འདི་ནི་མི་ཚེའི་ལམ་བུ་ཉམས་མྱོང་ཁ་རི་ཁ་ཐུག་ཞེས་པ་སྤུ་ལ་བ་བཟོ་སྦྱིན་པ་ཚུལ་ཁྲིམས་སམ་གཡུང་དྲུང་བསྟན་མཆོག་ནས་བྲིས་པའོ།། །།བཀྲ་ཤིས་ལེགས་སོ།།

 

微信图片_20190506224525.jpg

༼རྩོམ་པ་པོ། བཟོ་སྦྱིན་པ་ཚུལ་ཁྲིམས་སམ་གཡུང་དྲུང་བསྟན་མཆོག༽

༄༅།།ཚན་པ་གསུམ་པ། ལྟ་སྒོམ་སྤྱོད་གསུམ་མ་བཅོས་ཀ་དག་རང་རིག་ཀ་ལིའིགླུ་ཆུང་བཞུགས་སྭོ།།

 

ལྟ་བ་ལྟ་མེད་སྟོང་པའི་རང་ཞལ་མཇལ།།

མཇལ་བཞིན་སྟོང་པས་སྟོང་པའི་རང་ངོ་ཤེས།།

ཤེས་བཞིན་སྟོང་པའི་རང་ཞལ་ཉམས་སུ་།།

ལྟ་ཡུལ་ལྟ་མཁན་གཉིས་མེད་སྟོང་གསལ་ངང་།།

 

སྒོམ་པ་ཡེངས་མེད་རང་རིག་རང་གསལ་རང་།།

རང་གསལ་རིག་པ་རང་ཤར་རང་ངོ་ཤེས།།

ཤེས་བཞིན་རང་གསལ་རང་ཞལ་ཉམས་སུ་སྒོམ།།

སྒོམ་ཡུལ་སྒོམ་མཁན་གཉིས་མེད་གསལ་སྟོང་ངང་།།

 

སྤྱོད་པ་འཆལ་མེད་དགག་སྒྲུབ་མེད་པའི་སྩལ།།

སྩལ་ཤར་སྟོང་གསལ་གཉིས་མེད་རང་ངོ་ཤེས།།

ཤེས་བཞིན་སྩལ་ཤར་རང་ཞལ་ཉམས་སུ་སྤྱོད།།

སྤྱོད་ཡུལ་སྤྱོད་མཁན་གཉིས་མེད་གཉུག་མའི་ངང་།།

 

ཀ་དག་གཉུག་མའིརང་ཞལ་ཨེ་མ་རྨད།།

ཁ་དོག་དངོས་མེད་རང་བཞིན་ལྷུན་གྱིས་གྲུབ།།

ག་དུས་ཤར་གྲོལ་དུས་མཉམ་ངང་ལ་གནས།།

ང་བདག་འཛིན་མེད་རང་ཤར་རང་གྲོལ་དུ།།

 

ཅ་ཟིང་འཁྲུལ་མེད་གང་སྣང་གང་ཤར་ཀུན།།

ཆ་ཡོད་བཞིན་དུ་སྟོང་རིག་མ་བུ་འཕྲད།།

ཇ་ཆུ་དཔེ་བཞིན་སྟོང་གསལ་དབྱེར་མེད་དུ།།

ཉ་གང་དུང་ཟླ་ཆུ་ཤར་གཟུགས་བཞིན་དྭངས།།

 

ཏ་ལེར་རིག་སྟོང་ཟང་ཐལ་ཧ་རེར་གསལ།།

ཐ་གྲུ་སྟེང་འོག་ཕྱོགས་མཚམས་ཕྱི་ནང་མེད།།

ད་ལྟ་རང་སེམས་ནམ་མཁར་གཡའ་དག་བཞིན།།

ན་བུན་ལྟ་བུའི་མ་རིག་མུན་པ་སངས།།

 

པ་ཏྲ་ལྟ་བུའི་གཟུགས་རིས་མཚན་གཞི་མེད།།

ཕ་མཐའ་མེད་པ་ནམ་མཁའ་ལྟ་བུ་བཞིན།།

བ་མོ་འཁྱགས་རྡུལ་ཆུས་ནང་ཆུ་ཐིམ་འདྲ།།

མ་བཅོས་ཉོན་མོངས་མ་སྤོང་ཡེ་ཤེས་གྲོལ།།

 

ཙ་བ་རང་སེམས་རང་ངོ་ཤེས་པའི་དུས།།

ཚ་གྲང་སྡུག་བསྔལ་སྐྱེ་འཆིའི་འཇིགས་པ་མེད།།

ཛ་ལང་ངན་ཤོར་སྣང་རྟོག་བག་ཆགས་འགྲིབ།།

ཝ་ལེར་རང་ཞལ་སྟོང་གསལ་ཉག་གཅིག་ཤར།།

 

ཞ་གབ་བག་ལ་མ་ཉལ་རྣལ་འབྱོར་པ།།

ཟ་ཉལ་འགྲོ་འདུག་ཡེངས་མེད་གོམས་པའི་དུས།།

འ་ཅག་རང་ངོ་ཟེར་བ་འདི་རང་ཡིན།།

ཡ་ཐོག་དཔག་མེད་ད་ལྟའི་དུས་འདིར་བར།།

 

ར་སྤྲོད་མ་རྙེད་རང་ངོ་མ་ཤེས་འཁྲུལ།།

ལ་འུར་ད་རེས་བརྩོལ་མེད་རང་ཞལ་འདི།།

ཤ་ཁྲག་གཟུགས་མེད་རང་བྱུང་ཡེ་ཤེས་ཡིན།།

ས་སྟེང་བཙལ་མེད་སྟོང་གཟུགས་དྭངས་གསལ་འདི།།

 

ཧ་ཧ་སྟོང་ཧར་གསལ་སིང་ས་ལེར་ངང་།།

ཨ་དཀར་རང་རིག་སྐུ་གསུམ་ངོ་བོ་ཉིད།།

ཀ་དག་དྲི་མེད་སེམས་ཉིད་རང་བཞིན་དབྱིངས།།

ཨ་དཀར་སྐྱེ་མེད་ཐིག་ལེ་ཉག་གཅིག་ཤར།།

 

ཐིག་ནི་སྐྱེ་མེད་སྟོང་པ་བོན་སྐུ་ཉིད།།

ལེ་ནི་འགག་མེད་གསལ་བ་རྫོགས་སྐུ་ཉིད།།

ཉག་ནི་གཉིས་མེད་སྟོང་གསལ་སྤྲུལ་སྐུ་ཉིད།།
གཅིག་ནི་བདག་མེད་ངོ་བོ་ཉིད་སྐུ་ཉིད།།

    ༈ ཅེས་པ་འདི་ནི་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་ཐོན་པ་འཆི་མེད་ལྷུན་གྲུབ་ཀྱིས་འདི་འདྲ་ཞིག་འབྲི་དགོས་ཞེས་ཡང་ཡང་ཡིག་འཕྲིན་བསྐུར་ངོར་ཟློག་མ་ཕོད་པར སྤུ་ལའི་སྤྲང་འཁྱམས་མཚམས་མིང་པ་བཟོ་སྦྱིན་པ་ཚུལ་ཁྲིམས་སམ་གཡུང་དྲུང་བསྟན་མཆོག་གིས་༢༠༡༥ལོ་ཟླ་བ་༧པའི་༢༧ཉིན་རྒྱལ་ཕུར་འགྲུབ་སྦྱོར་ཉིན་རྟན་འབྲེལ་ཁྱད་དུ  གཉུག་མའི་གནས་ལུགས་མ་བཅོས་རང་བབ་ཇི་བཞིན་ཉིད་དུ་རིག་རྩལ་མ་འགག་པའི་ངང་ནས་འདི་བྲིས་པ་དགེ  བཀྲ་ཤིས་པར་གྱུར་ཅིག    གུས་རང་རིག་གནས་ཀྱི་ཆུ་ཚད་དམན་པས་ཡིག་ཉོབ་འདི་ལ་ཆད་ལྷག་དང་ཡིག་ནོར་མང་བས་གཟིགས་པ་པོ་རྣམ་པས་ཚིག་དོན་ནོར་བཅོས་ཡོད་པར་ཞུ།།


མ་ལུས་སྡིག་བཤགས་སྒྲིབ་པ་ཀུན་འཇོམས་གཞུགས་སྭོ།།

དང་པོ་སྐྱབས་སུ་འགྲོ་བ་ནི།།
མ་ལུས་གནས་བཞིས་བདག་ལ་དགོངས་སུ་གསོལ།།
མ་བཞིན་དཔོན་གསས་བདག་ལ་དགོངས་སུ་གསོལ།།
མ་དངོས་སངས་རྒྱས་བདག་ལ་དགོངས་སུ་གསོལ།།
མ་བཅོས་བོན་གྱིས་བདག་ལ་དགོངས་སུ་གསོལ།།
མ་འབོར་སེམས་དཔས་བདག་ལ་དགོངས་སུ་གསོལ།།
མ་སྒྲིབ་བདེར་གཤེགས་བདག་ལ་དགོངས་སུ་གསོལ།།
མ་སྲིང་རིག་འཛིན་བདག་ལ་དགོངས་སུ་གསོལ།།
མ་བྲལ་ཡི་དམ་བདག་ལ་དགོངས་སུ་གསོལ།།
མ་རྒྱུད་ལྷ་ཚོགས་བདག་ལ་དགོངས་སུ་གསོལ།།
མ་གཡེལ་བསྟན་སྲུང་བདག་ལ་དགོངས་སུ་གསོལ།།
མ་གཅིག་སྲིད་རྒྱལ་བདག་ལ་དགོངས་སུ་གསོལ།།
མ་མཐོང་མེད་པར་བདག་ལ་དགོངས་སུ་གསོལ།།
མ་ཐོས་མེད་པར་བདག་ལ་དགོངས་སུ་གསོལ།།
མ་མཁྱེན་མེད་པར་བདག་ལ་དགོངས་སུ་གསོལ།།
མ་ཚང་མེད་པར་བདག་ལ་དགོངས་སུ་གསོལ།།
མ་མཇལ་མེད་པར་བདག་ལ་དགོངས་སུ་གསོལ།།
མ་དད་མེད་པར་བདག་ལ་དགོངས་སུ་གསོལ།།
མ་ཁྱབ་མེད་པར་བདག་ལ་དགོངས་སུ་གསོལ།།
མ་རྟོགས་ཡེ་ཤེས་བདག་ལ་དགོངས་སུ་གསོལ།།
མ་ནུས་ཉམས་ཐག་བདག་ལ་དགོངས་སུ་གསོལ།།
གཉིས་པ་ཉོན་མོངས་དུག་ལྔའི་བཤགས་པ་ནི།།
མ་ཤེས་མ་རིག་མ་རྟོགས་མ་ལུས་བཤགས།།
མ་ཤེས་ཁམས་གསུམ་འཁོར་བའི་ཉེས་ལྟུང་བཤགས།།
མ་རིག་སེམས་ཅན་སྡིག་བསགས་ཉེས་ལྟུང་བཤགས།།
མ་རྟོགས་རང་སེམས་སངས་རྒྱས་མ་གྲོལ་བཤགས།།
མ་ལུས་ཉོན་མོངས་དུག་ལྔའི་སྡིག་སྒྲིབ་བཤགས།།
མ་བྱམས་ཞེ་སྡང་ཁོང་ཁྲོ་བཟོད་མེད་བཤགས།།
མ་ངོམས་འདོད་ཆགས་མ་བྱིན་ལོག་གཡེམ་བཤགས།།
མ་རིག་གཏི་མུག་མགོ་འཁོར་རྨོངས་པ་བཤགས།།
མ་གཅོམ་ང་རྒྱལ་སྤོབ་སེམས་ཁེངས་དྲེགས་བཤགས།།
མ་བཟོད་ཕྲག་དོག་རུ་ང་འཁོན་འཛིན་བཤགས།།
མ་དག་དུག་ལྔའི་བག་ཆགས་སྡིག་སྒྲིབ་བཤགས།།
མ་ལུས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བཤགས།།
མ་བྱམས་ཞེ་སྡང་དབང་གིས་སྲོག་བཅད་བཤགས།།
མ་བྱམས་རང་གིས་སེམས་ཅན་བསད་པ་བཤགས།།
མ་བྱམས་གཞན་གྱིས་བསད་པ་ཡི་རང་བཤགས།།
མ་བྱམས་ཞེ་སྡང་དབང་གིས་སྡིག་སྒྲིབ་བཤགས།།
མ་ངོམས་འདོད་ཆགས་དབང་གིས་སེར་སྣ་བཤགས།།
མ་ངོམས་རང་གིས་མ་བྱིན་རྐུ་འཕྲོག་བཤགས།།
མ་ངོམས་འདོད་གཡེམ་མི་གཙང་སྤྱད་པ་བཤགས།།
མ་ངོམས་འདོད་ཆགས་དབང་གིས་སྡིག་སྒྲིབ་བཤགས།།
མ་རིག་གཏི་མུག་དབང་གིས་རྨོངས་འཐིབས་བཤགས།།
མ་རིག་རང་སེམས་འཁོར་བར་འཁྲུལ་པ་བཤགས།།
མ་རིག་རང་རིག་ཡེ་ཤེས་མ་ཤེས་བཤགས།།
མ་རིག་གཏི་མུག་དབང་གིས་སྡིག་སྒྲིབ་བཤགས།།
མ་གཅོམ་ང་རྒྱལ་དབང་གིས་ཁེངས་དྲེགས་བཤགས།།
མ་གཅོམ་དབང་ཡོད་ཆེ་བཙན་སྙན་གྲགས་བཤགས།།
མ་བཅོམ་རང་ཆེ་གཞན་སྨད་ཁྱད་གསོད་བཤགས།།
མ་གཅོམ་ང་རྒྱལ་དབང་གིས་སྡིག་སྒྲིབ་བཤགས།།
མ་བཟོད་ཕྲག་དོག་གཞན་ལ་སྐྱེས་པ་བཤགས།།
མ་བཟོད་བདེ་སྐྱིད་ཡོན་ཏན་འགྲན་པ་བཤགས།།
མ་འདོད་གཞན་གྱིས་བསོད་ནམས་དམོད་པ་བཤགས།།
མ་བཟོད་ཕྲག་དོག་དབང་གིས་སྡིག་སྒྲིབ་བཤགས།།
མ་རྟོགས་ཉོན་མོངས་དབང་གིས་དུག་ལྔ་བཤགས།།
མ་རྟོགས་འཁོར་འདས་གྲོལ་འཁྲུལ་མ་ཤེས་བཤགས།།
མ་རྟོགས་བདེ་སྡུག་དགེ་སྡིག་མ་ཤེས་བཤགས།།
མ་རྟོགས་དུག་ལྔའི་དབང་གིས་སྡིག་སྒྲིབ་བཤགས།།
གསུམ་པ་མི་དགེ་བ་བཅུ་ཡི་བཤགས་པ་ནི།།
མ་གནོང་མི་དགེ་བཅུ་ཡི་སྡིག་སྒྲིབ་བཤགས།།
མ་བྱང་ལུས་ཀྱི་སྒྲིབ་པ་ལུས་ཀྱིས་བཤགས།།
མ་བྱིན་སྲོག་གཅོད་མི་ཚངས་སྤྱད་པ་བཤགས།།
མ་གདམས་ངག་གི་སྒྲིབ་པ་ངག་གིས་བཤགས།།
མ་རབས་རྫུན་ཕྲ་ཚིག་རྩུབ་ངག་འཆལ་བཤགས།།
མ་འགྱོད་ཡིད་ཀྱི་སྒྲིབ་པ་ཡིད་ཀྱིས་བཤགས།།
མ་ཐུལ་མངན་སེམས་གནོད་སེམས་ལོག་ལྟ་བཤགས།།
བཞི་པ་མཚམས་མེད་པ་ཡི་བཤགས་པ་ནི།།
མ་དག་མཚམས་མེད་པ་ཡི་སྡིག་སྒྲིབ་བཤགས།།
མ་ཞེད་སློབ་མས་སློབ་དཔོན་བསད་པ་བཤགས།།
མ་འཚེར་གྲོགས་པོས་གྲོགས་མོ་བསད་པ་བཤགས།།
མ་གཅེས་ཕྲུག་གུས་ཕ་མ་བསད་པ་བཤགས།།
མ་སྐྲག་ནག་མོས་སྐྱེས་པ་བསད་པ་བཤགས།།
མ་དགའ་ཁྱིམ་པས་དགེ་བྱེད་བསད་པ་བཤགས།།
མ་མིན་ལྐོག་ནོར་མིང་ཕྲུག་བསད་པ་བཤགས།།
མ་ཐ་བླ་གྲྭས་གང་ཟག་བསད་པ་བཤགས།།
མ་མངལ་གྲྭ་ཇོས་བུ་ཕྲུག་བསད་པ་བཤགས།།
མ་བརྩེ་གཉེན་ཉེ་ནང་དམེ་བསད་པ་བཤགས།།
མ་རྩིས་མཆེད་གྲོགས་ཕན་ཚུན་བསད་པ་བཤགས།།
མ་འཆམས་བཟའ་མི་ཕན་ཚུན་བསད་པ་བཤགས།།
མ་ཁྲེལ་མནའ་ཤག་ཕན་ཚུན་བསད་པ་བཤགས།།
མ་འབྲི་སྒོ་ཟོག་དྲིན་ཆེན་བསད་པ་བཤགས།།
མ་སྐྱོང་རི་སྐྱེས་སྲོག་ཆགས་བསད་པ་བཤགས།།
མ་དྲོས་ཉ་སྦལ་ཆུ་གནས་བསད་པ་བཤགས།།
མ་བསྡད་གནམ་ལ་འཕུར་དགུ་བསད་པ་བཤགས།།
མ་འདྲ་ས་ལ་འཛུལ་བཅུ་བསད་པ་བཤགས།།
མ་ནུས་བར་ལ་འགྲིམས་དགུ་བསད་པ་བཤགས།།
མ་གཟབ་སྣང་མེད་འབུ་སྲིན་བསད་པ་བཤགས།།
མ་ཤེས་མ་ཚོར་ཐམས་ཅད་བསད་པ་བཤགས།།
མ་གྱུར་སེམས་ཅན་ཉེས་མེད་བསད་པ་བཤགས།།
མ་དང་ཟླ་གྲོགས་གསོན་སེམས་བསད་པ་བཤགས།།
མ་ལེགས་རྐྱེན་ངན་རང་སྲོག་བཅད་པ་བཤགས།།
ལྔ་པ་ལྗི་བ་བཞི་ཡི་བཤགས་པ་ནི།།
མ་དད་རྩ་བའི་བླ་མའི་ཐུགས་དཀྲུགས་བཤགས།།
མ་རབས་སྡིག་ཆེན་གྲོགས་སུ་བསྟེན་པ་བཤགས།།
མ་གུས་དགེ་བྱེད་བར་ཆད་གཏོང་བ་བཤགས།།
མ་ལག་ཁས་བླངས་ལས་ལ་ལྡོག་པ་བཤགས།།
དྲུག་པ་ལོགས་པ་བརྒྱད་བཤགས་པ་ནི།།
མ་བསྡད་རི་རྩེར་ཀི་སྒྲ་བཏབ་པ་བཤགས།།
མ་གི་ཆུ་བོ་གལ་བསྒྱུར་གྲམ་སྐམ་བཤགས།།
མ་དྲོས་རྒྱ་མཚོའི་གཏིང་དཀྲུགས་དུག་སྦྱོར་བཤགས།།
མ་དྲིས་བླང་བྱའི་ལུང་ལོགས་བསྟན་པ་བཤགས།།
མ་སྡེ་ཡུལ་ལུང་འཐབ་རྩོད་སློང་བ་བཤགས།།
མ་སྲིང་མངལ་དུ་སྦྱོར་བ་སྤྱད་པ་བཤགས།།
མ་དང་ཕ་སོགས་སློབ་དཔོན་མངན་བརྗོད་བཤགས།།
བདུན་པ་འཁྲུལ་པ་དགུའི་བཤགས་པ་ནི།།
མ་གྲོལ་རྨི་ལམ་སྒྱུ་མར་འཁྲུལ་བ་བཤགས།།
མ་གྲོལ་རྣམ་པར་རྟོག་པ་འཁྲུལ་བ་བཤགས།།
མ་གྲོལ་རྒྱུན་གྱི་གཡེངས་བས་འཁྲུལ་བ་བཤགས།།
མ་གྲོལ་བག་ཆགས་མཚན་འཛིན་འཁྲུལ་བ་བཤགས།།
མ་གྲོལ་གཞན་ལ་འཚེ་བ་འཁྲུལ་བ་བཤགས།།
མ་གྲོལ་ཡུལ་གདུང་བག་ཆགས་འཁྲུལ་བ་བཤགས།།
མ་གྲོལ་འཁོར་བར་གདུང་བ་འཁྲུལ་བ་བཤགས།།
མ་གྲོལ་ལས་ཀྱི་རྐྱེན་དངོས་འཁྲུལ་བ་བཤགས།།
བརྒྱད་པ་ལྟ་བ་ལོག་ལྟའི་བཤགས་པ་ནི།།
མ་འོངས་ཡིད་ལ་ལས་འབྲས་ལོག་ལྟ་བཤགས།།
མ་འོངས་ཡིད་ལ་དཀོན་མཆོག་ལོག་ལྟ་བཤགས།།
མ་འོངས་ཡིད་ལ་བདེན་པར་ལོག་ལྟ་བཤགས།།
དགུ་པ་ལོགས་པར་འདོད་པའི་བཤགས་་པ་ནི།།
མ་འོངས་བླ་མའི་དཀོར་ནོར་རློམས་འདོད་བཤགས།།
མ་འོངས་འཁོར་བར་འདབ་ཆེའི་རེ་འདོད་བཤགས།།
མ་འོངས་ཕྱོགས་འཛིན་སློབ་བུ་མང་འདོད་བཤགས།།
མ་འོངས་ཁེ་གྲགས་གཏམ་སྙན་ཁྱབ་འདོད་བཤགས།།
མ་འོངས་ཚེ་འདིའི་ཆེ་ཐབས་བསམ་འདོད་བཤགས།།
བཅུ་པ་ལོག་སྡེ་ལྔ་ཡི་བཤགས་པ་ནི།།
མ་དག་གཡུང་དྲུང་བོན་བསྟན་བཤིགས་པ་བཤགས།།
མ་དག་སྟོང་གསུམ་རྔ་ཐོག་དཀོར་འབག་བཤགས།།
མ་དག་དུས་གསུམ་གཤེན་རབ་སྨད་པ་བཤགས།།
མ་དག་ཕྲིན་ལས་ཟབ་མོ་ལྡོག་པ་བཤགས།།
མ་དག་དགེ་བའི་ལས་ལ་བར་གཅོད་བཤགས།།
བཅུ་གཅིག་ལོག་གཡེམ་སྤྱད་པའི་བཤགས་པ་ནི།།
མ་རབས་བགྲོད་བྱ་མིན་པར་ལོག་གཡེམ་བཤགས།།
མ་རབས་ཡན་ལག་མིན་པར་ལོག་གཡེམ་བཤགས།།
མ་རབས་བདག་མོ་བྱི་བྱས་ལོག་གཡེམ་བཤགས།།
མ་རབས་རང་གི་སྦྲུམ་མ་ལོག་གཡེམ་བཤགས།།
མ་རབས་དུས་མིན་ལོག་གཡེམ་སྤྱད་པ་བཤགས།།
མ་རབས་གནས་མིན་ལོག་གཡེམ་སྤྱད་པ་བཤགས།།
མ་རབས་ཚུལ་མིན་ལོག་གཡེམ་སྤྱད་པ་བཤགས།།
མ་རབས་བཙན་ཤེད་ལོག་གཡེམ་སྤྱད་པ་བཤགས།།
མ་རབས་དམ་ཉམས་ལོག་གཡེམ་སྤྱད་པ་བཤགས།།
བཅུ་གཉིས་མདོ་སྡོམ་ཉམས་བཤགས་ནི།།
མ་སྡོམ་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་བཤགས།།
མ་སྡོམ་གཙང་ཁྲིམས་ཉི་ཤུ་རྩ་ལྔ་བཤགས།།
མ་སྡོམ་དྲང་སྲོང་ཉིས་བརྒྱ་ལྔ་བཅུ་བཤགས།།
མ་སྡོམ་མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་བཤགས།།
མ་སྡོམ་འདུལ་ཁྲིམས་ཕོ་མོ་ཉམས་ཆག་བཤགས།།
མ་སྡོམ་མདོ་སྡོམ་འདུལ་ཁྲིམས་ཉམས་ཆག་བཤགས།།
མ་སྡོམ་རྩ་བའི་དམ་ཚིག་ཉམས་ཆག་བཤགས།།
མ་སྡོམ་ཡན་ལག་དམ་ཚིག་ཉམས་ཆག་བཤགས།།
མ་སྡོམ་ཉིང་ལག་དམ་ཚིག་ཉམས་ཆག་བཤགས།།
མ་སྡོམ་ཕྱི་ཚུལ་ནང་ཁྲིམས་ཉམས་ཆག་བཤགས།།
མ་སྡོམ་དགེ་བསྙེན་དྲང་སྲོང་ཐེག་ཉམས་བཤགས།།
བཅུ་གསུམ་སྔགས་སྡོམ་ཉམས་བཤགས་ནི།།
མ་ཤེས་ཕྱག་མཆོད་ལུས་ཀྱི་ཉམས་ཆག་བཤགས།།
མ་ཤེས་འཛབ་བསྙེན་ངག་གི་ཉམས་ཆག་བཤགས།།
མ་ཤེས་སྐྱེད་རྫོགས་ཡིད་ཀྱི་ཉམས་ཆག་བཤགས།།
མ་ཤེས་ཞི་ཁྲོ་རང་སེམས་མ་རྟོགས་བཤགས།།
མ་ཤེས་སྟོང་ཉིད་སྙིང་རྗེ་མ་རྟོགས་བཤགས།།
མ་ཤེས་དབྱིངས་བསྒྲལ་རྣམ་ཤེས་བོར་བ་བཤགས།།
མ་ཤེས་བཏང་བཞག་ཚོད་འཛིན་གོ་ལྡོག་བཤགས།།
མ་ཤེས་ལྷག་ཆད་ནོར་འཁྲུལ་ཀློག་རྫུན་བཤགས།།
མ་ཤེས་བུག་རལ་ཟགས་གསུམ་ཤོར་བ་བཤགས།།
མ་ཤེས་གསང་སྔགས་ལམ་རིམ་མ་རྟོགས་བཤགས།།
མ་ཤེས་གསང་སྔགས་དམ་ཚིག་ཉམས་པ་བཤགས།།
མ་ཤེས་སྦྱོར་དངོས་རྗེས་གསུམ་ཉམས་ཆག་བཤགས།།
མ་ཤེས་ཨ་དཀར་ཡེ་ཤེས་ཐེག་ཉམས་བཤགས།།
བཅུ་བཞི་སེམས་སྡོམ་ཉམས་བཤགས་ནི།།
མ་རྟོགས་ལྟ་བའི་དུས་སུ་འཁྲུལ་སྐྱོན་བཤགས།།
མ་རྟོགས་སྒོམ་པའི་དུས་སུ་གོལ་སྐྱོན་བཤགས།།
མ་རྟོགས་སྤྱོད་པའི་དུས་སུ་ཤོར་སྐྱོན་བཤགས།།
མ་རྟོགས་ལྟ་ཐོག་རང་ངོ་མ་ཤེས་བཤགས།།
མ་རྟོགས་སྒོམ་ཐོག་རང་ཚུགས་མ་ཐོབ་བཤགས།།
མ་རྟོགས་སྤྱོད་ཐོག་རང་རྒྱུད་མ་ཐུལ་བཤགས།།
མ་རྟོགས་ལྟ་བའི་སྐབས་སུ་སྤང་ལེན་བཤགས།།
མ་རྟོགས་སྒོམ་པའི་སྐབས་སུ་རེ་དོགས་བཤགས།།
མ་རྟོགས་སྤྱོད་པའི་སྐབས་སུ་དགག་སྒྲུབ་བཤགས།།
མ་རྟོགས་ལྟ་སྒོམ་སྤྱོད་གསུམ་ནོར་སྐྱོན་བཤགས།།
མ་རྟོགས་ཡང་རྩེ་བླ་མེད་ཐེག་ཉམས་བཤགས།།
བཅོ་ལྔ་འཇིག་རྟེན་འཁོར་བའི་ཉེས་བཤགས་ནི།།
མ་སྲིང་མཁའ་འགྲོ་གནས་བཞིར་གནོང་འགྱོད་བཤགས།།
མ་ལུས་ཕྱི་ནང་ལྷ་ཚོགས་གནོང་འགྱོད་བཤགས།།
མ་རྩ་སྦྱོར་དངོས་རྗེས་གསུམ་མ་ཤེས་བཤགས།།
མ་མོས་སྐྱབས་གནས་དཀོན་མཆོག་མ་དད་བཤགས།།
མ་བཟོད་ལྷག་བསམ་ཤེས་རབ་མེད་པར་བཤགས།།
མ་དྲན་བྱམས་སྙིང་བསྔོ་སྨོན་མ་བྱས་བཤགས།།
མ་རིག་བླ་མིང་སེམས་ཅན་འགྲོ་འདྲེན་བཤགས།།
མ་ནུས་སྔགས་པས་གཤེད་ཕྲལ་བྱས་མདོག་བཤགས།།
མ་ཤེས་སྒྲུབ་གཤེན་ཐོ་ཅོའི་འུར་འདོན་བཤགས།།
མ་དག་བྲིས་ནོར་ཆད་ལྷག་བཅོས་པ་བཤགས།།
མ་གསལ་བསྐྱེད་རྫོགས་སྒོམ་སྒྲུབ་འཁྲུལ་བ་བཤགས།།
མ་གྲོལ་སྒོམ་ཆེན་འཁོར་བར་འཁྱམ་པ་བཤགས།།
མ་སྡོམ་འདུལ་ཁྲིམས་གཙང་མ་མ་སྲུང་བཤགས།།
མ་ཐུལ་གཅོད་པས་གཉན་ས་བདག་འཛིན་བཤགས།།
མ་བརྟགས་སྨན་ལོག་སྲོག་ཉེས་སྡིག་པ་བཤགས།།
མ་ཤེས་མོ་མས་འོལ་ཚོད་ལོག་བཤད་བཤགས།།
མ་བབ་ལྷ་པས་རྫུན་མགོ་སྐོར་བ་བཤགས།།
མ་བདེན་སྒྲུང་བཤད་དགའ་སྐྱོ་ཆགས་སྡང་བཤགས།།
མ་མཁས་བཀའ་ལུང་བཟོ་བཅོས་བྱས་པ་བཤགས།།
མ་རྟོགས་དཀོན་མཆོག་ལོག་ལྟ་སྐུར་འདེབས་བཤགས།།
མ་རིག་རྨོངས་དད་རྣམ་རྟོག་འཛིན་པ་བཤགས།།
མ་མིན་ཚོང་བརྒྱབ་མགོ་སྐོར་བཏང་པ་བཤགས།།
མ་ངོམས་བཟོ་པས་ཨོ་ཟོབ་བཟོས་པ་བཤགས།།
མ་ཚོར་རྐུ་བརྒྱབ་མ་བྱིན་བླངས་པ་བཤགས།།
མ་རུང་ཇག་བརྒྱབ་མི་རྒྱུ་འཕྲོག་བཅོམ་བཤགས།།
མ་དྲང་ཡོ་འཁྱོག་དཔོན་ངན་སྡིག་བསགས་་བཤགས།།
མ་རབས་ཧམ་སེམས་ང་རྒྱལ་ཁེངས་དྲེགས་བཤགས།།
མ་རབས་ཆེ་བཙན་དམན་ལ་ཐུབ་ཚོད་བཤགས།།
མ་རབས་ཕུང་དཀྲུགས་གོང་ལ་དབྱེན་སྦྱོར་བཤགས།།
མ་རབས་དམག་འཁྲུག་གཡུལ་འགྱེད་སྡིག་བསགས་བཤགས།།
མ་རབས་ལྐོག་གཡོ་ཇུས་ངན་སྡིག་བསགས་བཤགས།།
མ་རབས་གཡོ་བསྐོར་བློ་ངན་སྡིག་བསགས་བཤགས།།
མ་རབས་སྣ་དགུ་བསམ་ངན་སྡིག་བསགས་བཤགས།།
མ་རབས་ཁོག་ནག་སྤྱོད་ངན་སྡིག་བསགས་བཤགས།།
མ་རབས་ཡིད་སྒོམ་ཞེ་ངན་སྡིག་བསགས་བཤགས།།
མ་རབས་ཁྲམ་སེམས་ལས་ངན་སྡིག་བསགས་བཤགས།།
མ་རབས་བཟའ་བར་ལྐོག་ལས་སྡིག་བསགས་བཤགས།།
མ་རབས་སངས་རྒྱས་བསྟན་བཤིགས་པ་བཤགས།།
མ་རབས་སེམས་ཅན་སྡུག་བསྔལ་གཏོངས་བ་བཤགས།།
མ་རྒན་སེམས་ཅན་ཤ་ཟོས་ཁྲག་འཐུང་བཤགས།།
མ་འབྲི་སེམས་ཅན་དྲིན་ལན་ལོག་འཇལ་བཤགས།།
མ་ཟས་འབྲུ་རིགས་སོ་ནམ་སྡིག་བསགས་བཤགས།།
མ་རྩ་དབྱར་རྩྭ་དགུན་འབུའི་སྡིག་བསགས་བཤགས།།
མ་ཤེས་ཞིང་པས་འབུ་སྲིན་ལན་ཆགས་བཤགས།།
མ་མིན་འབྲོག་པས་བཤས་ཉོས་བཤས་བཙོང་བཤགས།།
མ་གནང་བླ་མའི་དཀོར་ལ་རློམ་པ་བཤགས།།
མ་ཞུ་ཤི་གསོན་དཀོར་ནག་ལན་ཆགས་བཤགས།།
མ་ཡིད་སྡིག་པ་ཆེ་ཆུང་ཅི་བགྱིས་བཤགས།།
མ་དྲན་ཁས་བླང་ཉམས་ལེན་མ་བྱས་བཤགས།།
མ་ཚོར་རྨོན་པས་དགེ་སྡིག་མ་ཤེས་བཤགས།།
མ་བསྐུལ་དོན་ལེན་མི་ཚེའི་སྡིག་བསགས་བཤགས།།
མ་ཤེས་འདི་ཕྱི་གདམ་ཀ་མ་ཤེས་བཤགས།།
མ་ཤེས་དགེ་སྡིག་བླང་དོར་མ་ཤེས་བཤགས།།
མ་ཤེས་ལས་དང་རྒྱུ་འབྲས་མ་ཤེས་བཤགས།།
མ་ཤེས་བདེ་སྡུག་གཞི་རྩ་མ་ཤེས་བཤགས།།
མ་ཤེས་དུས་གསུམ་སྡིག་བཅུ་མ་ཤེས་བཤགས།།
མ་ཤེས་སྒོ་གསུམ་དགེ་བཅུ་མ་ཤེས་བཤགས།།
མ་ཤེས་མཆོག་གསུམ་ཚོགས་ཞིང་མ་ཤེས་བཤགས།།
མ་ཤེས་སྟོང་གསུམ་མཆོད་རྫས་མ་ཤེས་བཤགས།།
མ་ཤེས་སྲིད་གསུམ་མཆོད་འབུལ་མ་ཤེས་བཤགས།།
མ་ཤེས་ཁམས་གསུམ་ཚོགས་བསགས་མ་ཤེས་བཤགས།།
མ་ཤེས་དུག་གསུམ་སྐུ་གསུམ་མ་ཤེས་བཤགས།།
མ་ཤེས་སྐུ་གསུམ་རང་རིག་མ་ཤེས་བཤགས།།
མ་ལུས་ཉོན་མོངས་དུག་ལྔ་གནོང་འགྱོད་བཤགས།།
མ་ལུས་མི་དགེ་བཅུ་པོ་གནོང་འགྱོད་བཤགས།།
མ་ལུས་མཚམས་མེད་ལས་ངན་གནོང་འགྱོད་བཤགས།།
མ་ལུས་ལྗི་བཞི་ལོགས་བརྒྱད་གནོང་འགྱོད་བཤགས།།
མ་ལུས་འཁྲུལ་དགུ་ལོག་ལྟ་གནོང་འགྱོད་བཤགས།།
མ་ལུས་ལོག་འདོད་ལོག་སྡེ་གནང་འགྱོད་བཤགས།།
མ་ལུས་ལོག་པར་གཡེམ་པ་གནོང་འགྱོད་བཤགས།།
མ་ལུས་མདོ་དམ་ཉམས་པ་གནོང་འགྱོད་བཤགས།།
མ་ལུས་སྔགས་དམ་ཉམས་པ་གནོང་འགྱོད་བཤགས།།
མ་ལུས་སེམས་དམ་ཉམས་པ་གནོང་འགྱོད་བཤགས།།
མ་ལུས་བག་ཆགས་སྡིག་སྒྲིབ་གནོང་འགྱོད་བཤགས།།
མ་ལུས་ལན་ཆགས་བུ་ལོན་གནོང་འགྱོད་བཤགས།།
མ་ལུས་མི་གཡོ་མི་འཆབ་གནོང་འགྱོད་བཤགས།།
མ་ལུས་མི་སྦས་མི་གསང་གནོང་འགྱོད་བཤགས།།
མ་ལུས་སྡིག་བསགས་འཇིགས་སྐྲག་གནོང་འགྱོད་བཤགས།།
མ་ལུས་སྡིག་བསགས་སྔངས་འདར་གནོང་འགྱོད་བཤགས།།
མ་ལུས་སྡིག་བསགས་བྲེད་གདོངས་གནོང་འགྱོད་བཤགས།།
མ་ལུས་སྡིག་བསགས་སྨྲ་གདུང་གནོང་འགྱོད་བཤགས།།
བཅུ་དྲུག་སྨོན་ལམ་ནི།།
མ་ལུས་སེམས་ཅན་སྡུག་བསྔལ་ཀུན་ཞི་ཤོག།
མ་ལུས་སེམས་ཅན་བདེ་སྐྱིད་ལྡན་པར་ཤོག།
མ་ལུས་སེམས་ཅན་བདེ་སྡུག་གཉིས་བྲལ་ཤོག།
མ་ལུས་སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག།
མ་ལུས་སེམས་ཅན་སྒྲིབ་གཉིས་བྱང་བར་ཤོག།
མ་ལུས་སེམས་ཅན་དོན་གཉིས་འགྲུབ་པར་ཤོག།
མ་ལུས་སེམས་ཅན་སྐུ་གསུམ་སངས་རྒྱས་ཤོག།

     ཅེས་པ་འདི་ནི་ཚེ་རབས་བསྐལ་པ་འབུམ་ཕྲག་གྲངས་མེད་པ་ནས་ད་ལྟ་འདི་ལ་མ་ཐུག་གི་བར་དུ། ལུས་ངག་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་ཅི་བགྱིས་པ་ཐམས་ཅད་གནོང་འགྱོད་དྲག་པོའི་སྒོ་ནས་བཤགས་པ་འདི། ཁས་ལེན་ཆེ་བ་དང་ཉམས་ལེན་ཆུང་བ་དྲན་པས་ཡིད་ལ་མ་འཁོར་བསམ་པས་སེམས་ལ་མ་ཟིན་ཚོར་བས་རིག་པ་མ་གསལ་པའི་སྡིག་པ་གང་བསགས་པ་དེ་དག་ཐམས་ཅད་དང་། ལུས་ཀྱི་སྒྲིབ་པ་རི་རབ་གླིང་དགུ་འདྲ་བ་དང་ངག་གི་སྒྲིབ་པ་སྤུ་གྲི་ངར་ཆེན་འདྲ་བ་དང་ཡིད་ཀྱི་སྒྲིབ་པ་མུན་ནག་གླིང་དགུ་འདྲ་བ་སོགས། གནས་བཞི་མཆོག་གསུམ་མ་ལུས་པའི་སྤྱན་སྔར་དུ་མི་འཆབ་མི་སྦད་མི་གསང་མི་འགབ་པའི་སྒོ་ནས། སྒོ་གསུམ་གཅིག་སྒྲིལ་དུ་བཤགས་པའི་ལེའུ་འདི་ནི་སྤུ་ལ་བ་བཟོ་དྲང་སྲོང་གཡུང་དྲུང་བསྟན་མཆོག་གིས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལས་མི་དགེ་བའི་སྡིག་པ་གང་བགྱིས་པ་དེ་དག་བཤགས་པ་འདི་བྲིས་པའོ།། 

དགེ་ཚོགས་ཐམས་ཅད་མཁའ་ཁྱབ་སེམས་ཅན་བསྔོ།།
ཉེས་འགལ་ཅི་མཆིས་རང་རིག་དབྱིངས་སུ་བཤགས།།
ཐམས་ཅད་ཀུན་བཟང་ཀློང་དུ་འུབ་ཆུབ་ཤོག།
སརྦ་མངྒ་ལམ།།དགེ་ལེགས་སུ་གྱུར་ཅིག།

༼སྤྱི་ལོ་གཉིས་སྟོང་བརྒྱ་མེད་བཅོ་ལྔ་ལོར་ཁྲི་བརྟན་ནོར་རྩེའི་སྒྲུབ་ཐོན་པ་འཆི་མེད་ལྷུན་གྲུབ་ཀྱིས་སྤུ་ལའི་མཚམས་ཆེན་སྦྱིན་པ་ཚུལ་ཁྲིམས་ཀྱི་ཉམས་མགུར་ལེའུ་ཁ་ཤས་སྨན་རིའི་མཁན་སློབ་དྲུང་དུ་སྤྱན་འབེབ་ཕུལ་ནས་བསྔགས་བརྗོད་སྣང་བ་མ་ཚད་རྟེན་འབྲེལ་གྱི་བརྡ་མཚོན་ཆེད་དུ་མཁན་རིན་པོ་ཆེས་ཕྲེང་བ་དང་མེ་ཏོག་སོགས་ཀྱི་གཟེངས་རྟགས་བསྩལ། ཉིས་སྟོང་བརྒྱ་མེད་བཅུ་དྲུག་ལོར་ཁྲི་བརྟན་ནོར་རྩེའི་མཚན་ཉིད་པ་ཚུལ་ཁྲིམས་རྒྱ་མཚོས་ལེའུ་ཁ་ཤས་དང་བསྡོམས་ལེའུ་སུམ་བཅུ་ཐམ་པ་དེ་རྒྱལ་བ་སྨན་རིའི་མཁན་པོའི་མདུན་དུ་སྤྱན་འབེབས་ཕུལ་ནས་བསྔགས་བརྗོད་ཚད་མེད་གནང་།༽

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།