འབེལ་གཏམ་ཀེ་ཏ་ཀའི་ཕྲེང་མཛེས།

[ཟླ་ཚེས། 2013-04-18 02:02:00][རྩོམ་པ་པོ། སློབ་དཔོན་བསྐལ་བཟང་དར་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཐའ་ཡས་གདུལ་བྱའི་མོས་སྣང་མཐའ་དད་པར། །
གང་ལ་གང་འདུལ་ཐེག་སྒོ་སྣ་ཚོགས་ཀྱི། །
བཀའ་ཡི་འཁོར་ལོ་རིམ་གསུམ་བསྐོར་མཛད་པའི། །
གཤེན་རྒྱལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །

གཤེན་བསྟན་དྲི་མེད་གངྒའི་རྒྱུན་བཟང་པོ། །
ཕྱོགས་ཞེན་སྒྲོ་བསྐུར་རྡུལ་གྱིས་རྙོགས་པ་གང་། །
དྭངས་བྱེད་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི། །
ཕྲེང་མཛེས་སྐལ་བཟང་མགུལ་གྱི་རྒྱན་དུ་སྤེལ། །

གཟིགས་དགོངས་མཛད་པ་ཞིང་མཆོག་འོལ་གླིང་དུ། །
སྟོང་གསུམ་འདུལ་མཛད་བརྒྱ་བའི་མགོན་པོ་མཆོག །
བརྒྱད་ཁྲི་བཞི་སྟོང་བོན་གྱི་འཁོར་ལོ་ཡིས། །
རབ་འབྱམས་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར། །

སླད་ན་ལུས་པ་མ་འོངས་འགྲོ་བའི་དོན། །
དཀར་ནག་བཀྲ་གསལ་བསྟན་པ་རྗེས་བཞག་མཛད། །
གསུང་དང་ཐུགས་ཀྱིས་འདུལ་བའི་རིམ་པ་ཡིས། །
བསྟན་འགྲོའི་ཕན་བདེ་དབྱར་གྱི་མཚོ་ལ་འགྲན། །

བན་བོན་བསྟན་པའི་གཞི་རྩ་འདུལ་བའི་སྲོལ། །
རྒུད་ཉམས་མུན་པའི་ཀློང་དུ་ཆུད་པ་གང་། །
ཇི་ལྟར་གསལ་ཞིང་མཁའ་ལྟར་ཁྱབ་མཛད་པའི། །
དགོངས་པ་རབ་གསལ་བཀའ་དྲིན་མཚུངས་ཟླས་དབེན། །

བསྟན་པའི་མཆོག་འདི་བོན་ལ་ཐུགས་པའི་ཕྱིར། །
མཁན་པོ་མ་བརྗེད་རྟགས་བཞི་ལོངས་གསུངས་ཀྱང་། །
འགའ་ཞིག་བོན་ལ་འདུལ་བ་མེད་དོ་ལོས། །
མཁན་པོའི་གསུངས་ལ་ངོ་རྒོལ་བྱེད་པའང་མཐོང་། །

ཤིན་ཏུ་སྙིགས་མ་གྱུར་བའི་དུས་ཀྱི་སྐབས། །
ལོག་པའི་ལམ་ལ་མཐའ་དབུས་མ་མཆིས་མོད། །
ཕ་རྒན་བསད་དེ་རྒྱལ་རྔ་བརྡུང་ཕོད་ན། །
རྒྱལ་ས་ཐོབ་རེ་སྲོལ་ངན་འདི་ཡང་མཚར། །

གངས་རིས་ཡོངས་བསྐོར་ཞིང་མཆོག་བོད་ཡུལ་་འདིར། །
སྣ་ཚོགས་གདུལ་བྱའི་མོས་སྣང་ཐ་དད་པར། །
གང་འདུལ་བསྟན་པའི་བྱེ་བྲག་མཐའ་ཡས་ཀྱང་། །
གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན། །

མཐོ་ཡི་ཁྱུང་ལུང་དངུལ་མཁར་མན་ཅད་ནས། །
དམའ་བའི་ཤེལ་ལེ་རྒྱ་སྐར་ཡན་ཆད་དུ། །
བོན་དང་གཤེན་གྱིས་ཁྱབ་པའི་ལོ་རྒྱུས་ཀྱི། །
སྙན་པའི་གྲགས་པ་འཛམ་གླིང་མཛེས་པའི་རྒྱན། །

བོན་དང་ཆོས་ཞེས་བརྡ་ཡི་ཁྱད་ཙམ་སྟེ། །
བརྗོད་བྱའི་དོན་ལ་ཁྱད་པར་ཡོད་མ་ཡིན། །
གལ་ཏེ་འགལ་ན་ཕྱི་བ་ནང་བ་བཞིན། །
ཕན་ཚུན་བསྒྱུར་མེད་བསྒྱུར་བོན་ག་ལ་འཐད། །

ཉམས་སུ་མི་ལེན་ཆགས་སྡང་འཐེན་རྩོད་ཀྱིས། །
རང་རྒྱུད་རེངས་སུ་བཅུག་པ་དག་གི་ངོར། །
ལྟོ་འགྲོའི་ཁ་ལ་འོ་མས་རེག་པ་བཞིན། །
བོན་ཆོས་གང་ཡང་སྡིག་པའི་དམིགས་རྐྱེན་གྱུར། །

སངས་རྒྱས་བསྟན་པའི་སྙིང་བོ་གཅིག་ཡིན་ཕྱིར། །
བོན་དང་ཆོས་ཞེས་འཐེན་རྩོད་མི་འཐད་ཀྱང་། །
འགའ་ཞིག་བོན་ལ་སྡང་འདོད་སྡིག་པའི་ཁས། །
ཉེས་ལྟུང་སྒོ་བརྒྱ་འབྱེད་ལ་ཅི་ཡང་བྲེལ། །

སྟོན་མཆོག་བརྒྱ་བའི་མགོན་པོའི་རྗེས་ཞུགས་རྣམས། །
ཐ་དད་གྲུབ་མཐའི་ཚོན་རིས་མི་གཅིག་ཀྱང་། །
བྱང་ཆུབ་སྒྲུབ་ལ་རོ་གཅིག་གྱུར་མཐོང་ནས། །
རྩོད་མེད་ཕན་ཚུན་གྲོགས་སུ་འཐམ་པར་སྨོན། །

༢༠༡༠ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག་༽ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།