ས་དཔྱད་རྩ་ཚིག་ཞི་བདེ་འབྱུང་བའི་དཔལ་ཞེས་བྱ་བ་བཞུགས་སོ།།

[ཟླ་ཚེས། 2023-11-03 21:22:10][རྩོམ་པ་པོ། ཞི་བདེའི་སྙིང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྟོན་པ་གཤེན་རབ་རྣམ་པར་རྒྱལ།།
དབང་ཆེན་གསེར་གྱི་ས་གཞི་ལ།།
བདེ་དགེ་ལེགས་ཚོགས་འབྱུང་བའི་ཕྱིར།།
ས་དཔྱད་མན་ངག་འདི་ལྟར་བསྟན།།
 
ཞུ་འཁོར་གཏོ་བུ་དཔྱད་བུ་དང་།
སྐོས་རྗེ་ཀོང་ཙེ་འཕྲུལ་རྒྱལ་བཞི།།
ཡེ་མཁྱེན་རིགས་ལྔའི་དགོངས་བཅུད་ལས།།
འགྲོ་ལ་བསྟན་འདི་དད་ཕྱག་རྩིགས།།
 
འཁོར་ལོ་ཟླུམ་པོ་གྲུ་བཞི་དང་།
ཉི་ཟླ་ཤར་ཐག་རིང་བ་བཟང་།
གྲུ་གསུམ་འུར་རྡོས་ཟད་པ་དང་།
རྒྱ་མཚོ་རླུང་བསྐྱོད་གཟའ་ཟོས་ངན།།
 
མཆེ་བ་གནམ་ཡོ་ཕྱོགས་དེར་ངན།
ནུབ་ཡུལ་བྱང་བྲན་ཤར་མོ་མཐོ།།
ལྷོ་རུ་བུ་ཚ་ཟླ་གམ་ཕྱིར།།
མི་འདོད་རྟགས་མཚན་རིགས་ལ་འཛེམ།།
 
ས་ཡི་ཆེ་བ་བདུན་དཔྱད་དགོས།།
རྒྱབ་རི་རྩེ་འཛིན་བཟང་ངན་དང་།།
ས་མིག་རྟེན་ཕུར་གཡས་གཡོན་རི།།
ལེན་དང་མཐུ་བ་བདུན་ཡིན་ནོ།།
 
རི་དཔྱད་བསྡུས་ན་རྣམ་པ་གསུམ།།
རྗེ་རི་གཟུགས་རི་འཆོལ་བའི་རི།།
མཆོད་རྟེན་བུམ་པ་རྡོ་རྗེ་རྗེ།།
ཁྱུང་འབྲུག་སེང་སྟག་གླང་ཆེན་སྦལ།།
 
སྲོག་ཆགས་འདྲ་ལ་གཟུགས་ཀྱི་རི།།
འགྲོ་འདུག་ཉལ་དེད་བྲོས་པ་ཡང་།
དེ་རྣམས་གང་ལ་མ་ངེས་ན།།
འཆོལ་བའི་རི་ཞེས་བྱས་བ་ཡིན།།
 
ས་མིག་གསེར་གཞོང་མར་ཁུའི་གང་།
སྨན་ཕོར་སེང་གེའི་ཐོད་ཀ་དང་།
རྒོད་ཐུགས་སྟག་མོའི་མཁལ་ཁུང་དང་།
སྤྱང་མོའི་གླ་འཛིན་གླང་ཆེན་མཁར།།
 
གཟིག་མོ་ཚེར་མགོ་དོམ་བུའི་ཐུགས།།
འོ་ནང་མར་སྒོར་སྟག་མོའི་འཛུམ།།
དཔྲལ་བའི་མེ་ལོང་རྒྱལ་པོའི་བྲང་།
རྒྱལ་ཀོང་མཛེས་དང་དགྲ་ལྷའི་ཤིང་།
 
དགྲ་ལྷའི་སྙིང་རྡོ་འཁོར་ས་དང་།
གཟའ་བྱ་མི་བུ་ལ་སོགས་དང་།
མན་གདལ་མེ་ལོང་རྔ་ཐོག་འབྲུ།།
ལུག་ཐོག་སྙིང་དང་གྲུ་བཞི་ལེགས།།
 
འཁོར་ལོ་པད་ལྟེ་བུམ་པ་འདྲ།
ནུ་མ་ཉ་ཤུགས་སུར་དཀར་གཅིག།
དཀྱིལ་གྲུང་ལྟེ་དང་རྨ་བྱའི་མདོངས།།
བྱ་ཡི་མཇུག་སྒྲོ་ཕོ་རོགས་ལྟེ།།
 
གསེར་ཉའི་དཀྱིལ་དང་ཁྲ་འདྲའི་ཝོག།
དྲེད་མང་ཐོང་དང་དོམ་འདྲའི་ཐུགས།།
གཟིག་འདྲའི་སྐེད་པ་རུ་སྦལ་རྒྱབ།།
འབྲུག་ཟེའི་ཞབས་དང་ནོར་བུའི་ལྟེ།།
 
ཁྲབ་གོང་གུར་གཡས་ཕུབ་འདྲའི་དཀྱིལ།།
སྙིང་འདྲའི་གཡས་དང་བུམ་པའི་ལྟོ།།
རེ་འཇམ་ལྕོང་མའི་མགོ་ཐོག་དང་།།
བྱ་རིགས་གཤོག་པ་གཡས་གཡོན་ཡོད།།
 
གཅན་རིགས་ཐོང་ཀ་ཝོག་ཞབས་ཡོད།
དུད་འགྲོའི་རིགས་འདྲ་གཡས་གཡོན་ཡོད།
འབེན་དང་འདོམ་མཐོ་འཇོར་ལག་གང་།
རྒྱང་གྲགས་བྲེང་བས་ཉེ་འཇོན་དཔྱད།།
 
རྩེ་འཛིན་གསེར་སྐྱོག་གཡག་སྙིང་དང་།
བ་དན་མདུང་བཏེག་ཁྲབ་སྐད་བཅིངས།།
རྨོག་འཕྲུ་གཡག་དཀར་སེང་གེ་འགྱིང་།
གཡུ་འབྲུག་དགུང་མཆོང་རྒྱ་སྟག་གཟན།།
 
སྐུ་འདྲའི་རྒྱབ་གཡོལ་དཀྱིལ་ཀྲུང་འདྲ།།
དར་དཀར་ཡོལ་བ་འདྲ་ན་བཟང་།
གྲིས་བཅད་མེ་ཚུགས་དགྱེལ་བ་འདྲ།།
གད་ནག་ས་ནག་ཆུ་མིག་ངན།།
 
ས་འགབ་བང་རིམ་གདན་ཁྲི་དང་།
ཁྲབ་བཏིང་ཐུ་བ་གྲུ་བཞི་དང་།
ཟླ་གམ་ཡར་ཚེས་ཡོད་ན་ལེགས།།
འགབ་ལམ་ཆུ་ས་རྟེན་ན་བཟང་།
 
ཕྱིང་བ་གོང་བ་ཕར་ལ་བསྟན།
ཟླ་གམ་ཐུར་དང་རལ་གྲི་གཤིབ།།
སྦྲུལ་ཟོས་སྤྱང་ཀི་ཡར་ཆས་དང་།
ཆུ་མིག་ཞབས་ཡོད་འགབ་ངན་རིགས།།
 
ལེན་མདུན་རིན་ཆེན་སྤུངས་པ་དང་།
གྲོད་པུ་མར་བཀང་སྒྲོ་བ་ནས།།
ན་ཆུང་ནུ་འབུར་སྦྲུམ་མའི་ལྟོ།།
བུམ་པ་གདུགས་དང་ལུག་ཉལ་འདྲ།།
 
དམག་མི་གྲོས་འདེབས་ཝ་གྱེན་བྲོས།།
སྟོད་དམའ་བར་འབུར་ལེན་སྨད་རྒྱས།།
ན་ཆུང་གན་ཀྱལ་འདྲ་བ་བཟང་།
མཐོ་རྩུབ་དམར་ནག་བུག་པ་ངན།།
 
གཡས་རི་སྟག་འདྲ་གཡོན་རི་སེར།།
གཡས་གཡོན་བྲག་དཀར་ཡར་ཆས་དང་།
ཤུག་པ་ཐང་ཤིང་རྡོ་དཀར་བཟང་།།
དམར་ནག་གད་བྲག་ཆུ་བླན་ངན།།
 
རྟེན་ཕུར་དེའུ་འབུར་བྲག་རི་ཆུ།།
གཡས་འབབ་འོག་ལ་ཤིང་བཟང་ཡོད།།
གྲུ་བཞི་རྡོ་དཀར་རྨོག་འདྲ་དང་།
ཤུགས་པ་སུར་དཀར་རྟེན་ཕུར་ཡིན།།
 
ཆུ་ནི་གཡུ་འབྲུག་མ་བུ་འཕྲོད།།
གཡས་འབབ་ཕོ་ལ་གཡོན་འབབ་མོ།།
ཡར་འཁྱིལ་བཟང་ལ་ཕོ་མོར་དཔྱད།།
ལྷོ་ནས་བྱང་འབབ་ནོར་གྱི་ཆུ།།
 
ནུབ་ནས་ཤར་འབབ་དབང་ཐང་ཆུ།།
བྱང་ནས་ལྷོ་འབབ་དཔལ་གྱི་ཆུ།།
འབྲུག་དོང་སྐད་ཆད་གཡས་གཡོན་མདུན།།
ཆུ་མིག་རེས་ཡོད་རེས་མེད་ངན།།
 
ལམ་ནི་ཤར་ཡར་དམུ་ཐག་དང་།
ལམ་མང་སྟག་ཚང་ཕོ་མོ་དཔྱད།།
ལྷོ་ལམ་གྲོགས་དང་ཤར་ལྷོ་བཟང་།
གཡས་གྱེན་དམུ་ཐག་འོག་ལམ་ཡག།
 
ནུབ་ལམ་བྱང་ལམ་རྒྱ་གྲམ་གཉའ།།
དམར་ནག་ལམ་སྣ་མང་པོ་ཟུག།།
གཟེར་ལམ་ལ་སོགས་ངན་པའི་ལམ།།
ལམ་མེད་ཞ་བོ་ཡིན་པ་ངན།།
 
ཤར་ཕྱེས་ལྷོ་སྤུངས་ནུབ་འདན་དང་།
བྱང་གཡོལ་སྲུང་བཞི་ཞེས་པར་དཔྱད།།
ས་མདའ་དོང་ལྷུང་རྙིང་ཡི་ཟིན།།
དུ་སྦལ་སྐམ་པ་ལ་སོགས་ངན།།
 
དམུ་ཐག་བཟང་པོ་ཡོད་པ་དགོས།།
ཉི་ཟླ་འཆར་རིང་རི་རྒྱུད་རིང་།
གཡས་གཡོན་ལམ་ཡར་དཀར་སྔོ་བྲག།
ཤུག་པ་ལ་སོགས་དམུ་ཐག་ཡིན།།
 
ས་ཡི་ཀ་བཞི་གདུང་བརྒྱད་འཛོམས།།
ཡོན་ན་བཟང་ལ་སྐྱོན་བྱུང་ངན།།
སྒྲོན་ཆེན་ཡོད་མེད་ཞིབ་པར་དཔྱད།།
གནོད་ས་ཀུན་ལ་མི་རུང་དོར།།
 
རྒྱལ་བློན་འབངས་དང་ཡོན་ཏན་ཅན།།
ཕྱུག་པོ་དཔའ་བོ་གྲགས་ཅན་དང་།།
དགོན་དབེན་མཆོད་རྟེན་གནན་གཏད་ས།།
ཞ་ལོང་ལྐུག་དབུལ་རང་ཐོབ་གལ།།
 
རྒས་དུར་མཐོ་ལ་གཞོན་དུར་སྐེད།།
ཆུང་དུར་དམའ་ལ་གྲི་དུར་སོགས།།
གཉའ་གནོན་ཆེ་ཆུང་བློ་ཡི་དཔྱད།།
དེ་ལས་ལྡོག་ནས་ངན་པར་གསུང་།
 
དུར་ས་ཁང་ས་གནོད་བྱའི་རིགས།།
ཡོན་བདག་རྣམ་རྟོགས་མི་འབྱུང་ཕྱིར།།
སེམས་ཁམས་གཏོ་དང་རྫས་ཀྱི་བཅོས།།
ས་བདག་ཡོན་བདག་ཞི་བདེ་འབྱུང་།།
 
མཁས་དབང་ཚོ་ལ་མི་མཁོ་ཡང་།
བདག་འདྲ་བློ་དམན་ཤེས་ཆུང་རིགས།།
ས་ཡོན་ཙམ་ལས་མི་མཁྱེན་པའི།།
བློ་ལ་འཛིན་བདེའི་ཆེད་དུ་བྲིས།།
 
རྩ་ཚིག་བློ་ལ་ངེས་བདེ་ཡང་།
ཞལ་ཁྲིད་མེད་པའི་རང་འདོད་རིགས།།
ཤོ་ལོ་ཀ་གཅིག་མ་བྱེད་གཅིག།
དབང་ལུང་ཁྲིད་གསུམ་ལྡན་པར་མཛོད།
 
སྨན་དཔྱད་ས་གཞུང་ལ་སོགས་རྣམས།།
མཁས་མང་ཞལ་ཐོས་སྐལ་ལྡན་པ།།
སྦྲ་ཆེན་རྟ་རྫ་ཉི་མ་ལུང་།
ཞི་བདེའི་སྙིང་པོ་འབོད་པས་བྲིས།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།