ནམ་གྱི་ཕར་ཕྱེད་ལ་མཐོང་བའི་འོད་པོ་ཆེ།
[ཟླ་ཚེས། 2016-02-04 09:57:23][རྩོམ་པ་པོ། སྐྱིད་སྲས་དགེ་ལེགས་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བག་ཆགས་རྡུལ་གྱི་དཀྱིལ་འཁོར་དཀྲུགས་པས་གསེར་གྱི་ཉི་མ་འོད་པོ་ཆེ།།
མུན་པའི་གདོང་ལ་ཤེས་རབ་བྱམས་པས་བྱིལ་བྱིལ་བྱས་པ་ཐེངས་གཅིག་གིས།།
འཛམ་གླིང་གཙུག་གི་རལ་བའི་སྟེང་ལ་ནམ་མཁའ་སྔོན་པོའི་ཅོད་པན་ཀེར།།
འཇིག་རྟེན་མ་ལུས་རངས་པར་བྱེད་པའི་ཝེར་ཡ་གཉིས་པ་ཕྱག་གི་ཡུལ།།
སྣང་སྲིད་གདོད་མའི་ནགས་ཀླུང་དེ་ལ་རླུང་གིས་འཁུར་བའི་མེ་ལྕེ་ཞིག།།
མུན་པའི་རྐང་འཐུང་ཡལ་འདབ་དང་བཅས་སྣང་བ་འོད་ཀྱི་རྒྱུ་རུ་བསྲེགས།།
འཁོར་བའི་རྐང་ལམ་སྣེ་ལ་སྦྲེལ་བའི་དུག་ལྔའི་བུ་ཆུང་རུས་གོག་གཏོར།།
ས་ཆེན་སྨག་གིས་ཟོས་པའི་ཀློང་བཤིགས་གསེར་གྱི་ཉི་མ་འོད་པོ་ཆེ།།
འགྲོ་བ་གང་ཞིག་ཁྱེད་ཉིད་འཚོལ་ལ་ནམ་མཁའི་དབྱིངས་ལ་ཅེར་རེ་བལྟ།།
ཁ་ཅིག་ཐུགས་རྗེ་བྱིན་རླབས་འཐུ་ཕྱིར་ས་ཡི་སྒོ་ཆེན་ཐོད་པས་བརྡུང་།།
མཁས་པའི་ཁྲི་ལ་འགྱིང་བས་ཚོགས་ཀྱང་རྣམ་ཐར་ཀློང་ན་ངོ་མཚར་འཚོལ།།
ཉིད་སྐུ་འོད་ཀྱི་གོང་བུར་གྲོལ་བ་ས་ཁུད་གཟིམ་པའི་གཏེར་ཁ་བཞིན།།
གང་ཞིག་རིན་ཆེན་ནོར་བུ་འཐོབ་ཕྱིར་རྒྱ་མཚོའི་ཀློང་དུ་བསྐལ་བར་ཞུགས།།
འགའ་ཞིག་ཉིད་སྐུ་ལྷ་ཞལ་མཐོང་བར་སྐྱེ་བ་གྲངས་མེད་རྡུལ་ལ་བགྲང་།།
དགོས་རྒུ་དབྱིག་ལས་བསམ་རྒུ་འགྲུབ་ཕྱིར་གནམ་སའི་མཚམས་ལ་བསྔོགས་དགོས་ཀྱང་།།
རྔུལ་ཆུ་བསྟར་མའི་འགྲོ་སོང་དགོས་ངེས་སུ་ལ་ཨ་ཐང་ཆད་པ་ཡོད།།
ཁ་ཐབ་སྐྱ་བོའི་སྦྲ་ཕུ་དེ་ན་མར་གྱི་རྐོང་བུ་མོག་པོ་ཞིག།།
ཁྱེད་སྐུ་ཡེ་ཤེས་སྤྱན་ཟུང་ཐོགས་ལ་མུན་པའི་ལྟེབ་ན་ཤུགས་ཀྱིས་འཕག།།
ནམ་ཞིག་སྨག་གི་རབ་ཁ་བརྟོལ་བར་སྙིང་སྟོབས་བྲག་གི་ལྟེམ་ལ་འཆའ།།
ཟླ་བའི་འཁྲིས་ཀྱི་གཞིས་ཆུང་དེ་ནི་ང་ཡི་སྨོན་པའི་དག་ཞིང་ཉིད།།
དག་ཞིང་དེ་ལ་ཚིགས་སུ་བཅད་ན་ལ་དང་ལུང་པ་ག་ཙམ་གདའ།།
ལ་དང་ལུང་པ་རེ་རེའི་ཁུད་དུ་དཀའ་སྡུག་སྣེ་མོ་ཅི་ཙམ་བདོག།།
དཀའ་སྡུག་དཔུང་བའི་གུག་མཚམས་རེ་ལ་ལས་ཀྱི་བར་ཆད་ཇི་ལྟར་སྐུང་།།
སྐུང་སྒུག་བདུད་ཀྱི་ཆོ་འཕྲུལ་དེ་ལ་སྟོབས་ཀྱི་གཉེན་པོ་ཅི་ཙམ་དགོས།།
ཀུན་བརྟགས་ཟད་རྫོགས་མཚམས་ཐིག་དེ་ནས་འཁོར་བའི་རྟ་ལས་བབས་པ་ན།།
རྟ་དང་སྒ་སྲབ་བྱེས་སུ་བོར་བའི་སྐྱེས་ཆེན་སྐོར་ཞིག་བྲེལ་བར་མཐོང་།།
ས་ལ་འཕངས་པའི་མཆིད་མ་དེ་ནི་སླར་ཡང་ལྕེ་ལ་མི་ལེན་བློས།།
འཇིག་རྟེན་རྩེད་ཆས་ཡོངས་སུ་སྤངས་པར་ཉིད་སྐུའི་དྲུང་ལ་ཅི་ཙམ་ཉེ།།
རི་བོ་ཆེན་པོར་གོག་ནས་བགྲོད་པར་ཤ་ཁྲག་གདོས་རྐང་མཆོག་མིན་ཀྱང་།།
འོན་ཀྱང་བདག་ལ་འཛོམས་པའི་ལུས་རྟེན་ཤ་ཐུམ་རུས་རྐང་འདི་ཙམ་གདའ།།
སྔོན་གྱི་རྒྱལ་སྲས་སྟོན་པ་འཚོལ་བར་གསེར་དངུལ་གླང་ཆེན་བརྒྱ་ལ་བཀལ།།
ཁ་སྟབས་སྦྲང་མའི་གཤོག་ལས་སྲབ་པའི་བདག་ལ་འབྱོར་བ་འདི་ཙམ་མཆིས།།
རྒྱལ་མོ་རོང་ཞེས་བོན་གྱི་སྤྱན་ཟུང་ཉི་ཟླ་འཛུམ་པའི་ཟོམ་དེ་ན།།
དབུ་སྐྲ་བགྲང་བྱས་ཐོད་ཀྱིས་ཟོས་པའི་ཨ་མ་གང་ཞིག་རི་རྩེར་འགྲེང་།།
སྙིང་གི་ཤ་རྡོག་ཆུང་ནས་ཕྱིན་ཀྱང་ཆེ་ནས་རང་ཡུལ་མ་སྙོགས་པར།།
དཀར་ངོགས་འདི་ན་ཡོད་མེད་བསམ་ཀྱང་གསོན་པའི་རེ་བ་ཆེ་ཙམ་ཉར།།
ནམ་ཞིག་ལས་ཀྱི་རྟེན་འབྲེལ་བཟང་པོ་སྐྱ་རེངས་འོད་ཀྱིས་ཡུལ་དུ་འཐེན།།
སྦྲ་ཁྱིམ་སྨུག་པོའི་ཡར་སྒྱེད་དེ་ལ་ལྷ་ཡི་བླ་མ་གདན་དུ་བཞུགས།།
ཙོག་པུར་བསྐུམ་པའི་ཨ་མ་དེ་ཡིས་བུ་ཆུང་ཡིན་པ་ཅི་ནས་རྟོགས།།
ཁྱེད་ཀྱང་ཨ་མར་བུ་ཆུང་ཡིན་པ་གསང་བའི་ལས་དེ་བདག་མི་མགུ།།
ནམ་གྱི་ཕྱེད་ལ་བདག་གིས་མཐོང་བའི་ཁྱེད་སྐུ་འདི་ཡི་ངང་ཚུལ་ཏེ།།
གོས་སློག་ཧྲལ་ཧྲུལ་རལ་བའི་གསེབ་ན་ཤ་རྗེན་ཅུང་ཙམ་མངོན་ནས་འདུག།།
སྐམ་ཅིང་རིད་པའི་སྨིན་དབྲག་མཚམས་ན་གཞན་དོན་གཟིགས་པའི་སྤྱན་ཟུང་གཡོ།།
མཆུ་སྒྲོས་སེར་ག་གས་པའི་ཀློང་ན་ཁྲག་ཐིགས་ཅུང་ཙམ་སྐམ་པར་སྣང་།།
དབུ་སྐྲ་བསིལ་བར་བཞར་གྲིས་བྲེག་པས་མར་སྐོགས་ཤིག་གི་ཚུལ་དུ་སྣང་།།
ས་རྡུལ་རེ་དང་དྲེག་པ་ཟུང་རེ་སྐྲ་རྩེར་རྐྱ་འཐབ་བསྣོལ་བར་མངོན།།
སྨིན་མ་ན་རོ་གུག་འཁྱོག་སྟེང་ན་གཉེར་མས་ཆུ་རིས་བྲིས་ནས་མཐོང་།།
རྒྱང་ནས་བལྟས་ཀྱང་འཁྲིས་ནས་མཐོང་ཡང་བདག་ལས་ཕོ་སྒོ་ཞན་ནས་འདུག།།
ཞབས་ཀྱི་པད་ལྷམ་འདམ་གྱིས་སྦགས་ནས་འདམ་དྲི་ཅུང་ཙམ་ཁ་ནས་འདུག།།
ཞབས་མཐེབ་པྲ་ཚགས་མགོ་བོ་རྒོད་པས་ལྷམ་ལ་བུ་ག་བརྟོལ་ནས་གདའ།།
ཕྱི་ལ་མངོན་པའི་རྐང་བའི་མཐེབ་རྗེན་ལྷམ་གྱི་གཡང་ལ་ལྷུང་ནས་བདོག།།
པད་ལྷམ་ཞབས་རྗེས་པད་མའི་ཟེའུ་འབྲུ་ཞབས་མཐེབ་དེ་ཡིས་བཀོད་ནས་འདུག།།
ཕྱག་ལ་བསྣམས་པའི་མཁར་སིལ་རྩེ་ཡི་མཆོད་རྟེན་བྱ་རུ་སྣེ་མོ་གཉིས།།
བྱ་སྐྱག་ཞིག་གམ་མར་རྡོག་གང་ཞིག་རྩེ་མོ་ཡོངས་སུ་རྫོབ་ནས་འདུག།།
སྐུ་གཟུགས་ཟུངས་ཟད་པགས་ལ་ཐུག་ཀྱང་སྟོབས་ཤུགས་ཤིག་གི་འཚང་ཁ་མཐོང་།།
ལུས་པོ་ཤིན་སྦྱངས་ཐོབ་པའི་རྟགས་ཤིག་བདག་ལ་སྟོན་པ་མ་ཡིན་ནམ།།
བཙལ་གྱིན་བཙལ་གྱིན་དབུ་ཡི་རྩེ་མོ་རི་ཆེན་ཞིག་ལས་འཕགས་ནས་འདུག།།
བརྟག་གྱིན་བརྟག་གྱིན་རི་ཆེན་དེ་ཡང་རྡུལ་ཕྲན་ཞིག་ལས་ཕྲ་བར་སྣང་།།
སྒོམ་གྱིན་སྒོམ་གྱིན་རྡུལ་ཕྲན་དེ་ཡང་འོད་ཀྱི་ཀློང་ན་སྟོང་ནས་འདུག།།
ཁྱེད་སྐུ་གསང་བའི་གསས་མཁར་དེ་ལ་དོན་གྱི་འཇུག་སྒོ་ཅི་ཙམ་མཆིས།།
འདི་ནི་ཆུང་ནས་གོས་ཀྱིས་བཏུམ་ཞིང་ཁྲི་ལ་བསྐྱོན་པའི་རྣམ་ཐར་མིན།།
འདི་ནི་ཚོན་རྩི་སྐེག་གིས་བྱུགས་པའི་ལྷ་ཁང་ནང་གི་ཐང་ཀ་མིན།།
འདི་ནི་དཀའ་བ་ཐུབ་པར་སྤྱད་པའི་བདག་གི་བླ་མའི་ཆ་ལུགས་ཏེ།།
སྤྱོད་པ་མས་འཛེགས་མས་ནས་སྤོས་པའི་པད་ལྷམ་གོག་པོའི་རྗེས་ཤུལ་ཡིན།།
དེང་གི་ཁྱེད་ཀྱི་རྗེས་འཇུག་དག་གིས་ཁྱེད་ཉིད་ཚོན་གྱི་ཁུད་དུ་སྦས།།
ན་བཟའ་གོས་དྲུག་སྐུ་ཡི་རྟེན་ན་བཀྲག་མདངས་ཉི་མ་དགུ་ཡི་འོད།།
ཞལ་གྱི་དཀྱིལ་འཁོར་དཀར་ལ་སྒོར་བ་འཕྲུལ་ཆས་གུག་པས་ཨ་ལོང་བཞིན།།
འདི་ནི་དཀའ་སྤྱད་སྡེ་ལ་གཞོལ་བའི་ཁྱེད་སྐུའི་བརྙན་དང་རིང་དུ་གྱེས།།
ཁྱེད་སྐུས་ཁྲོ་ལྕགས་ཤ་ཡིས་བརྡར་ནས་བག་ཆགས་རླུང་ལ་བསིགས་རབས་ཐོས།།
གཞི་ཡི་སྙིགས་རོ་དར་ལ་ཚགས་ཤིང་སེམས་ཉིད་གསེར་ཉ་བཙལ་བར་གྲགས།།
མཚན་བཅས་མཆོད་པ་གཞན་ལ་ཕུལ་ནས་མཚན་མེད་དངོས་གྲུབ་ཐོབ་པར་མཐོང་།།
གུད་དུ་ཕྱུངས་པའི་ཡིག་འབྲུ་སྟོང་གིས་བདག་གི་གློ་སྙིང་བྲང་གསུམ་གཞིབ།།
བདག་གི་བྱང་ཁོག་སྟོད་ན་མཆོང་བའི་གློ་སྙིང་ཁྱེད་ལ་གཏད་ཐུབ་ཀྱང་།།
མིག་ཟུང་བདུད་ཀྱི་གཡུང་དྭགས་དགོ་བས་རྫ་ལ་བྲིད་པ་ཐེངས་གཅིག་མིན།།
ཉིད་སྐུའི་འོད་ཀྱི་ཟེགས་མ་འཚོལ་ལ་ཡ་ཐོད་སྟོང་ཆ་ལྷག་འདུག་པས།།
སྒྱུ་མའི་ནགས་ཚལ་འཕྲལ་ལ་སྲེག་བྱེད་ཚན་ཁའི་མེ་སྟག་མཆེད་པར་ཤོག།།