ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་ཐོག་འོག་གི་བསྟོད་པ་ཡོན་ཏན་ཉི་ཟླ་ཁ་སྤྲོད།

[ཟླ་ཚེས། 2025-07-01 10:23:40][རྩོམ་པ་པོ། ཨ་རུ༧ཤེས་རབ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རི་དགོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དེ་ཉིད་ལ་བསྟོད་པ་དད་གསུམ་པད་མོ་བཞད་པའི་ཉིན་བྱེད།

  ཀུན་གཟིགས་མཁྱེན་རབ་ཡེ་ཤེས་དཀྱིལ་འཁོར་ནས། །མི་འཇིགས་སྟོབས་བཅུའི་གོ་ཆ་རབ་བརྗིད་པ། །བསྐལ་བཟང་འགྲོ་བའི་སྤྱི་དཔལ་དམུ་རྒྱལ་སྲས། །བྱང་ཆུབ་བར་དུ་ཞབས་རྡུལ་སྤྱི་བོར་ལེན། །

  རྨད་བྱུང་རྒྱལ་བ་མ་ལུས་འདུས་པའི་སྐུ། །ཤེས་རབ་ལྷ་མཆོག་བདག་མགྲིན་པ་པད་མོ་རུ། །བཞུགས་ནས་སྨྲ་བའི་དབང་ཕྱུག་ངག་གི་དཔལ། །ལེགས་བཤད་བློ་གྲོས་འདབ་བརྒྱ་ཁྲོལ་དུ་གསོལ། །

  རབ་དཀར་ངོ་མཚར་ཆུ་གཏེར་སྙིང་པོ་ལ། །ལེགས་འཁྲུངས་ཟླ་བ་གཞོན་ནུ་མཛེས་པའི་སྐུ། །རྒྱལ་ཡུམ་ཚངས་སྲས་ངག་གི་དབང་ཕྱུག་མ། །དུས་ཀུན་བདག་མགྲིན་པད་མོའི་ཁབ་ཏུ་སྐྱོང་། །

  བསྟན་པའི་བདག་ཉིད་དམུ་རྒྱལ་ཐོད་དཀར་སྲས། །ཉིད་དང་དབྱེར་མེད་གདུང་འཚོབ་མུ་ཆོ་དང་། །ཞུ་འཁོར་གཤེན་དང་ལྷ་ཀླུ་མི་ཡི་གཤེན། །རྒྱལ་སྲས་ལོ་པཎ་ཕྱོགས་ལ་དད་ཕྱག་བརྩེག །

  རྣམ་འདྲེན་རྒྱལ་བསྟན་གསང་གསུམ་བོན་གྱི་མཛོད། །འཛམ་གླིང་ཞིང་འདིར་འདྲེན་མཛད་མཆོག་བསྔགས་པ། །ཞང་བོད་རིག་འཛིན་གྲུབ་ཆེན་ཚོགས་རྣམས་ལ། །སྒོ་གསུམ་དྭངས་བའི་ཡིད་ཀྱིས་ལན་བརྒྱར་འདུད། །

  རྒྱལ་གསུང་བོན་སྒོ་ཕྱི་ནང་གསང་གསུམ་གྱི། །བསྟན་པ་གཉེར་མཛད་ཡེ་ཤེས་དབལ་མོ་དང་། །དམ་ཅན་ཡུམ་སྲས་ལྔ་སོགས་གཏེར་སྲུང་ཚོགས། །འབྲལ་མེད་བུ་བཞིན་སྲུང་ཕྱིར་སྐྱབས་སུ་འཇུག།

  ཁྱད་པར་བོན་སྒོ་རིན་ཆེན་ནོར་གྱི་མཛོད། །སླར་ཡང་ཟབ་གཏེར་བཞེས་པའི་དེད་དཔོན་ཆེ། །གཤེན་གྱེར་རྨ་དབྱིལ་ལ་སོགས་གཏེར་ཆེན་རྣམས། །དུས་ཀུན་དད་གསུམ་ཐལ་མོ་རྒྱན་དུ་བརྩེག །

  རྨད་བྱུང་ལུང་རིགས་འཆད་རྩོད་རྩོམ་གསུམ་གྱིས། །གྱེར་བསྟན་འཛིན་སྤེལ་སྲོག་གི་ཀ་བ་ཆེ། །བྲུ་ཞུ་སྤ་རྨེའུ་ལ་སོགས་བསྟན་འཛིན་རྣམས། །བསླུ་མེད་བཀའ་དྲིན་དུས་ཀུན་སྙིང་ནས་སྲུངས། །

  ཇི་ལྟར་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་ནས། །འཆད་རྩོད་རྩོམ་པའི་ལེགས་བཤད་འོད་ཕྲེང་གི། །གདུལ་བྱའི་བློ་མུན་གསལ་བའི་སྐྱབས་གཅིག་པུ། །རྒྱལ་བ་གཉིས་པའི་མཚན་དཔེ་ཐོད་དུ་བཅིང་། །

  རྒྱལ་ཀུན་སྤྱི་གཟུགས་མཉམ་མེད་བླ་མ་ཡི། །རྨད་བྱུང་རིང་ལུགས་བསྟན་པའི་རྒྱལ་མཚན་མཆོག།བླ་ན་བསྒྲེང་མཛད་རྒྱུད་འཛིན་མཆོག་རྣམས་ལ། །མི་ཕྱེད་དད་པས་གསོལ་བ་སྙིང་ནས་འདེབས། །

  ཕུལ་བྱུང་མཁྱེན་བརྩེ་ལྷ་ཡི་རྫིང་རིང་ནས། །ཟབ་གདངས་བླ་མེད་བྱིན་རླབས་གྲུ་ཆར་གྱིས། །བདག་བློའི་བུམ་བཟང་ཁེངས་པའི་གཉེན་གཅིག་པུ། །བཀའ་དྲིན་སུམ་ལྡན་བླ་མ་སྙིང་དབུས་རོལ། །

  རབ་རྔམ་མེ་རླུང་ཁྲག་མཚོའི་ཀློང་དཀྱིལ་ནས། །མ་རུང་ལོག་ལྟ་བསྒྲལ་བའི་དབང་མོ་ཆེ། །མ་གཅིག་ཡུམ་ཆེན་སྲིད་གསུམ་རྒྱལ་མོ་སོགས། །བོན་སྐྱོང་འཁོར་ཚོགས་བཅས་པ་ཚུལ་འདི་སྲུངས། །

  ༈ཞེས་མཆོད་པར་བརྗོད་པ་རིན་པོ་ཆེའི་དོ་ཤར་གྱི་མདུན་ནས་བསུས་ཏེ་གཞུང་དོན་ལ།

  ཞིང་འདིར་ངོ་མཚར་རྨད་བྱུང་ནམ་མཁའི་ཁྱོན། །ཐོས་ཆུང་བདག་འདྲའི་བློ་ཡིས་མི་དཔོག་ཀྱང་། །རྒྱལ་བ་འཕགས་པའི་བཀའ་ལུང་ལ་བརྟེན་ཏེ། །རང་བློའི་དད་པའི་སྣང་ཆ་གང་ཤར་བྲིས། །

  བདེ་ཆེན་འདུ་མ་བྱས་པའི་བོན་དབྱིངས་ནས། །བདེ་གཤེགས་རྒྱལ་བའི་ཞིང་བཀོད་བསམ་མཐའ་ཡས། །དེ་ཉིད་རབ་འབྱམས་སངས་རྒྱས་སེམས་དཔའི་ཚོགས། །བརྩེ་ཆེན་ཐུགས་བསྐྱེད་ཉི་གཞོན་འབུམ་གྱི་གདལ། །

  མི་མཇེད་གནས་དང་ཚངས་རྒྱུང་ཉེར་ལྔའི་དབུས། །དགེ་བཅུ་ཁྱད་འཕགས་འཛམ་བུ་གླིང་གི་དཀྱིལ། །ཡུལ་ཆེན་བཅོ་བརྒྱད་དག་གི་སྙིང་པོ་རུ། །བྱང་ཕྱོགས་བོད་ཡུལ་ཁ་བ་ཅན་གྱི་ཞིང་། །

  སྟོང་གསུམ་འདུལ་དཔོན་རྣམ་འདྲེན་དམུ་སྲས་མཆོག །སྐུ་འཁོར་མཚན་ལྡན་ཁྱེའུ་བཞི་དང་བཅས་པས། །གནས་འདིར་བྱིན་གྱིས་བརླབས་པའི་འབྲས་རྟགས་སུ། །མཚན་ལྡན་ཁྱེའུ་བཞིའི་ཞབས་རྗེས་དངོས་སུ་ཡོད། །

  འོག་མིན་དབྱིངས་ནས་འོད་ཟེར་འཕྲོས་པའི་ས། །ཐོབ་རྒྱལ་ཤར་རི་ཕོ་བ་རི་ཡི་མགུལ། །འཁོར་བ་མེད་པའི་ཞིང་མཆོག་སྨན་རི་ཞེས། །ས་ཆེན་དྲི་མེད་ཞེས་བྱ་ལུང་གིས་བསྔགས། །

  འཛམ་གླིང་ཡུལ་ཆེན་བཅོ་བརྒྱད་ས་ཡི་སྙིང་། །ཁ་བ་ཅན་གྱི་བསྟན་པའི་གཙུག་གི་རྒྱན། །རྣམ་རྒྱལ་ཁང་བཟང་ལྟ་བུའི་སྨན་རི་ཞེས། །རྒྱབ་རྟེན་ལུང་རིག་ཚད་མའི་ཆེ་བ་མཛེས། །

  ཀུན་མཁྱེན་མཉམ་མེད་ཤེས་རབ་རྒྱལ་མཚན་ལ། །ཡི་དམ་རིག་འཛིན་མཁའ་འགྲོ་བོན་སྐྱོང་གི །ཞལ་གཟིགས་ལུང་བསྟན་དངོས་གྲུབ་དུ་མ་སོགས། །ངོ་མཚར་རྣམ་པར་ཐར་པ་གྲངས་ལས་འདས། །

  རྒྱལ་བ་གཉིས་པའི་ཐུགས་བསྐྱེད་འཕྲིན་ལས་དང་། །ཁམས་གསུམ་འགྲོ་བའི་བསོད་ནམས་སྤྱི་དཔལ་ལས། །བསྟན་དང་བསྟན་པའི་མཐུན་རྐྱེན་མ་ལུས་རྣམས། །གེགས་མེད་རང་བྱུང་ཤུགས་ལ་བྱུང་བའི་ས། །

  ས་འདི་སངས་རྒྱས་སེམས་དཔའ་བྱོན་པའི་ས། །གླིང་འདི་མདོ་སྔགས་རྫོགས་གསུམ་དར་བའི་གླིང་། །སྡེ་འདི་བླ་མེད་ཐེག་པ་འཛིན་པའི་སྡེ། །གནས་འདི་འཕྲུལ་ངག་བདུད་རྩི་འཁྱིལ་བའི་གནས། །

  ཤར་གྱི་ཕྱོགས་སུ་འཕོ་བ་རི་ཞེས་བྱ། །རིག་པའི་ཁྱུང་ཆེན་མཁའ་ལ་ལྡིང་འདྲ་ཡོད། །ལྟ་བ་སྤྱི་རྒྱ་རླབས་ཀྱིས་བསྐྱོད་འདྲ་ཡོད། །ཐོད་པ་བོར་ཆོག་འཕོ་བ་རང་ཐེབ་ཡོད། །

  དེ་ཡི་གཡས་སུ་ཀླུ་དགའ་རི་ཞེས་བྱ། །ཁྲོ་བོ་གཙོ་མཆོག་འགྱིང་ཐབས་བཞུགས་འདྲ་ཡོད། །གཡས་གཡོན་རྐྱོང་སྐུམ་ཉི་ཟླ་པད་མའི་སྟེང་། །དྲེགས་པ་བདུད་སྲིན་ཟེར་གྱིས་གནོན་འདྲ་ཡོད།

  རྒྱལ་བ་གཟིམས་ཁང་ཁྱུང་གི་ར་བར་དུ། །ནོར་བུ་རིན་པོ་ཆེ་ཡི་དབྱིབས་ཅན་ཡོད། །རྒྱལ་བའི་འཁོར་མཆོག་མཚན་ལྡན་ཁྱེའུ་བཞི་ཡིས། །རྡོ་ལ་བཞག་པའི་ཞབས་རྗེས་རང་བྱུང་ཡོད། །

  གཡས་གཡོན་རི་བོ་རི་ཕྲན་ཐམས་ཅད་ནི། །ཕྱི་ནང་གསང་གསུམ་ཡི་དམ་རྒྱ་མཚོ་ཡིས། །བྱིན་གྱིས་བརླབས་ཅིང་སྔ་དར་རིག་འཛིན་རྣམས། །བཞུགས་པའི་སྒྲུབ་ཕུག་བྱིན་རླབས་རང་གྲུབ་ཡོད། །

  ཡོངས་བཟང་ཅན་སོགས་སྟུག་པོའི་ལྗོན་ཤིང་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་ནུས་པའི། །དྲི་བསུང་རིང་དུ་འཕྲོ་བའི་སྨན་རིགས་ཀྱི། །ངོ་མཚར་རང་འབྱུང་ལྷུན་གྱིས་གྲུབ་པ་ཡོད། །

  བདེར་གཤེགས་སྟོང་དང་རིག་འཛིན་མཁའ་འགྲོ་དང་། །མ་ཅིག་སྲིད་རྒྱལ་དྲེའུ་ནག་མོ་སོགས། །བོན་སྐྱོང་སྲུང་མའི་སྐུ་རྟེན་རང་བྱོན་རྣམས། །ཡོན་ཏན་ཁྱད་འཕགས་བརྗོད་ལས་འདས་པ་ཡོད། །

  ཕྱོགས་བཞི་རྒྱལ་ཆེན་སྡེ་བཞི་རང་བྱོན་དང་། །ཏི་སྤོམ་ལྷ་བཙན་ཆུ་སྲིན་ཕ་བོང་སོགས། །དཔལ་མགོན་ནོར་ལྷ་སྡེ་བརྒྱད་རང་བྱོན་རྣམས། །བསྟན་སྲུང་ཞལ་བཞེས་ཚུལ་དུ་ཕྱོགས་མཚམས་གནས། །

  རྩ་གསུམ་ལྷ་ཡི་ཕོ་བྲང་ལས་ལྷག་པའི། །བརྒྱལ་བསྟན་སྙིང་བོ་ལེན་སའི་དབན་པའི་གནས། །གཡུང་དྲུང་བོན་གྱི་གདན་ས་ཐོག་མ་དེ། །ཡོན་ཏན་ནོར་བུའི་གཏེར་ཁ་མཆོག་ཏུ་བསྔགས། །

  ཁྱད་པར་རྩ་གསུམ་བོན་སྐྱོང་མཐུ་སྟོབས་དང་། །ལྷ་སྲིན་སྡེ་བརྒྱད་རྫུ་འཕྲུལ་རྩལ་ཤུགས་ཀྱིས། །མངོན་པར་བཞེངས་པའི་སྒྲུབ་ཁང་དམར་པོ་ནི། །རྒྱལ་ཆེན་སྡེ་བཞིས་ཕྱོགས་བཞིར་སྲུང་ནས་ཡོད། །

  དེ་བཞིན་རྩ་གསུམ་ལྷ་ཡི་རྫུ་འཕྲུལ་གྱིས། །སྐྲུན་པའི་བྱིན་ལྡན་ཁང་ཚན་བཅུ་གཉིས་དང་། །གྲྭ་ཤག་དྲུག་ཅུ་ལ་སོགས་དབེན་པའི་ཁང་། །ཕྱི་ནང་བཀོད་པ་མ་རྩོལ་ལྷུན་གྱིས་གྲུབ། །

  གུར་གུམ་དྭངས་མ་ལན་བརྒྱར་ཚོན་བྱུགས་པའི། །རྒྱ་ཕིབས་མཐོང་བྱེད་བཅུད་ལེན་ཁང་བཟང་ཚོགས། །གཅིག་ལས་གཅིག་ལྷག་རི་རབ་ལྷུན་པོ་ལ། །གསེར་རིས་བསྐོར་བ་འདྲ་བའི་གཟི་བྱིན་འབར། །

  ཚངས་རྒྱུད་ཞིང་དང་འཛམ་གླིང་འགྲོ་བའི་རྟེན། །མཉམ་མེད་ཐུགས་རྟེན་གསེར་གདུང་མཆོད་པའི་རྟེན། །སྟག་གཟིག་རྒྱལ་འདུས་ཚེ་དབང་གསུང་བྱོན་དང་། །འགྲོ་འདྲེན་རྟེན་མཆོག་མཇལ་བྱེད་ཞིང་དུ་གྲུབ། །

  སྟོན་མཆོག་རྣམ་འདྲེན་བརྒྱ་བའི་མགོན་པོ་ཡིས། །བདུད་ཀྱི་ངུ་སྒྲ་བཅོམ་ཕྱིར་ཚེམས་ཐགས་དག །སྤྲུལ་པའི་ཚེམས་དུང་འཕར་ཆེན་འཕར་ཆུང་ལ། །བོན་ཡིག་གསལ་བྱེད་ཡིག་འབྲུ་རང་བྱོན་ཡོད། །

  ཁྱད་པར་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱི། །སྐུ་རྟེན་ཀུན་ཏུ་བཟང་པོ་རང་བྱོན་དང་། །ལྷ་ཀླུ་མི་ཡི་རྟེན་སྐལ་རྣམ་གསུམ་སོགས། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གྲངས་ལས་འདས། །

  ལྷུན་གྲུབ་ཞིང་བཀོད་ནམ་མཁའ་ཡངས་པའི་ཀློང་། །རྨད་བྱུང་ཡོན་ཏན་ཉི་མ་འོད་འབུམ་གྱིས། །འཕྲིན་ལས་འོད་ཟེར་ཕྱོགས་བཅུར་འགྱེད་པ་ཡི། །བོད་ཁམས་གསལ་བའི་སྒྲོན་མེ་ཞིང་འདིར་ཤར། །

  རྨད་བྱུང་ལུང་རྟོགས་བསྟན་པའི་ཆུ་གཏེར་ལས། །དྲང་བའི་བཀའ་ལུང་བདུད་རྩིའི་ཟེགས་མ་ཡིས། །མཐའ་ཡས་འགྲོ་བའི་ཤེས་རྒྱུད་འཁྲུད་མཛད་པ། །བྱིན་རླབས་བདུད་རྩི་ཆུ་བོ་འདི་ན་གང་། །

  སྒྲིབ་གཉིས་མུན་པའི་ཐལ་བ་བཅོམ་མཛད་པ། །རྒྱལ་སྲས་འཕགས་པའི་མཁྱེན་དཔྱོད་ཟླ་གཞོན་ལས། །དྲང་བའི་གནས་ལྔ་རིག་པའི་འཛུམ་ཟེར་གྱིས། །ཇི་སྙེད་ཤེས་བྱའི་སྒོ་མོ་འདི་ནས་འབྱེད། །

  སངས་རྒྱས་སེམས་དཔའ་མཆོག་གི་བྱིན་རླབས་དང་། །ཁམས་གསུམ་འགྲོ་བའི་བསོད་ནམས་དཔྱིད་དཔལ་གྱིས། །ཐེག་ཆེན་བོན་གྱི་བསྟན་པའི་རྒྱལ་མཚན་མཆོག །ནུབ་མེད་མཁའ་ལ་བསྐལ་བརྒྱར་འདི་ནས་བསྒྲེངས། །

  རྣམ་འདྲེན་ཀུན་གྱི་ཐུ་བོ་དམུ་རྒྱལ་སྲས། །དེའི་གསུང་བསྟན་པའི་སྙིང་པོ་གཡུང་དྲུང་བོན། །རྨད་བྱུང་བཀའ་འཁོར་ཐོག་མཐའ་བར་གསུམ་གྱི། །ལུང་རྟོགས་བསྟན་པའི་དུང་ཆེན་འདི་ནས་འབུད། །

  སྤང་ལམ་འདུལ་བའི་དཔག་བསམ་རབ་ཏུ་རྒྱས། །སྒྱུར་ལམ་ཟབ་མོ་སྔགས་ཀྱི་ཡལ་འདབ་མཛེས། །གྲོལ་ལམ་འབྲས་བུ་ཡེ་ཤེས་གཡུར་ཟ་བ།རྒྱུད་གསུམ་བསྟན་པའི་དཔག་བསམ་འདི་ནས་རྒྱས། །

  བསླབ་གསུམ་འདུལ་བའི་ལྷ་ལམ་སྤྲིན་རུམ་ནས། །འཆད་རྩོད་གྲགས་རྒྱལ་འབུམ་དུ་སྒྲོགས་པ་འདི། །སྐལ་ལྡན་མདོངས་མཐའི་དགའ་བ་རབ་སྐྱེད་པའི། །བདེན་གཉིས་བསྟན་པའི་དབྱར་རྔ་འདི་ནས་སྒྲོགས། །

  རབ་མང་ཤེས་བྱ་ནོར་འཛིན་ཡངས་པའི་གཞིར། །དྲི་མེད་རྒྱལ་བསྟན་མདོ་སྔགས་པད་ཚལ་དུ། །བློ་གསལ་བུང་བའི་ཚོགས་རྣམས་རབ་འདུ་བ། །ཐེག་ཆེན་བསྟན་པའི་ཚལ་ཆེན་འདི་ནས་རྒྱས། །

  ཇི་སྲིད་གདུལ་བྱ་སེམས་ཅན་གནས་ཀྱི་བར། །དུས་གསུམ་སྒྲིབ་པའི་བློ་མུན་གསལ་བྱེད་པ། །དེ་སྲིད་རབ་འབྱམས་སངས་རྒྱས་སེམས་དཔའི་ཚོགས། །ཐུགས་རྗེའི་ཉི་ཟླའི་འོད་འབུམ་ཞིང་འདིར་ཤར། །

  རྨད་བྱུང་ཚུལ་ཁྲིམས་ཟབ་མོའི་ཟློས་གར་གྱིས། །བླ་མེད་ཕྱིན་བཅུའི་ཡོན་ཏན་རབ་རྫོགས་པ། །དགེ་འདུན་གྲྭ་སློབ་འདུས་སྡེས་ཡོངས་གང་བའི། །བསླབ་གསུམ་དགེ་བའི་དྲི་བཟང་འདི་ནས་ཁྱབ། །

  རྣམ་འདྲེན་ཐུ་བོ་རྒྱལ་བའི་མགོན་པོ་ཡི། །དྲི་མེད་བཀའ་ལུང་བདེན་གཉིས་ཐེག་དགུ་དང་། །བརྒྱད་ཁྲི་བཞི་སྟོང་ལ་སོགས་བསྟན་པའི་དཔྱིད། །ཕུན་ཚོགས་བོན་གྱི་སྒོ་མོ་འདི་ནས་འབྱེད། །

  སྙིགས་དུས་ཉོན་མོངས་འདམ་རྫབ་འཚུབ་པ་ལ། །ཐེག་ཆེན་བོན་གྱི་ཆུ་རླུང་འབུམ་འཁྱིལ་བའི། །དུག་གསུམ་མ་རིག་རྩད་ནས་འཁྲུ་མཛད་པ། །བཀའ་ལུང་བདུད་རྩིའི་ཆུ་བོ་འདི་ནས་འཁྱིལ། །

  རབ་མང་གྲུབ་མཐའི་རྒྱུད་འཛིན་གངས་རིའི་ཀློང་། །སྡེ་གསུམ་བཀའ་ཡིས་ཕྱུག་པའི་གདོང་ལྔ་བས། །ལུང་རིགས་གཡུ་ཡི་རལ་བརྒྱ་གསིགས་པ་ཡིས། །ལོག་པའི་དཔུང་འཇོམས་གངས་སེང་འདི་ནས་འགྱིང་། །

  འདུལ་བའི་སྡེ་འཛིན་རྒྱུ་སྐར་ཚོགས་པའི་དབུས། །ལུང་རིག་དཔྱད་གསུམ་ཚད་མའི་བསེར་ཟེར་ཅན། །གང་གི་ཟླ་བྲལ་བསླབ་གསུམ་འདུས་སྡེ་མཆོག །རྨད་བྱུང་འདུལ་བའི་ཟླ་གཞོན་འདི་ནས་འཛུམ། །

  རབ་འབྱམས་ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་དང་། །རྒྱལ་བ་མཉམ་མེད་ཆེན་པོའི་ཐུགས་རྗེ་ཡིས། །སངས་རྒྱས་རིག་འཛིན་སེམས་དཔའི་རྣལ་རོལ་གར། །མཁན་སློབ་གངས་སེང་ཁྱུ་ཚོགས་འདི་ནས་འབྱོན། །

  འཆད་རྩོད་རྩོམ་གསུམ་རིག་པའི་ཚ་ཟེར་གྱི། །ཕྱི་ནང་གསང་གསུམ་རྒྱུད་སྡེ་རྒྱ་མཚོའི་དོན། །མ་ལུས་ལྷུག་པར་གྲོལ་བའི་རྣམ་དཔྱོད་ཅན། །མཁས་གྲུབ་གསེར་རིའི་ཕྲེང་བ་འདི་ནས་འགྱིང་། །

  ཁྱད་པར་རྒྱལ་བ་གཉིས་པ་མཉམ་མེད་རྗེའི། །རིང་ལུགས་འཁྲུལ་མེད་གཤེན་བསྟན་གཡུང་དྲུང་བོན། །མདོ་སྔགས་ཟུང་འབྲེལ་ཐེག་ཆེན་བསྟན་པའི་མཆོག །དུས་ཀུན་ཉམས་མེད་ཡུན་རིང་འདི་ནས་གནས། །

  དེ་ཉིད་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་ཅན། །བསྟན་འཛིན་སྐྱེས་བུའི་ཞབ་པད་བརྟན་པ་དང་། །བསླབ་གསུམ་སེམས་དཔའི་འདུས་སྡེ་དར་རྒྱས་ནས། །སྙན་པའི་གྲགས་དཀར་ས་སྟེང་ཁྱབ་གྱུར་ཅིག །

  དེར་བརྟེན་བདག་སོགས་མཁའ་མཉམ་འགྲོ་བ་རྣམས། །མི་མཐུན་རྒུད་པའི་ཉེས་ཚོགས་ཞི་བ་དང་། །མཐུན་རྐྱེན་དགེ་ཚོགས་ཉི་མ་དགུང་ཤར་ན། །མཐར་ཐུག་གཏན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །

  འདི་བསྟོད་བསོད་ནམས་ལ་བྱུང་རྣམ་དཀར་དགེས། །ཕ་མ་གཙོར་བྱས་མཁའ་མཉམ་འགྲོ་བ་ཀུན། །མཐར་ཐུག་རྣམ་མཁྱེན་བདེ་བ་ཆེན་པོའི་ས། །གཏན་བདེའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་གཅིག །

  ༧ སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རི་དགོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དེ་ཉིད་ལ་བསྟོད་པ་དད་གསུམ་པད་མོ་བཞད་པའི་ཉིན་བྱེད་ཞེས་བྱ་བ་འདི་ནི་ཨ་རུ༧ཤེས་རབ་རྩལ་ལམ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་གཟའ་སྐར་འགྲུབ་འགྱུར་བཟང་བའི་ཉིན་མོར་བྲིད་པ་དགེའོ། །

དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་ངམ་མཚན་ཡོངས་སུ་གྲགས་པ་རུ་ལག་གཡུང་དྲུང་གླིང་དགོན་གྱི་དགེ་མཚན་བརྗོད་པ་ཚངས་སྲས་དགྱེས་པའི་དྲུག་འགྱུར་ཞེས་བྱ་བ།

  འགྱུར་མེད་སྐུ་ལ་མཚན་དཔེའི་འོད་སྟོང་འབར། །འགག་མེད་གསུང་ལ་བརྒྱད་ཁྲིའི་བོན་འཁོར་སྟོན། །འཁྲུལ་མེད་ཐུགས་ལ་མ་ལུས་གཅིག་འཆར་གཟིགས། །མི་འཇིགས་སྟོབས་བཅུའི་དཔལ་བརྗིད་དམུ་སྲས་རྒྱལ། །

  ཕྱོགས་བཅུར་རྒྱལ་བ་སྲས་བཅས་མཁྱེན་བརྩེའི་དཔལ། །གཅིག་ཏུ་བསྡུས་པ་སངས་རྒྱས་མི་ཡི་གཟུགས། །རྨད་བྱུང་བཤད་སྒྲུབ་བསྟན་པའི་མངའ་བདག་རྗེ། །རྒྱལ་བ་སྐྱབས་མགོན་ཟླ་བ་རྒྱལ་མཚན་རྒྱལ། །

  རྨད་འབྱུང་གཤེན་བསྟན་རྨ་མེད་འཛིན་པའི་ཁུལ། །སྲིད་གསུམ་འཇིགས་བྲལ་རྣམ་རྒྱལ་ཀུན་གྲགས་གླིང་། །རབ་འབྱམས་མཁན་སློབ་འདུས་སྡེ་བརྒྱ་མཚོའི་ཞབས། །ཕྱོགས་ལས་ཡོངས་སུ་རྣམ་པར་རྒྱལ་གྱུར་ཅིག །

  ཞིང་མཆོག་འདི་ཡི་གསང་གསུམ་ཡོན་ཏན་མཛོད། །རྒྱལ་བས་མ་གཏོགས་ཐོས་ཆུང་བདག་འདྲའི་བློས། །ཇི་བཞིན་བརྗོད་པའི་ཡུལ་ལ་འདས་ན་ཡང་། །བཀའ་ལུང་ལས་བརྟེན་ཅུང་ཟད་འདི་ནས་འགོད། །

  སྟོན་མཆོག་རྣམ་འདྲེན་ཐུགས་རྗེའི་བདག་ཉིད་ཀྱིས། །ཚད་མེད་རྣམ་བཞིས་གདུལ་བྱ་འདུལ་བའི་ཕྱིར། །མ་འོངས་རྩོད་ལྡན་གསུང་གི་བསྟན་པའི་དུས། །རྒྱལ་བསྟན་དར་བའི་ཐུགས་སྨོན་ཞིང་འདིར་བཏབ། །

  རྣམ་དག་འདུལ་བའི་བསྟན་པ་སྔ་དར་དུས། །ས་གསུམ་རིམ་པ་ལྡན་པའི་ཡང་སྟེང་ན། །རུ་ལག་གཡུང་དྲུང་ཁྲི་འདུལ་འོད་ཀྱི་ཁང་། །ཞེས་པའི་རྨད་བྱུང་ལོ་རྒྱུས་ཁུངས་ནས་འབར། །

  མ་འོངས་འགྲོ་བ་འདུལ་བའི་རྟེན་འབྲེལ་གྱི། །དགེ་མཚན་བཀྲ་ཤིས་རྟགས་ཀྱི་མཚན་བཟང་པོ། །རྒྱལ་བ་ལྷ་དང་བཅས་པས་གནང་བ་བཞིན། །དགེ་མཚན་ཁྱད་འཕགས་བརྗོད་པའི་ཡུལ་ལས་འདས། །

  གནམ་ལ་འཁོར་ལོ་རྩིབས་བརྒྱད་ལྡན་པ་དང༌། །ས་གཞི་པད་མ་འདབ་བརྒྱད་རྒྱས་པའི་ཚུལ། །གཡས་ཀྱི་རི་བོ་མཐོ་ཞིང་སྐྱོང་འདྲ་དང༌། །གཡོན་ཕྱོགས་དར་དཀར་ཡོལ་བ་བརྐྱང་བཞིན་ཡོད། །

  བརྟན་ཅིང་བརྗིད་ལ་ལྷུན་པོའི་དཔལ་ཡོན་ཅན། །ཡོད་ཁམས་སྲིད་པའི་ལྷ་རབས་སྡེ་དགུའི་ནང་། །འོད་ལྷ་རྒྱལ་བཟང་ཞེས་བྱའི་འདབས་རོལ་ཏུ། །གཡུ་འབྲུག་སྔོན་མོའི་གདོང་གི་དབྱིབས་ཅན་ཡོད། །

  ནུབ་ཕྱོགས་ཁ་འབབ་ཆུ་བོ་ཆེ་བཞིའི་ནང་། །རྟ་མཆོག་ཁ་འབབ་དལ་གྱིས་བཞུར་བའི་གཡོན། །སྟོན་མཆོག་རྒྱལ་བའི་མགོན་པོའི་ཞབས་ཀྱི་རྗེས། །མི་འགྱུར་བཀའ་རྟགས་རྡོ་ལ་གསལ་བར་སྣང་༌། །

  གཡོན་རི་ནོར་བུའི་བྲག་ཚོགས་གཏམས་པ་དང་། །མུ་སྟེགས་འཇོམས་ལ་ཤེས་རབ་འབར་བའི་ཚུལ། །ཡེ་རིག་ཤེས་རབ་ལྷ་བདུན་འགྱིང་པའི་སྐུ། །སེང་གེའི་ཁྲི་ལ་བཞུགས་པའི་རྣམ་པ་ཡོད། །

  དེ་ཡི་མདུན་དུ་རྟ་མཆོག་ཁ་འབབ་དབུས། །གཏེར་གྱི་བུམ་པ་འདྲ་བའི་རྟགས་མཚན་དང༌། །རུས་སྦལ་ཚང་ལ་ཉལ་འདྲའི་བྲག་རྡོ་ལ། །བྱིན་རླབས་བོན་གཏེར་བསམ་གྱི་མི་ཁྱབ་ཡོད། །

  ལྷོ་ཡི་ཕྱོགས་སུ་ཁྲོ་བོ་རི་ཞེས་གྲགས། །གཙོ་མཆོག་མཁའ་འགྱིང་ལྷ་ཡི་དཀྱིལ་འཁོར་ཡོད། །སྟག་རྒྱལ་རི་ཞེས་དབལ་བོན་སྟག་ལྷའི་གནས། །གྱེར་དུན་བྱེད་མའི་ཁྲི་ལ་བཞེངས་བ་ཡོད། །

  ཤར་ཕྱོགས་ཉི་ཟླ་གཟའ་སྐར་འཆར་བའི་གནས། །འབུམ་པ་རི་འདི་བློན་པོ་རིན་ཆེན་འདྲ། །ཤར་ལྷོའི་ཕྱོགས་ན་ནོར་བུ་རིན་ཆེན་བྲག །རྣམ་མང་རིན་ཆེན་ནོར་བུའི་གཏེར་ཁ་ཡོད། །

  བྱང་ཤར་ཤེས་རབ་མཚན་ལྡན་གངས་ཀྱི་རི། །བཙུན་མོ་དམ་པའི་རྣམ་པ་མཆོག་ཏུ་གསལ། །དབང་ལྡན་མཚམས་ན་གླང་ཆེན་ལུས་རྒྱས་པ། །གུས་པའི་ཚུར་སོགས་རྒྱལ་སྲིད་སྣ་བདུན་ཡོད། །

  མཁས་བཞིའི་ས་ཡིག་བྱེ་མ་ལག་ཁྲིད་ལ། །དཔྱད་ནས་འབྱུང་བའི་སྲུང་བཞི་རང་གྲུབ་ནི། །ཤར་གྱི་སྟག་དང་བྱང་གི་རུ་སྦལ་དང་། །ནུབ་ཀྱི་བྱ་ཁྱུང་ལྷོ་ཡི་གཡུ་འབྲུག་ཡོད། །

  གཡས་གཡོན་རི་བྲག་ཐང་དང་ཆུ་ཕྲན་སོགས། །རིན་ཆེན་རྡུལ་བརྩེགས་མཁའ་ལ་རྙོག་པ་འདྲ། །དེ་དང་ཉེ་བའི་ངོས་ལ་དགེ་མཚན་ནི། །བཀྲ་ཤིས་རྟགས་བརྒྱད་ཡོངས་སུ་ཚང་བ་ཡོད། །

  ཕྱི་ལྟར་དགེ་མཚན་ཡོངས་སུ་ཚང་བའི་གནས། །ནང་ལྟས་བྱིན་རླབས་འོད་ཟེར་འབར་བའི་ཡུལ། །གསང་བ་གཤེན་གྱིས་སྨོན་ལམ་འཕྲོས་པའི་ས། །ལ་ཚིག་མི་འགྱུར་གཡུང་དྲུང་བལྟམས་པའི་ཞིང་། །

  བོད་ཡུལ་གཙང་གི་འུ་ཡུག་ས་ཡི་མདོར། །སྣང་བ་དབང་བསྡུས་སྣང་སྟོན་ཐོག་མེད་ཀྱིས། །ཁྲི་ཕྲག་སྡེ་འདེབས་སྟོང་ཕྲག་འགྲོ་བ་འདུལ། །ཞེས་སོགས་རྒྱལ་འཕགས་ལུང་གི་ཆེ་བ་མཛེས། །

  ལུང་དེས་མངགས་པའི་སྟོན་མཆོག་དངོས་བྱོན་པའི། །སྐྱབས་མགོན་སྣང་སྟོན་ཟླ་རྒྱལ་མཚན་ལ། །རིག་འཛིན་མཁའ་འགྲོའི་བརྡ་དོན་མན་ངག་དང་། །གཏེར་བདག་སྲུང་མས་གསང་བའི་དངོས་གྲུབ་ཕུལ། །

  སྟོན་མཆོག་གཤེན་རབ་རྣམ་འདྲེན་བརྒྱད་པ་ཡིས། །བསྟན་སྲུང་སྤྱི་དང་འོད་ལྷ་རྒྱལ་བཟང་ལ། །གཉེར་གཏད་བསྟན་པའི་ས་བོན་གསང་བའི་རྒྱ། །སྐྱབས་མགོན་ཟླ་བ་རྒྱལ་མཚན་ཕྱག་ཏུ་ཕུལ། །

  འོག་མིན་ཞིང་ནས་ཤེས་རབ་ལྷ་ལྔ་ཡིས། །གནས་དེར་འོད་ཟེར་བར་མེད་འཕྲོས་པའི་སར། །གཟིགས་དགོངས་མངོན་པར་ཐུགས་ལ་ལེགས་བཀྲམ་སྟེ། །རྣམ་རྒྱལ་ཁང་བཟང་ལས་འཕགས་དགོན་འདི་བསྐྲུན། །

  སྤྱི་ལོ་གཅིག་བརྒྱད་གསུམ་བཞི་མེ་འབྲུག་གི་ལོར། །སྙིགས་དུས་རྒྱལ་བ་མཉམ་མེད་ཆེན་པོ་ཡིས། །ལུང་རྟོགས་གཉིས་ཀྱི་བསྟན་པ་དར་བའི་ཞིང་། །རབ་ལེགས་གཡུང་དྲུང་གླིང་གི་འདུས་སྡེ་བཏབ། །

  གླིང་ཚན་ཀུན་གསལ་གླིང་དང་ཀུན་འདུལ་གླིང་། །གཡུང་དྲུང་གླིང་དང་ཀུན་ཁྱབ་གླིང་དང་བཞི། །དེ་བཞིན་བླ་བྲང་སྒྲུབ་ཁང་འདུ་ཁང་དང་། །གྲྭ་ཤག་ལ་སོགས་གསར་དུ་བསྐྲུན་པར་མཛད། །

  སྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་དང་། །ཀུན་མཁྱེན་སྨྲ་དབང་ཉི་མ་བསྟན་འཛིན་ཟུང་། །མཁན་སློབ་ཚུལ་གྱིས་བཤད་སྒྲུབ་སྒོམ་གསུམ་གྱི། །འཆད་ཉན་བསྟན་པའི་མེ་རོ་གསོས་པར་མཛད། །

  དེ་ནས་གདན་ས་ཐོག་མཐའ་བར་གསུམ་གཙོས། །མདོ་དབུས་ཁམས་གསུམ་བཤད་སྒྲུབ་འདུས་པའི་སྡེས། །རྗེས་འཛིན་མཁན་སློབ་སྐྱེས་ཆེན་རིམ་བྱོན་གྱིས། །བསྟན་སྲིད་འཛིན་སྐྱོང་སྤེལ་གསུམ་ལྷོད་མེད་གནང་། །

  ཁྱད་འཕགས་རྩ་གསུམ་ལྷ་ཡི་རྫུ་འཕྲུལ་གྱིས། །མངོན་པར་བཞེངས་པའི་སྒྲུབ་ཁང་དབང་དྲག་ཁང་། །ཡི་དམ་ལྷ་དང་བོན་སྐྱོང་སྲུང་མའི་ཚོགས། །སྒྲིབ་མེད་ཡེ་ཤེས་སྤྱན་གྱི་མངོན་པར་གཟིགས། །

  ནང་བསྟན་གཡུང་དྲུང་བསྟན་སྐྱོང་སྲུང་མ་ཡི། །སྐུ་རྟེན་སྐུ་གསོབ་ཞལ་གསུངས་རང་གྲགས་སོགས། །རྒྱན་རྫས་བསྐང་རྫས་དམ་རྫས་མཆོད་པའི་ཚོགས། །བཀའ་དང་སྐུ་གདུང་གསུང་རབ་གྲངས་ལས་འདས། །

  གྲུབ་ཆེན་ལྷ་ཁང་ཐོག་སོ་གསུམ་ལྡན་ལ། །ཕྱི་རུ་གསེར་གྱི་རྒྱ་ཕིབས་གཉིས་རྩེག་དང་། །དབུ་རྩེར་རིན་ཆེན་གསེར་ཏོག་རྒྱལ་མཚན་ནི། །ཉི་ཟླའི་འོད་ཟེར་རབ་ཏུ་འཕྲོ་བ་ཡོད། །

  ནང་རྟན་འཛམ་གླིང་འགྲོ་བའི་རྟེན་སྐལ་ཆེ། །སྐྱབས་རྗེའི་སྐུ་གདུང་མྱང་འདས་མཆོད་རྟེན་དང་། །རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་སྐུ་བརྙན་སོགས། །བཀའ་དང་སྐུ་གདུང་གསུང་རབ་གྲངས་ལས་འདས། །

  སྣང་སྲིད་ཟིལ་གནོན་རྣམ་རྒྱལ་གཙུག་ལག་ཁང་། །དབུ་རྩེར་གསེར་ཏོག་རྒྱལ་མཚན་འཁོར་ལོ་སོགས། །བལྟ་བས་མི་ངོམ་ངོ་མཚར་མཛེས་རྒྱན་ནི། །དཀར་ནག་བཀྲ་གསལ་ལས་ཀྱང་མངོན་པར་འཕགས། །

  ཉམས་དགའ་ཡིད་འོང་ངོ་མཚར་བཀྲ་བའི་དབུས། །གཤེན་རབ་རྣམ་པར་རྒྱལ་གྱི་གསེར་གདུང་གཙོས། །ཐོག་སོ་སུམ་ལྡན་སྐུ་བརྙན་དུ་མས་ཁེངས། །གསེར་རི་རྟ་བདུན་འཕྲོས་བཞིན་གཟི་བྱིན་འབར། །

  ཁྱད་འཕགས་གཟི་བརྗིད་དཔལ་འབར་སྐུ་གདུང་ཁང་། །གཡུང་དྲུང་བཀོད་ལེགས་མཆོད་རྟེན་ལས་གྲུབ་པའི། །སྐྱབས་རྗེ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི། །ཐུགས་རྟེན་གསེར་གདུང་བྱིན་རླབས་འོད་བརྒྱ་འཕྲོ། །

  མདངས་མཛེས་མཚོན་གྱི་རི་མོ་བཀྲ་བའི་དབུས། །མཛེས་ལེགས་སྡེབ་བྲིས་དྲྭ་བ་དྲ་ཕྱེད་དང་། །སྙན་པའི་ཚིག་ལ་དྲངས་པའི་སྒྲ་འཁོར་སོགས། །མཐོང་བྱེད་མིག་ལ་བདུད་རྩིའི་དགའ་བ་སྤྱིན། །

  ངོ་མཚར་བཀོད་པའི་རྒྱན་མཛེས་མཐོང་གྲོལ་ཁང་། །སྐྱབས་རྗེ་གཡུང་གླིང་མཁན་རབས་རིམ་བྱོན་གྱི། །ཐུགས་རྟེན་གསེར་གདུང་བྱིན་རླབས་ཡོན་ཏན་ཅན། །བསྟན་དང་བསྟན་པའི་དཀྱིལ་འཁོར་མངོན་པར་བཀྲ། །

  ཀ་བ་བརྒྱ་ཕྲག་ལྡན་པའི་འདུ་ཁང་དང་། །ངོ་མཚར་བཀོད་པ་ལེགས་པའི་ཁང་ཚན་སོགས། །རྩ་གསུམ་ལྷ་ཡི་ཁང་བཟང་དཔལ་འཕྲོག་པའི། །ཆེད་དུ་བརྩོན་པ་བསྐྱེད་དེ་བསྐྲུན་བཞིན་མཛེས། །

  དགོན་འདི་སྐྲུན་ཚེ་རྒྱལ་མཆོག་བཅུ་པ་ནས། །གནང་བའི་བཀའ་ཤོག་ཆེ་ཐོབ་ཐམ་ག་དང་། །རྒྱལ་བའི་སྐུ་ཕྱྭ་བསྟན་སྲིད་དཔལ་ཡོན་རྣམས། །དགོན་འདིས་སྒྲུབ་པའི་ཆེ་ཐོབ་བླ་ནས་མཐོ། །

  གཞན་ཡང་རྣམ་རྒྱལ་ཀུན་གྲགས་གླིང་དགོན་གྱི། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བཀོད་པ་དང་། །བཀའ་དང་བཀའ་རྟེན་སྐུ་གདུང་གསུང་རབ་སོགས། །འགྲོ་བའི་དོན་དུ་དེང་འདིར་མངོན་སུམ་བཞུགས། །

  ཕྱོགས་བཅུའི་ཡུལ་མཆོག་གནས་བཞིའི་ཐུགས་རྗེའི་བདག །རྒྱལ་དང་རྒྱལ་སྲས་བསྟན་འཛིན་མཁན་སློབ་རྣམས། །ཡུན་གནས་རྒྱུན་བཞུགས་འགྲོ་དོན་མཛད་པའི་གནས། །སངས་རྒྱས་བྱོན་གནས་རྒྱལ་བ་གཡུང་དྲུང་གླིང་། །

  འཆད་པའི་གཞུང་ལུགས་རྒྱ་མཚོའི་ཀློང་ཡོངས་སུ། །རྩོད་པའི་རྫུ་འཕྲུལ་གྲུ་ལ་རབ་བཞུགས་པའི། །རྩོམ་པའི་མན་ངག་ལེགས་བཤད་ནོར་བུའི་མཛོད། །ལེགས་པར་བླངས་པའི་མཁས་གྲུབ་གྲངས་ལས་འདས། །

  གྲོལ་ལམ་ཨ་སྙན་རྫོགས་གསུམ་ངེས་དོན་བོན། །རྩེ་གཅིག་ཉམས་ལེན་སྒོམ་སྒྲུབ་མཐར་ཕྱིན་པ། །བརྟུལ་ཞུགས་དཀའ་སྤྱད་མཛད་པའི་སྒྲུབ་གྲྭ་རྣམས། །ཚེ་གཅིག་མངོན་པར་སངས་རྒྱས་ཉེ་ལམ་འཛིན། །

  རྒྱལ་བསྟན་ཚད་མ་མདོ་སྔགས་རྒྱ་མཚོའི་མཛོད། །སྙིགས་དུས་རྒྱལ་བ་གཉིས་པ་མཉམ་མེད་རྗེའི། །རྨད་འབྱུང་རིང་ལུགས་འཆད་རྩོད་རྩོམ་གསུམ་གྱི། །སེམས་དཔའ་འདུས་སྡེ་རྒྱ་མཚོ་གྲངས་ལས་འདས། །

  ལུང་རིགས་སྐྱེད་ཚལ་རྒྱས་པའི་དགའ་སྟོན་ལ། །སྐལ་ལྡན་སེམས་དཔས་གཏན་བདེའི་བཅུད་རོལ་ནས། །ཡོན་ཏན་སྦྲང་རྩི་འཛིན་པའི་ངང་ཚུལ་གྱིས། །གཞན་སྣང་དང་བ་འདྲེན་པའི་བློ་གསལ་མང་། །

  ཤེས་བྱ་ཀུན་ལ་མ་རྨོངས་མཁས་པའི་ཕུད། །སྡེ་གསུམ་དྲི་མེད་རྣམ་དཀར་བཙུན་པའི་མཆོག །རྣམ་དཔྱོད་བཟང་དགུའི་ཡོན་ཏན་དཔལ་མངའ་བ། །མཁས་བཙུན་མཆོག་ཏུ་མངའ་བའི་སྐྱེས་མཆོག་མང་། །

  ཚོགས་གཉིས་མངོན་པར་བསགས་པས་འཛིན་མའི་ཁྱོན། །ལེགས་འཁྲུངས་ངུར་སྨྲིག་རྒྱན་འཛིན་ཀུན་དའི་ཚལ། །རབ་བཞེས་བསླབ་གསུམ་དྲི་བསུང་ཕྱོགས་ཀུན་ཏུ། །ཁྱབ་པའི་མཁས་མང་འདུས་སྡེ་འདི་ན་རྒྱས། །

  རྒྱལ་ཀུན་སྤྱི་གཟུགས་ཟླ་བ་རྒྱལ་མཚན་གྱི། །རྗེས་འཛིན་སེམས་དཔའི་རྣམ་རོལ་སྐྱེས་བུའི་ཚོགས། །ཐོས་བསམ་སྒོམ་སྒྲུབ་ཉམས་རྟོགས་ཆེར་རྒྱས་ཏེ། །སྐུ་ཚེ་རྟག་བརྟན་དོན་གཉིས་མཐར་ཕྱིན་གྲུབ། །

  གཤེན་བསྟན་རྣམ་རྒྱལ་གཡུང་དྲུང་གླིང་དགོན་དུ། །རྒྱལ་བ་གཉིས་པའི་རིང་ལུགས་འཁྲུལ་མེད་པ། །ཉམས་ལེན་མཁས་མང་འདུས་སྡེས་ཡོངས་གང་སྟེ། །བསྟན་འགྲོ་ཕན་བདེ་རྒྱས་པའི་བཞེད་སྨིན་ཤོག །

  བདག་ཅག་ད་ནས་བྱང་ཆུབ་མ་ཐོབ་བར། །སྐྱབས་མགོན་བླ་མ་ཉིད་ཀྱི་རྗེས་འབྲངས་ཏེ། །དམ་ཚིག་བསླབ་གསུམ་སྡོམ་པ་ཚུལ་བཞིན་དུ། །སྲུང་སྟེ་ཉམས་ལེན་རྣམ་གསུམ་མཐར་ཕྱིན་ཤོག །

  བསྟན་པའི་རྒྱལ་མཚན་སྟོང་གསུམ་མཁའ་ལ་བསྒྲེངས། །བསྟན་འཛིན་སེམས་དཔའི་འདུས་སྡེ་དར་ཞིང་རྒྱས། །བསྟན་སྦྱིན་བདེ་སྐྱིད་མངའ་ཐང་ཕུན་སུམ་ཚོགས། །བསྟན་འགྲོའི་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །

  བསྟན་སྐྱོང་ཡེ་ཤེས་སྤྱན་ལྡན་སྲིད་རྒྱལ་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་ཀྱིས། །བསྟན་དོན་འཕྲིན་ལས་མ་ལུས་སྒྲུབ་པ་དང་། །བསྟན་པ་སྲིད་མཐར་གནས་པའི་གྲོགས་མཛོད་ཅིག །

  དེར་བརྟེན་བདག་སོགས་མཁའ་མཉམ་འགྲོ་བ་རྣམས། །ཉོན་མོངས་མི་དགེའི་རྩ་བ་རབ་སྤངས་ཞིང་། །ས་བཅུ་ལམ་ལྔའི་དོན་ལ་རྒྱུན་བཞུགས་ཏེ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །

  ༧ དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་ངམ་མཚན་ཡོངས་སུ་གྲགས་པ་རུ་ལག་གཡུང་དྲུང་གླིང་དགོན་གྱི་དགེ་མཚན་བརྗོད་པ་ཚངས་སྲས་དགྱེས་པའི་དྲུག་འགྱུར་ཞེས་བྱ་བ་འདི་ནི་ཨ་རུ༧ཤེས་རབ་རྩལ་ལམ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་གཟའ་སྐར་འགྲུབ་འགྱུར་བཟང་བའི་ཉིན་མོར་བྲིད་པ་དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།