བོན་གྱི་བཀའ་འགྱུར་རིན་པོ་ཆེའི་སྐོར་བཤད་པ།

[ཟླ་ཚེས། 2015-09-28 22:27:31][རྩོམ་པ་པོ། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 00000.jpg
9999.jpg
སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ།

   སྐྱེ་མེད་ངོ་བོ་སྟོང་པ་མཐའ་དང་བྲལ། མ་འགག་སྣང་སྲིད་བཀོད་པ་རང་བཞིན་རྫོགས། ཐུགས་རྗེས་འཁོར་འདས་ཡོངས་ལ་སྤྱི་ཁྱབ་གདལ། གཞི་གནས་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། ས་བཅུ་ལམ་ལྔའི་བདག་ཉིད་འཕགས་ཚོགས་སྡེ། གོང་མ་ཆེ་དྲུག་འཛམ་གླིང་རྒྱན་དྲུག་དང་། གདུང་རྒྱུད་བཅུ་གསུམ་མཁས་བཞི་ཨ་སྙན་རྫོགས། རྒྱུད་པ་རིམ་བྱུང་ད་ལྟའི་མཁན་སློབ་བར། ཕྱི་ནང་གསང་བའི་རྒྱུད་འཛིན་ཚོགས་ལ་འདུད། བསྟན་པའི་སྙིང་པོ་སྤང་བསྒྱུར་གྲོལ་བའི་ལམ། འཆད་རྩོད་རྩོམ་དང་ཐོས་བསམ་བསྒོམ་པ་སོགས། བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་རྣམས། གེགས་མེད་སྡོང་མཛད་རྩ་གསུམ་བོན་སྐྱོང་ཚོགས། ཏིང་འཛིན་གསུམ་གྱིས་མཆོད་པ་རྟག་ཏུ་འབུལ། མཆོད་པར་བརྗོད་དང་བཤད་པར་བྱ་བ་འོ། བཤད་པའི་ཡུལ་ལ་སྤྱི་དང་བྱེ་བྲག་གཉིས། རབ་བརྒྱད་སྟོན་པ་གཤེན་རབ་མི་བོ་དེས། དང་པོ་སྟོང་གསུམ་ཞིང་འདིར་འདུལ་བའི་ཐབས། ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་ཡིས། སྐུ་གསུང་ཐུགས་ཡོན་འཕྲིན་ལས་མ་འགག་པས། རིགས་དྲུག་ཞིང་དང་ཁྱད་པར་ལྷ་ཀླུ་མི། ཞང་ཞུང་སྒོ་ཕུག་བར་གྱི་གནས་མཆོག་སོགས། གདུལ་བྱ་སེམས་ཅན་རབ་འབྲིང་ཐ་མའི་བློ། འདུལ་བྱེད་བོན་ཡང་རབ་འབྲིང་ཐ་མ་གསུང་། གསུང་པའི་བོན་ནི་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་བ་གསུམ། རིག་པའི་གནས་ལྔ་ལ་སོགས་དྲང་དོན་ངེས། སེམས་ཅན་བློ་ཚོད་དེ་དང་མཐུན་པར་གསུང་། རབ་ལ་གྲོལ་ལམ་འབྲིང་ལ་བསྒྱུར་ལམ་དང་། ཐ་མར་སྤང་ལམ་དེ་དག་རེ་རེ་ཡིས། ལྟ་བ་སྒོམ་པ་སྤྱོད་པ་དམ་ཚིག་ཕྲིན། ལྔ་རེ་སྟོན་ཏེ་མཛད་ཆེན་བཅུ་གཉིས་དང་།
མཛད་པ་དྲུག་བཅུ་མཛད་ཕྲན་སུམ་བརྒྱ་སོགས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཉེན་པོ་ལ།
ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་གསུང་པ་བཞིན། སྟོན་པའི་བསྟན་ཡུན་མི་ལོ་ཁྲི་གསུམ་རིང་། སྐུ་བསྟན་ཁྲི་གཅིག་དེ་བཞིན་གསུང་བསྟན་ཁྲི། ཐུགས་བསྟན་ཁྲི་གཅིག་ད་ལྟ་གསུང་བསྟན་སྐབས། ཞལ་ནས་གསུང་དང་བྱིན་གྱིས་རླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་བཅས་གླེག་བུམ་གྲངས། བྱེ་བ་དུང་ཕྱུར་ཁྲི་སྟོང་གསུང་ན་ཡང་། བོན་ལ་རྐྱེན་ངན་ཐོག་མཐའ་བར་གསུམ་བྱུང་། དང་པོ་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས། གཉིས་པ་མཁན་སློབ་ཆོས་གསུམ་གླང་དར་དང་། ཐ་མ་རིག་གསར་ཡན་ལ་བསྟན་པ་འདི། བར་ཆོད་དབུ་གཡོག་ཐེངས་བཞི་བྱུང་བའི་རྐྱེན། དེང་གི་ཆ་ལ་བདག་ཅག་སྟོན་པའི་བཀའ། མིག་སྔར་པོད་གྲངས་བརྒྱ་དང་དོན་བརྒྱད་ལས། མ་བཞུགས་སེམས་ཅན་བསོད་ནམས་ཞན་པའི་དབང་། སངས་རྒྱས་བསྟན་པ་འདི་ལ་འཕོ་འགྱུར་ཤིན་ཏུ་ཆེ། འོན་ཀྱང་རིག་གསར་གོང་ལ་བཀའ་འགྱུར་ནི། སྟོད་སྨད་བར་གྱི་དགོན་སྡེ་མཐའ་དག་ལ། ལག་བྲིས་གཙང་མ་བརྒྱ་སྐོར་ཡོད་སྐད་གྲགས། བཤད་སྒྲོས་ཞིག་ལ་འདི་འདྲ་ཟེར་སྲོལ་འདུག ཀ་རུ་དཔོན་གྱིས་ཤིང་པར་དབུ་འཛུགས་མཛད། ཁྲོ་སྐྱབས་རྒྱལ་པོས་ཁྲོ་པར་བསྐོས་ཆག་མཛད། ཡིན་ཡང་པོ་ཏི་ཁ་ཤས་བཞེངས་པ་ལས། ལེགས་གྲུབ་མ་བྱུང་ཚུལ་སོགས་བཤད་སྲོལ་སྣང་། གཉིས་པ་བྱེ་བྲག་འདི་ལ་ཅུང་ཞིག་བཤད་པ་ལའང་། གོང་ལྟར་ད་ལྟའི་མིག་སྔར་བཀའ་འགྱུར་འདི། ཟུར་ཙམ་བརྗོད་འདོད་སྔར་ནས་ཡོད་ན་ཡང་། གླེང་བའི་གོ་སྐབས་དེ་རིང་དངོས་སུ་བྱུང་། སེར་ཆེན་ཧོར་གྱི་སྤྱི་ཁྱབ་རྒྱལ་པོ་ཡི། ཀློང་ཆེན་ག་རྒྱ་དཀོན་མཆོག་རྒྱལ་མཚན་གྱིས། ཉག་རོང་བསྟན་གཉིས་གསང་སྔགས་གླིང་པ་ལ། བསྟན་འགྲོ་གཉིས་ཀྱི་ཆེད་དུ་ཁོང་ལ་ཕུལ། ག་རྒྱ་གྲྭ་པ་ལགས་ནས་བཀའ་འགྱུར་དང་། གསང་གླིང་ཡབ་ཡུམ་གཉིས་སོགས་ཉག་ཡུལ་དུ། བླ་བསྟན་རྣམ་གཉིས་གཙོར་བྱས་སྐུ་འཁོར་ཚོ། ལོ་གྲངས་ཟླ་གྲངས་དཀའ་ལས་ཀྱ་ཀྱོག་དང་། རྟ་ཁལ་ཐོག་ལ་ཆེ་བཅོལ་ལེགས་པར་ཞུས་། བོན་གྱི་བཀའ་འགྱུར་འདི་ཉིད་མ་གཏོགས་པ། སྟོད་སྨད་བར་ལ་ཡ་འཐོར་རེ་འགའ་ལས། ཆ་ཚང་ཡོད་མཁན་འདི་ཉིད་གཅིག་པུ་ཡིན། འོ་ན་འདི་ཉིད་ཇི་ལྟར་བྱས་ཏེ་བཞུགས་པའི་ཚུལ། སྦྱིན་བདག་ཁམས་ཆེན་ག་རྒྱ་འགྲམ་ནག་དང་། བླ་མ་བྱིན་ཆེན་གཏེར་ཆེན་ཡབ་ཡུམ་གཉིས། དཔའ་རྩལ་བློ་ཁོག་ཆེ་བ་ཉག་ཡུལ་མིས། དབལ་ཁྱུང་སྡེ་དགོན་གཉིས་ཀྱིས་ནུས་ཤུགས་ལས། ཉིན་སྐར་ལྟ་བུའི་བཀའ་འདི་སྲུང་སྐྱོབ་མཁན། ཉག་སྨད་ཕར་རྒྱབ་བུ་ཡིས་བྱས་རྗེས་ཡིན། རྒྱུན་དུ་མཁའ་སྤྱོད་དབང་མོའི་ཐུགས་ཁུར་འོག། བོན་གྱི་བཀའ་འགྱུར་སོན་རྩྭ་འདི་ཉིད་ལྷག རིག་གསར་རྗེས་ལ་བསྟན་པ་སླར་གསོའི་སྐབས། གཅིག་དགུ་བརྒྱད་བཅུ་ཐམ་པའི་དབྱར་སྟོད་ལ། གྲུབ་དབང་དམ་པ་ཉི་མ་རིན་པོ་ཆེ། ང་རང་ཁུ་དབོན་གཉིས་བཅས་ཉག་ཡུལ་དུ། སྔོན་ལས་འཕྲལ་རྐྱེན་རྟེན་འབྲེལ་སྣ་ཚོགས་དབང་། ས་ནག་རི་ཁྲོད་སླེབ་ནས་ཟླ་ཤས་རྗེས། གལ་གནད་ཆེན་པོ་དགོངས་ནས་དབལ་ཁྱུང་དགོན། བཀའ་འགྱུར་མཇལ་ཁ་ཞུ་མཁན་དང་པོ་ཆགས། མཇལ་ཁ་ཞུས་པའི་གནས་སྐབས་དམ་པ་ཁོང་། བཤུམ་ཐེངས་ལེན་གསུམ་མཛད་པའི་ཐ་མ་ལ། བླ་ཆེན་དྲན་པའི་ཞལ་ནས་འདི་འདྲ་གསུང་། ང་ཡི་བོན་འདི་ནུབ་པ་འདྲ་ལ་ནུབ་མི་སྲིད། གསུང་ཡང་སྟོད་སྨད་བར་ལ་བཀའ་འགྱུར་འདི་ལས་མེད། མ་ཉམས་གོང་འཕེལ་ཉམས་པ་སླར་གསོའི་དོན། ཉག་ཁོག་བླ་ཆེན་ཁྱུང་པོ་བདུད་འདུལ་དང་། ཁྱུང་པོ་རི་ཁོད་ཨ་གཡུང་རིན་པོ་ཆེ། སུ་ལ་མཁས་གྲུབ་གཡུང་དྲུང་དབང་རྒྱལ་དང་། ཀུན་གྲོལ་ལྷ་སྲས་མཁའ་སྤྱོད་དབང་མོ་སོགས། སྐྱེས་ཆེན་བླ་སྤྲུལ་མཁས་གྲུབ་རྣམ་པ་ཚོས། བགྲོ་གླེང་ཚོགས་འདུ་མཉམ་བཞུགས་ཐེངས་མང་མཛད། དེ་རྗེས་ཨ་ཚོང་སྐལ་བཟང་ཕུན་ཚོགས་དང་། ཨ་གཡུང་རིན་པོ་ཆེ་དང་རྣམ་གཉིས་ནས། པར་བསྐྲུན་དང་པོར་མཛད་དེ་སྟོད་སྨད་ཁྱབ། དེ་རྗེས་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་དང་། མཁའ་འགྲོ་མཁའ་སྤྱོད་དབང་མོ་རྣམ་གཉིས་ཀྱིས། ལོ་མང་རིང་ལ་དཀའ་སྡུག་སྣ་ཚོགས་བྱུང་། དུས་ངན་མི་ཡི་དྲང་བདེན་བྱེད་མཁན་དོགས། སྟོད་སྨད་བར་གྱི་ལྷ་སྲས་ཡིད་ཆེས་དཀོན། དཔལ་འབྱོར་མཐུན་རྐྱེན་སྡོང་གྲོགས་བྱེད་མཁན་ཉུང་། དེ་ཡི་གོང་དུ་ཀུན་གྲོལ་ལྷ་སྲས་དང་། ཨ་ཁུ་དམ་པ་ཉི་མ་རིན་པོ་ཆེ། རྣམ་པ་གཉིས་ཀྱི་ཐུགས་གྲོས་འདི་ལྟར་བཞག ཨ་ཁུ་དམ་པས་འཕྲུལ་འཁོར་སྤུས་ལེགས་ཞིག། ཉོ་སྟེ་སྟེང་ཆེན་རྫོང་ལ་ཆུ་གློག་ཆ་རྐྱེན་བཟང་། བཀའ་འགྱུར་པར་བསྐྲུན་སྟེང་ཆེན་མཛད་ཆག་གནང་། འཕྲུལ་འཁོར་ལག་ལེན་བྱེད་མཁན་ང་ཚོའི་མི། ཉག་ཡུལ་རྒྱ་ཞིག་གྲྭ་པ་དབང་ལི་དང་། འཆི་མེད་ཚེ་རིང་དེ་གཉིས་ལོ་ཤས་རིང་། བཟོ་གྲར་སྦྱོང་བརྡར་བྱེད་མི་བཞག་ན་ཡང་། བོན་འབངས་སེམས་ཅན་བསོད་ནམས་ཞན་པ་དང་། བསྟན་པ་འདི་ལ་བར་ཆོད་མང་བའི་རྐྱེན། གྲུབ་ཆེན་ཉི་མ་ཞིང་ཁམས་གཞན་ལ་གཟིགས། མཁའ་སྤྱོད་དབང་མོ་མཁའ་འགྲོའི་ཚོགས་གྲལ་གཤེགས། གོང་གི་འཆར་གཞི་དེ་ཚོ་དེ་མཚམས་ལུས། ཀུན་གྲོལ་ལྷ་སྲས་དཔལ་འབྱོར་ཆ་རྐྱེན་ཞན། དེ་དུས་བདག་གི་ཧོར་ཁྱུང་སྟོད་སྨད་དང་། བོད་ལྗོངས་མངའ་ཁུལ་ཡོངས་ལ་འབོད་བསྐུལ་ཞུས། བཀའ་འགྱུར་རེ་ལ་སྒོར་མོ་བཞི་སྟོང་བསྡུས། ཁྱོན་བསྡོམ་ཁྲི་ཚོ་ལྔ་བཅུ་ཡན་མན་ཞིག། དད་ལྡན་རྣམས་ཀྱིས་ང་ལ་ཡིད་ཆེས་བྱས། དེ་ཚོ་བཀའ་འགྱུར་མ་རྩའི་ཁོངས་ལ་གཏོགས། གཡུང་དྲུང་རྒྱལ་བས་ཧོར་གྱི་མཆོད་རྟེན་གཉིས། བཞེངས་རྒྱུའི་ཆེད་དུ་ལྷ་སྲས་གདན་འདྲེན་ཞུས། དེ་དུས་དཔལ་འབྱོར་གོང་འཕེལ་ཡག་པོར་ཕྱིན། བཀའ་འགྱུར་ཆེད་ལས་ཡར་མར་ཕེབས་སྣོད་ཞིག རྨ་རོང་གྲགས་པས་རླུང་འཁོར་སྤུས་ལེགས་ཕུལ། དེ་ནས་བཟུང་སྟེ་རླུང་རྟ་ཡར་དར་སྐབས། ཕྱི་ནང་མི་མཐུན་གེགས་རྣམས་རང་སར་ཞི། མཐུན་རྐྱེན་རོགས་རམ་བྱེད་མཁན་གང་མང་སོང་། རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅི་བསྟན་འཛིན་དང་། ལྷག་པ་ཕུན་ཚོགས་རྣམ་གཉིས་རྒྱབ་སྐྱོར་འོག བཀའ་འགྱུར་པར་བསྐྲུན་བྱེད་རྒྱུའི་ཆོག་མཆན་ཐོབ། ཐ་མའི་རྒྱལ་ཁ་རང་ལ་ཐོབ་པའི་སྐབས། མ་དཔེ་ཇི་བཞིན་དཔར་སྐྲུན་ལེགས་པོར་གནང་། འཛམ་གླིང་ཕྱི་ནང་ཀུན་ལ་ཁྱབ་པར་མཛད། རང་གཞན་གཉིས་ཀྱིས་དོན་ཆེན་ལེགས་གྲུབ་བྱུང་། དེ་རྗེས་བླ་མ་རྒྱ་མཚོ་རིན་པོ་ཆེས། གོང་གི་ག་རྒྱའི་བཀའ་འགྱུར་དེ་ཉིད་ནི། བྲིས་པ་མང་པོས་སུག་བྲིས་བྱས་པའི་དབང་། བརྡ་གསར་དག་ཆའི་འགྲོས་ལ་བསྟན་པའི་ཚེ། དག་ཆ་དེ་ཙམ་མི་འདུག་དགོངས་རྗེས་སུ། ར་མ་ཀུན་བཟང་ལ་སོགས་མཁས་མང་འགས། དག་བཅོས་མང་ཙམ་གནང་སྟེ་པར་བསྐྲུན་མཛད། བྲིས་གཟུགས་ལེགས་པར་ཁྲ་བྲིས་གཞི་བཟུང་ནས། ཁ་དོག་མཛེས་པར་མཚོན་ཁྲའི་པར་བསྐྲུན་གནང་། ཕྱི་ནང་སྟོད་སྨད་ཀུན་ལ་མཁོ་འདོན་སྤེལ། ཡང་གཅིག་རག་ཤི་ཀུན་གསལ་སྙིང་པོ་ནས། བོན་བསྟན་མཉམ་འབྲེལ་ལྷན་ཚོགས་བཀའ་བབས་བཞིན། བཀའ་འགྱུར་དེབ་གཟུགས་ཅན་ཞིག་དགོས་གལ་ཆེ། ཀུན་གསལ་ཁྱེད་ཀྱིས་གཙོ་འགན་ཆེ་བཞེས་འོག མཁས་པའི་ཚོགས་དང་མཐུན་འབྲེལ་ལྷན་ཚོགས་ནས། རྒྱབ་སྐྱོར་བྱེད་ཆོག་གསུང་བཞིན་ཀུན་གསལ་ནས། ལོ་མང་རིང་ལ་ནག་ཆུ་ས་གནས་སུ། ཤེས་ལྡན་མི་སྣ་སྡོད་གནས་མཐུན་རྐྱེན་སོགས། བརྩོན་འགྲུས་ཚགས་༼ དཀའ་ངལ་༽དང་ཡོ་བྱད་རྒྱུ་གཏོང་སྟེ། དག་ཆ་ཞུ་དག་ཆེད་བསྒྲིགས་སྟ་གོན་སྐབས། རྗེས་སུ་ལེགས་གྲུབ་བྱུང་བའི་སྨོན་འདུན་གཙང་མ་ཞུ།
༡. ད་དུང་རྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་ནས། བཀའ་འགྱུར་ཆ་ཚང་རྒྱ་ཡིག་ཕབ་བསྒྱུར་དང་། ལོ་ཙཱ་རྒྱ་བོད་མཁས་ཅན་མང་དག་ཞིག ཇུས་བཀོད་བསམ་འཆར་བསྡུ་ལེན་གནང་བཞིན་མཆིས། ཕྱི་རྒྱལ་བཞུགས་པའི་དགེ་བཤེས་མཁས་གྲུབ་ཚོས། བཀའ་འགྱུར་དེ་ཉིད་དབྱིན་ཇིའི་སྐད་ཡིག་ཐོག དེང་སྐབས་བསྒྱུར་བཞིན་ཡོད་པ་གོ་ཐོས་བྱུང་། དེ་ཚོ་ཚང་མ་བསྟན་པའི་སྤྱི་དོན་ནོ། །
༢. བསྟན་པའི་སྤྱི་དོན་མཐར་ཐུག་གཟིགས་མཁན་ཚོ། མ་འོང་བསྟན་པའི་སོན་རྩ་མེ་ལོང་དེ། མི་རབས་རྗེས་མའི་མི་ལ་བཞག་དགོས་ཚེ། བརྡ་གསལ་དག་ཆའི་ཞུ་དག་མཛད་པའི་དུས། དང་པོ་ཚིག་དེ་མགོ་མཇུག་མ་ལོག་པ། གཉིས་པ་མིང་གཞི་སྔོན་རྗེས་ཡང་འཇུག་དང་། འདོགས་ཅན་སྒྲ་འཕུལ་ལ་སོགས་རེ་རེ་བཞིན། གློག་ཀླད་ནང་དུ་ཆེད་བསྒྲིགས་བྱས་པའི་སྐབས། དག་དང་མ་དག་ཉེན་ཁ་དེ་དུས་ཆེ། མ་དཔེ་དེ་ལ་དག་ཆ་ཡོད་ན་ཡང་། གློག་ཀླད་ནང་དུ་དག་ཆ་མེད་པའི་ཁར། ཚིག་གི་མགོ་འཇུག་ལོག་པའི་སྐྱོན་ཆེར་མཐོང་། བཀའ་འགྱུར་པོད་གྲངས་ཉིས་བརྒྱ་ཡན་མན་ཞིག མཁས་པ་རེ་འགས་ལོ་ཟླ་ཁ་ཤས་རིང་། དག་བཅོས་ཕྲན་ཙམ་བྱས་མཐར་མགྱོགས་མྱུར་དུ། པར་བསྐྲུན་སུ་སྔ་གང་མགྱོགས་འགྲན་རྩོད་འོག ཚོང་ཁེ་འཁོར་རྒྱུག་ཡོངས་བའི་ཐབས་སྣ་ཚོགས། དེ་འདྲ་དག་བཅོས་པར་བསྐྲུན་བརྩོན་ན་ཡང་། དོན་སྙིང་ལྡན་པ་ཡིན་དང་མིན་ནམ་དཔྱད། དེ་ལས་མ་དཔེ་ཇི་བཞིན་སོར་བཞག་བསྐྲུན་ན་སྙམ།

༣. འོ་ན་དག་བཅོས་བྱས་ན་ཅི་འདྲ་བྱེད་དགོས་སམ། ཕྱི་ནང་སྟོད་སྨད་བར་གྱི་མཁས་པའི་ཚོགས། ནུས་ཤུགས་གཅིག་བསྒྲིལ་ཐོག་ནས་འབད་བརྩོན་བྱེད། མཁས་པ་ཉིས་བརྒྱ་ཡན་མན་བགྲོ་གླེང་འོག མཁས་པ་རེ་ལ་པོ་ཏི་རེ་རེ་སྤྲད། པོ་ཏི་རེ་ལ་མང་ཉུང་ཡོད་ཀྱང་རུང་། ཕན་ཚུན་གཅིག་གི་གཅིག་ལ་རོགས་སྐྱོར་གནང། ཟླ་འཕྲིན་དུས་རབས་བཟང་པོའི་མཐུན་རྐྱེན་འོག དགེ་བཤེས་གླིང་དང་གཤེན་བསྟན་གླིང་ས་དང་། རྫོགས་ཆེན་གླིང་སོགས་གླིང་སྟེགས་མང་པོ་ཡོད། དོན་མེད་རང་བསྟོད་གཞན་སྨད་ཟུར་ཟ་དང་། དེང་དུས་སྤྱི་ཚོགས་ནང་ལ་དག་དང་མ་དག་སྐོར། འདི་ཕྱི་གཉིས་མེད་འཆལ་གཏམ་འབའ་ཞིག་དང་། པར་རིས་ཡིག་ཉུབ་མང་ཙམ་མཁོ་འདོན་བྱེད། དེ་ཚོ་ཡང་བལྟ་བྱས་ཏེ་དུས་འདའ་ལས། དོན་སྙིང་ལྡན་པའི་བགྲོ་གླེང་གནང་ན་བསམ།
༤. བསྟན་པ་འཛིན་སྐྱོང་བྱེད་མཁན་མི་ཡིན་སྟབས། བསྟན་འཛིན་སྐྱེས་བུའི་ཕྱག་ལས་ངོ་མ་དེ། མི་མེད་ཡུལ་དུ་སོང་ཡང་ལྷ་ཀླུས་སྡོང་གྲོགས་མཛད། གསུང་པ་དེ་ནི་བོན་ཉིད་ཁོ་ན་ཟད། རྩོད་ལྡན་མར་འགྲིབ་དུས་ཀྱི་བསྐལ་ཁུག་ལ། གསུང་བསྟན་ཐ་མ་སྟོང་ཕྲག་ཡ་མ་ཟུང་། ཐར་པ་དང་ནི་ཐམས་ཅད་མཁྱེན་པའི་རྒྱུ། དེ་ཚེ་དལ་འབྱོར་དོན་ཡོད་ཤེས་ལྡན་མིས། ཐོས་བསམ་ལྟ་དཔྱོད་བྱེད་ཡུལ་སྟོན་པའི་བཀའ། བཀའ་ལ་བརྟེན་པའི་ལེགས་བཤད་རྣམ་དག་དང་། དྲིན་ཆེན་བླ་མའི་ཞལ་གདམས་ཐོལ་ལེ་བ། གསུམ་པོ་ཁོ་ན་ཡིན་སྟེ་དངོས་པོའི་གཤིས། ཕྱི་ལྟར་ཚན་རྩལ་དངོས་པོའི་རྦ་རླབས་ཤུགས། ནང་ལྟར་ཤེས་ལྡན་རིག་པའི་དབལ་སོ་རྣོ། རང་གཞན་གཉིས་ཀྱི་དོན་རྐྱེན་འབད་བརྩོན་འོག གོང་་གི་དཔར་བསྐྲུན་རིམས་པའི་རྒྱུ་རྩལ་རྣམས། འདི་ཕྱི་གཉིས་ཀྱི་བསྟན་དོན་ཡིན་ནའང་། བསྟན་རྩ་མཐར་ཐུག་ཉག་ཡུལ་དབལ་ཁྱུང་དུ། ལག་བྲིས་གཙང་མ་བཀའ་འགྱུར་དེ་ཉིད་ཡིན། འདི་ཉིད་ཐོག་མཐའ་བར་གྱི་བདག་གཅེས་མཁན། ད་ཕྱི་གང་ལ་བཞུགས་པའི་དྲིན་ཆེན་རྣམས། གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དང་། སྐྱ་སེར་ཕོ་མོ་སུ་འདྲ་ཡིན་ཀྱང་རུང་། བློ་དཔྱད་བསམ་གཞིགས་བྱེད་མྱོང་ཨེ་ཡོད་དམ། ཤ་ཐུད་ཞིམ་པོ་མར་དང་ཚིལ་གྱི་དྲིན། ཚང་མའི་སེམས་ལ་དེ་ལྟར་བཞག་རོགས་གྱིས། མ་འོང་པ་ལ་བསམ་གཞིགས་བྱེད་ཕྱོགས་སྐོར། མདོ་དབུས་ཁམས་ཀྱི་གྲགས་ཅན་མི་སྣ་ཚོར། གལ་གནད་ཆེ་བའི་དོན་ཞིག་ཞུ་དགོས་ན། བསྟན་པའི་སོན་རྩ་རིག་དངོས་རྩ་ཆེན་དེ། རིག་དངོས་ཤུལ་བཞག་ནང་ལ་ཡོད་དམ་མེད། མེད་ན་རིག་དངོས་དེ་ལ་རིམ་པ་སྣ་ཚོགས་ཡོད། དེ་ལ་བཞག་པའི་ཐབས་ཤེས་གང་འདྲ་དགོས། གཞན་གྱི་ངག་ལས་ཐོས་པའི་ཚིག་ཞིག་ཞུ། དབལ་ཁྱུང་དགོན་པའི་གཙོ་འཛིན་ངོ་མ་ནི། བླ་རྒན་གཡུང་དྲུང་དོན་འགྲུབ་གསུང་ཚུལ་ལས། ཉག་རོང་རྫོང་སོགས་སྲིད་གཞུང་རིམ་པ་ལ། སྲུང་སྐྱོབ་བྱེད་ཡུལ་ཕྱི་ནང་རྟེན་དང་བཅས། ཡར་ཞུ་ཐེངས་མང་བྱས་ཀྱང་དོན་མ་སྨིན། དེ་བཞིན་པར་བསྐྲུན་བྱེད་རིམ་མང་ན་ཡང་། དེ་སྔོན་ཐུགས་ཁུར་གནང་མཁན་སུ་མ་བྱུང་། བོན་གྱི་བླ་སྤྲུལ་སྐྱེས་ཆེན་མི་དྲག་དང་། ཕྱི་ནང་སྟོད་སྨད་བར་གྱི་དགོན་སྡེ་སོགས། ཁེ་ཚོང་བེད་སྤྱོད་མཛད་མཁན་མང་ན་ཡང་། རྒྱབ་སྐྱོར་རོགས་རམ་བྱེད་མཁན་སུ་མ་མཆིས། གསལ་པོར་ཞུས་ན་རིག་དངོས་རྩ་ཆེན་དེ། བཤམས་སའི་ལྷ་ཁང་བརྟེན་པོ་གཙང་མ་ཞིག ད་ལྟ་བར་དུ་མ་འགྲུབ་གསང་བའི་གཏམ། ཐོས་པའི་གཏམ་དེ་གསལ་པོར་ཞུ་དོན་ནི། བསྟན་གཙོ་དེ་ལ་སྲུང་སྐྱོབ་ཁོ་ན་སྨོན། དེ་ལྟར་སྟོད་སྨད་བར་གྱི་དགོན་སྡེ་དང་། བླ་སྤྲུལ་དགེ་བའི་གཤེས་གཉེན་རྣམ་པ་ཚོ། ཚོང་ལས་ཁེ་དཔོག་ཆེ་བའི་དད་སྦྱིན་ཚོ། བསྟན་ལ་ཤ་ཞེན་ཡོད་པའི་བློ་མཐུན་ཚོ། འདི་ལ་བསམ་གཞིགས་ཏོག་ཙམ་བཏང་ན་བསམ། བདག་གི་བསམ་ཚུལ་ཁ་རི་ཁ་ཐུག་ཡིན། དོན་གྱི་དངོས་པོའི་གནས་ལུགས་གང་ཡོད་ལྟར། ཡར་བསྟོད་མར་སྨད་འཕྲུལ་ལྡེམ་བྱས་པའི་ལུགས། དེ་འདྲའི་གཤིས་ཀ་རང་ལ་ཡེ་ནས་མེད། གོང་ཞུས་གཏམ་ཉོབ་དེ་ཚོ་གཟིགས་པའི་སྐབས། དོན་ཡོད་ཕྲན་ཙམ་འདུག་ན་ཐུགས་དབུས་འཇག དོན་མེད་ཐུགས་ལ་ཕོག་ན་མཐོལ་ལོ་བཤགས། བོད་ཟླ་༦པའི་གཟར་སྐར་འགྲུབ་སྦྱོར་ལ། རྨེའུ་བྱ་སྤྲུལ་ཤེས་བློ་བདག་གིས་སྦྱར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།