སུམ་བཟང་ཕུལ་བྱུང་འཛིན་གྲྭའི་ཁ་བྱང་གཅིག་པའི་སྙན་ངག

[ཟླ་ཚེས། 2016-11-17 17:06:24][རྩོམ་པ་པོ། ཟླ་མེ་ལྕེས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  བོད་མེ་སྤྲེལ་ལོའི་ཨ་མདོ་སྣང་ཞིག་དགོན་གཡུང་དྲུང་བོན་བཤད་སྒྲུབ་གླིང་གི་སྒོ་འབྱེད་དུས་སྟོན་དང་འབྲེལ་སུམ་བཟང་ཕུལ་བྱུང་འཛིན་གྲྭའི་ཁ་བྱང་གཅིག་པའི་སྙན་ངག
93A167236CC7031B65B34F94F6E484FC.jpg

མ་ཡུམ་སློབ་རའི་དགའ་ཚལ་འགྲིམ་པའི་དུས་སུ། །
ཉིན་མཚན་བརྒྱ་ཡི་འབད་འབྲས་དེ་རིང་བླངས་སོང་། །
རེ་བ་བརྒྱ་ཡི་དམིགས་འདུན་དེ་རིང་འགྲུབ་སོང་། །
དགའ་སྐྱིད་གཉིས་འཛོམས་ཉི་མ་དེ་རིང་ཤར་ཡོད། །

ཤར་དགེ་འདུན་སྐྱབས།

ལོ་ཟླ་མང་པོའི་ཁུགས་མཚམས་ཤིག་ནས་བསྒུགས།།
སུམ་བཟང་ཞེས་པའི་མཚན་སྙན་གཟེངས་རྟགས་ཤིག།
དགེ་སློབ་ཡོངས་ཀྱིས་འཛུམ་མདངས་ངོམ་བཞིན་པའི།།
འཛིན་གྲྭ་བཅུ་ཕྲག་དུ་མའི་མདུན་ནས་བླངས། །

དོན་འགྲུབ་རྒྱལ་མཚན།

གཤེན་བསྟན་ཛ་ཡ་ལྷ་ཡི་རྫིང་རིང་ངོས།།
ཚུལ་འཆོས་ཟོན་གྱིས་སྤྲིན་པ་མ་འཁྲིགས་པ། །
དབེན་ས་གཉིས་པ་བཤད་སྒྲུབ་སློབ་གླིང་དུ། །
སུམ་བཟང་ཟླ་བའི་རང་གཟུགས་ཝ་ལེ་གསལ། །

སྒོ་ཉི་མ་རྒྱལ་མཚན།

རང་རང་གི་འབད་བརྩོན་གྱི་འོག་ཏུ།།
ཆེས་བཟང་སའི་དགོངས་མེད་དང་གཞུང་རྒྱུགས།།
ཆེས་སྤྲོ་བ་དགེ་སློབ་ཀྱི་འདེམས་ཤོག
མཐའ་མཇུག་སྡོམ་སུམ་འཛོམས་འདི་ཐོབ་བྱུང་།།

ཤེར་རྒྱལ།

ཆོལ་ཁ་གསུམ་གྱི་ཤར་ལྷོ་ནུབ་བྱང་ཡུལ་ཕྱོགས་མི་གཅིག་ཁ་ཁ་ནས།།
ཕུགས་བསམ་དམིགས་ཡུལ་འདུན་པ་གཅིག་པས་ང་ཚོ་གླིང་འདིར་མཉམ་དུ་འཛོམས།།
འཆད་རྩོད་རྩོམ་པའི་རིན་ཆེན་རྣམ་གསུམ་ཉིན་མཚན་ཀུན་ཏུ་འབད་པས་སྒྲུབ།།
གཡུང་དྲུང་བོན་འདི་འཛིན་སྐྱོང་ཆེད་དུ་ང་ཚོ་མདུན་ནས་མདུན་དུ་བསྐྱོད།།

བབ་བཟོ་བཀྲ་ཤིས་འབུམ།

ཐོས་བསམ་གླིང་གར་ཤེས་ཡོན་རྟུལ་ཕོད་ཆེ།།
གཟུར་གནས་དགེ་རྒན་བྱམས་པའི་་དྲིན་གྱིས་སྐྱོང་། །
སློབ་གྲོགས་བཟང་པོས་ཤེས་བྱའི་གནས་ལ་བརྩོན།།
འབད་པ་ལྷོད་མེད་སུམ་བཟང་བྱ་དགའ་རྨད།།

སྒྲེ་བོ་ལེགས་བཤད་རྒྱ་མཚོ།

ང་ཚོའི་ཕ་ཡུལ་མི་འདྲ་སོ་སོ་ནས་ཡིན་ཡང་། །
ལས་དབང་འདུན་པ་གཅིག་པའི་འཛིན་གྲོགས་རུ་གྱུར་ཡོད། །
ད་ཐེངས་སུམ་བཟང་སློབ་མའི་བྱ་དགའ་འདི་ཐོབ་པ།།
ང་ཚོས་འབད་པ་བྱས་པའི་གྲུབ་འབྲས་ནི་ལོས་ཡིན།།

རྔ་བ་གཡུང་དྲུང་བློ་གསལ།

འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འབུངས་པའི་སློབ་གྲོགས་ཚོ།།
དུས་ནམ་ཀུན་ཏུ་ངར་ཤུགས་མ་མཉམ་པའི་གཟི་བརྗིད་དེ།།
བསླབ་གསུམ་རྒྱན་གྱིས་ཕྱུག་པའི་སློབ་གླིང་འདིའི་འཆད་ར་རུ།།
ཁྱེད་ཚོའི་ཡིད་ཆེས་ལས་བྱུང་བའི་གཟི་བརྗིད་དེ་གྲག་བཞིན་འདུག།

ཁོས་ཚེ།

མི་འགྱུར་སྐུ་ཡི་དཔག་བསམ་ལྗོན་ཤིང་ལ། །
རིགས་རུས་གཙང་མའི་ཁྱད་བོན་མཆོག་ཏུ་གྱུར། །
མཚན་དཔེ་ཟུང་གི་མཛེས་དཔལ་རབ་འབར་བའི། །
སུམ་ལྡན་སློབ་མ་མཚོན་བྱེད་འཛིན་གྲྭ་ཚང། །

རབ་ནམ་མཁའ།

ཤེས་རིག་འོད་སྟོང་འཐིབས་པའི་སློབ་གླིང་ལ། །
བདེན་པའི་རྒྱལ་ཁ་དཀར་པོ་ནམ་མཆིས་བསམ།།
རེ་སྒུག་བརྒྱ་སྟོང་ཁྲི་འབུམ་སྣོན་བར་ནས།། །
གཡུལ་ལས་རྒྱལ་བའི་གོ་སྐབས་རྟེན་འབྲེལ་ཞུ།།

ཉག་གཤེན་བསྟན་ཉི་མ།

གཞུང་ལུགས་ཟབ་གནད་གཞལ་ལ་རྣམ་དཔྱོད་བཀྲ།
རིག་གཞུང་རྒྱ་མཚོ་བརྒལ་ལ་བརྩོན་སེམས་བརྟན།།
དཔྱོད་བརྩོན་གོ་ཁྲབ་བཙན་པའི་སློབ་གྲོགས་ཚོ།།
བྱ་དགའ་ཁྱེད་ཚོར་མི་དབང་སུ་ལ་དབང་།།

བསྟན་ཉི།

ཤེས་རིག་པད་དཀར་བདོ་བའི་སློབ་གླིང་གི་ཁྲོད་དུ།།
རིག་པའི་དཔའ་བོ་ཉི་མ་འོད་ཆེན་གྱི་ཚོགས་ལས།།
བཟང་གསུམ་ཁ་གཡང་འབོད་པའི་དགའ་སྐྱོ་ཡི་ཉིན་མོ།།
ང་དང་སྨོས་འདྲིན་སེམས་པ་སྔོན་མ་ལས་སྤྲོ་སོང་།

སྐལ་བཟང་རྒྱལ་མཚན།

གཅིག་ཏུ་སློབ་དཔོན་དམ་པར་གུས་བཀུར་བྱེད་པས་བཟང་།།
གཉིས་སུ་སློབ་གྲོགས་ཕན་ཚུན་མཐུན་སྒྲིལ་བྱེད་པས་བཟང་།།
གསུམ་ན་ཐོས་བསམ་སྒོམ་པར་འབད་བརྩོན་བྱེད་པས་བཟང་།།
སུམ་བཟང་བྱ་དགའི་གཟེངས་རྟགས་དེ་རིང་ཁྱེད་ལ་སྩོལ།།

གཙུག་ནག་བུ་རྒྱུད།

ཤེས་རིག་གདམས་ངག་ལོངས་སུ་སྤྱོད་པ་ལ།།
ལོ་འཁོར་ཧྲིལ་བོར་འབད་བརྩོན་མ་ལྷོད་ཅིང་།།
ཡ་རབས་སྤྱོད་བཟང་གཞན་ལས་འཕགས་པ་ཡིས།།
སུམ་བཟང་མཚན་སྙན་ཐོབ་པར་རྟེན་འབྲེལ་ཞུ།།

རྒྱལ་མཚན་བཀྲ་ཤིས།

ཤེས་རིག་གི་སློབ་གླིང་ནས།།
ལྔ་རིག་གི་ལམ་ཁ་འབྱེད།།
འབད་བརྩོན་གྱི་དཔའ་ཁའི་ཁྲོད།།
སུམ་འཛོམས་འདི་ཐོབ་འོས་སོ།།

ཉག་གཡུང་དྲུང་འོད་ཟེར།

དགེ་རྒན་དམ་པའི་བཀའ་དྲིན་དེ་རིང་བྱུང་།
དེ་རིང་དཔང་རྟགས་བླངས་བའི་ཉིན་མོ་དེ།
ལོ་འཁོར་ཧྲིལ་བོར་འབད་བརྩོན་མ་ལྷོད་ནས།
འབྲས་བུ་མཚན་སྙན་ཐོབ་པ་དེ་རིང་ཡིན།

ཉག་ནོར་བཀྲ།

མ་ཡུམ་སློབ་གླིང་འགྲིམ་པའི་དུས་སྐབས་སུ།།
སྐྱིད་སྡུག་མཉམ་དུ་སྐྱོད་པའི་མཆེད་གྲོགས་དང་།།
བཟང་ངན་དབྱེ་འབྱེད་སྟོན་པའི་སྤུན་ཟླ་རྣམས།།
སེམས་ནས་ནམ་ཡང་མི་དོར་དམ་པོར་བཟུང་།།

ལི་ཐང་རིག་འཛིན་རྣམ་རྒྱལ།

ཁ་མཐུན་ལས་དབང་གཅིག་གི་དམིགས་ཡུལ་དལ་གྱིས་ཕྱེ་མཚམས་ནས།།
རེ་བ་སྟོང་ཕྲག་དུ་མར་རྣམ་ཤེས་སྲོག་གི་མར་མེ་འབར།།
ལྡོས་བཅས་གནས་ལུགས་གཙང་མའི་འོད་ཀྱིས་གཏམས་པའི་དཔུང་སྡེ་ཞིག།
ཕུགས་བསམ་བརྟན་པའི་བྲག་ལ་མི་འགྱུར་དམ་བཅས་རྡོ་རིང་བཙུགས།།

རྟ་མགྲིན་ཚེ་རིང་།

གཡུང་དྲུང་བོན་དང་གངས་དཀར་ཏི་སེ་གཉིས། །
གདོང་དམར་བོད་པའི་མི་འགྱུར་བརྡ་རྟགས་ཡིན། །
སུ་དང་གང་གི་འབད་རྩོལ་བྱེད་པ་ལ། །
བོད་པ་རྣམས་ཀྱི་བཀུར་སྟི་བྱེད་པར་འོས། །

ཉག་ཉི་མ་དབང་ལྡན།

འཆད་རྩོད་རྩོམ་པའི་གཡུལ་ནས་རྒྱལ་བའི་ཤེས་བྱའི་སྒལ་གྱི་ངང་ཁྱུའི་ཚོགས།།
རྣམ་རིག་སིལ་མའི་ཟླ་བ་དཀར་ཆུང་སློབ་གླིང་ཚལ་ནས་རྣམ་པར་བཀྲ།
བཀའ་ལུང་རིང་མོས་བློ་གྲོས་བངས་པོ་སྙན་པ་ལྷ་ཡི་རྔ་བོ་ཆེ།།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སུམ་བཟང་སློབ་མའི་དཔལ་ལ་བསྔགས།།

ཐོག་ཆར་རམ་ནམ་མཁའ་རྒྱལ་མཚན།

གངས་དཀར་ཏི་སེ་དབུ་རྩེ་ནས་འཕྲོས་པའི་གླེགས་བམ་གསོན་པོ་དང་སྨྲ་ལྕེ་ཧྲིལ་པོ་དེ་ནི་འཆད་རྩོད་རྩོམ་པའི་མཛད་སྤྱོད་མ་འཛོལ་བའི་འཛུམ་མདངས་དང་བརྗིད་ཉམས་ནི་མ་ཕམ་གཡུ་མཚོ་རྦ་རླབས་ཕྱུར་བ་བཞིན་དུ་དུས་ནམ་ཡང་ཉམས་པ་མེད་པའི་སུམ་བཟང་འཛིན་གྲྭ་ཞེས་པའི་མཚན་སྙན་འདི་འོལ་གླིང་གཉིས་པ་སྣང་བ་བོན་ཉིད་ཞིག་གཤེགས་པར་ཞེས་པའི་ཆ་གཏོགས་བོན་གྱིས་འདུས་གནས་སུམ་བརྒྱའི་ཡ་གྱལ་གངས་ལྗོངས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེན་སློབ་བརྒྱ་ཕྲག་དུ་མའི་མདུན་དུ་འོད་འབར་བ་ཨེ་མ་རྨད།

ཟླ་མེ་ལྕེ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།