རྒྱལ་དབང་ཀུན་གྲོལ་ཆེན་པོའི་གསོལ་འདེབས་རབ་འབྱམས་རྒྱལ་བ་ཞེས་པའི་འགྲེལ་བ་ཀུན་གསལ་མེ་ལོང་།
[ཟླ་ཚེས། 2022-09-20 16:38:36][རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཨེ་མ་ཧོ། རབ་འབྱམས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་པ། །འཆི་མེད་གུ་རུ་རྣམ་གསུམ་བྱིན་རླབས་ཅན། །བསྟན་ཞབས་གཏེར་གྱིས་སྐྱོང་བའི་དཔའ་བོ་ཆེ། །ཀུན་གྲོལ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
༄༅། །རྒྱལ་དབང་ཀུན་གྲོལ་ཆེན་པོའི་གསོལ་འདེབས་རབ་འབྱམས་རྒྱལ་བ་ཞེས་པའི་འགྲེལ་བ་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་ཅི་པར་རཏྞ་གུ་དུན་ཧྲུན། ཞེས་གུས་པས་བཏུད་དེ། གང་བཤད་པར་བྱ་བ་ནི། རྒྱལ་བའི་དབང་པོ་ཀུན་གྲོལ་གྲགས་པའི་གསོལ་འདེབས་རབ་འབྱམས་རྒྱལ་བ་ཞེས་ཚིགས་བཞི་མའི་འགྲེལ་བ་ཉུང་འདུས་སུ་འགོད་པ་ལ། རྐང་པ་དང་པོས་རྗེ་འདི་ཉིད་སྤྲུལ་གཞི་གང་ལས་བྱུང་བ་སྤྱིར་བསྟན་པ་དང་། རྐང་པ་གཉིས་པས་ཁྱད་པར་སྤྲུལ་པའི་སྐུ་ཡོན་ཏན་གང་དང་མཉམ་པ་བྱེ་བྲག་ཏུ་བསྟན་པ་དང་། རྐང་པ་གསུམ་པས་སྤྲུལ་སྐུའི་མཛད་རྣམ་གཙོ་བོ་དངོས་སུ་བསྟན་པ་དང་། རྐང་པ་བཞི་པ་ནི། བརྗོད་པར་དཀའ་བའི་མཚན་དངོས་སུ་བརྗོད་དེ་གསོལ་བ་འདེབས་པ་དང་བཞིའོ། །
དང་པོ་ནི་ཨེ་མ་ཧོ། ཞེས་པ་ངོ་མཚར་ཆེ་བའི་དོན་ཡིན་ལ། དེ་ཡང་གང་ལ་གསོལ་བ་འདེབས་པའི་ཡུལ་ཁྱད་པར་ཅན་ངོ་མཚར་ཆེ་བ་དང་། གང་གིས་གསོལ་བ་འདེབས་པ་བོ་རྗེས་འཇུག་སྐལ་བ་དང་ལྡན་པ་ངོ་མཚར་ཆེ་བ་དང་། གསོལ་བ་འདེབས་པའི་སྐབས་ཀྱི་དུས་ངོ་མཚར་ཆེ་བ་དང་། གསོལ་བ་འདེབས་བཞིན་པའི་ཡུལ་དང་གནས་རྣམས་ཀྱང་ངོ་མཚར་ཆེ་བ་ལགས་སོ། །ཅིའི་ཕྱིར་ན། དང་པོ་ནི་སྙིགས་དུས་ཀྱི་འདྲེན་པ་བླ་ན་མེད་པ་རྒྱལ་བའི་དབང་པོ་རིག་འཛིན་ཀུན་གྲོལ་གྲགས་པ་རིན་པོ་ཆེ་ནི། གསང་གསུམ་གྱི་ཡོན་ཏན་ནི། སྟོན་པ་སངས་རྒྱས་དངོས་ཡིན་ལ། བཀའ་དྲིན་ནི། བདག་ཅག་རྣམས་ལ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ཆེ་སྟེ། བདག་ཅག་རྣམས་སྟོན་པ་སངས་རྒྱས་བཞུགས་པའི་དུས་སུ་ཞབས་ཟིན་གྱི་སློབ་མར་གྱུར་མ་ནུས་པ་རྣམས་རྗེས་སུ་འཛིན་པའི་སླད་དུ། སླར་ཡང་སངས་རྒྱས་མི་ཡི་གཟུགས་སུ་དགེ་བའི་བཤེས་གཉེན་མཆོག་གི་རྣམ་པར་བྱོན་ནས། སྙིགས་དུས་ཀྱི་གདུལ་བྱ་རྣམས་གང་ལ་གང་འདུལ་དུ་སྤྲུལ་པའི་ཟློོས་གར་བསྒྱུར་བའི་བཀའ་དྲིན་སུས་ཀྱང་གཞལ་མི་ནུས་པས་ན་ཤིན་ཏུ་ངོ་མཚར་ཆེའོ། །དེ་བས་ན་གསོལ་བ་འདེབས་པ་པོ་ཡང་ངོ་མཚར་ཆེ་སྟེ་གང་ལ་མི་བྱེད་པའི་དད་པ་བརྟན་པོ་སྐྱེས་ནས། ཡིད་ཁྱེད་ཤེས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཤུགས་དྲག་ཏུ་འདེབས་པ་ནི་སྐལ་བ་དང་ལྡན་པ་ལགས་ཕྱིར། གསོལ་བ་འདེབས་པ་པོ་རང་རེ་རྣམས་ཀྱང་ངོ་མཚར་ཆེའོ། །དུས་ངོ་མཚར་ཆེ་བ་ཡང་། ལས་ལྡན་དག་ལམ་ཉམས་སུ་ལེན་པའི་དུས་དང་སྐྱིད་སྡུག་ལེགས་ཉེས་གང་གི་ཚེ། བླ་མའི་རྣམ་འབྱོར་ལ་བརྟེན་དགོས་པས། རྒྱལ་བའི་དབང་པོ་གང་ཉིད་ཡིད་ལ་དྲན་ནས། བླ་མ་རྒྱལ་བ་སྲས་དང་བཅས་པ་ངོ་བོ་དབྱེར་མེད་དུ་གསོལ་བ་བཏབ་པས། རང་གི་བསམ་པའི་ལམ་གྱི་རྟོགས་པ་གོང་དུ་འཕེལ་ཞིང་། མི་མཐུན་པའི་ཉེས་ཚོགས་ཞི་བ་དང་། ལེགས་ཚོགས་སྙིང་རྗེ་དད་པ་བརྩོན་འགྲུས་ཤེས་རབ་སོགས་སྔར་ལས་ལྷག་པ་རྒྱུད་ལ་འཆར་བ་ནི། དུས་གཞན་དང་མི་མཚུངས་པས་ན་དུས་ངོ་མཚར་ཆེའོ། །གསོལ་བ་འདེབས་བཞིན་པའི་སྐབས་ཀྱི་ཡུལ་ཁམས་དང་གནས་དེ་དག་ཀྱང་ངོ་མཚར་ཆེ་སྟེ། རྒྱལ་བའི་དབང་པོ་ཉིད་སྐུ་དངོས་སུ་བྱོན་བཞུགས་མཛད་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་ཡུལ་དང་གནས་ལ་མཇལ་ཚེ། དད་མོས་གདུང་ཤུགས་དྲག་པོས་ཁོང་ཉིད་དྲན་ནས་གསོལ་བ་བཏབ་པའི་མོད་ལ། ཡུལ་དང་གནས་དེ་དག་ཀྱང་བྱིན་རླབས་ཅན་དུ་འགྱུར་བ་གདོན་མི་ཟ་བར་མ་ཟད། ཡུལ་གཞན་དང་གནས་གཞན་དུའང་གསོལ་བ་ཤུགས་དྲག་བཏབ་ན། གང་ལ་མོས་པ་གཙོར་བྱས་ན། །དེ་ཡི་མདུན་ན་གཤེན་རབ་བཞུགས། །ཞེས་དང་། མོས་གུས་ཅན་ལ་བྱིན་རླབས་འཇུག །ཅེས་གསུངས་པ་ལྟར། དེ་དག་ཡུལ་མཆོག་སྒྲུབ་གནས་བྱིན་རླབས་ཅན་དུ་འགྱུར་བས་ཤིན་ཏུ་ངོ་མཚར་ཆེའོ། །དེ་ལྟར་བཤད་པས་གསོལ་འདེབས་ཀྱི་དགོས་པ་ཕན་ཡོན་མཐའ་དག་ཀྱང་ཤེས་པར་བྱ་བའི་ཕྱིར་རོ། །
རབ་འབྱམས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ཞེས་པའི་རབ་འབྱམས་ནི། མཐའ་ཡས་པ་སྟེ། ཞིང་ཁམས་རྒྱ་མཚོ་ལ་འགྲེལ་ན་སྟོང་གསུམ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་སྤྲུལ་སྐུ་མཆོག་གི་གདུལ་ཞིང་ཡིན་ལ། དེ་གཅིག་ཏུ་བརྩིས་པ་དེ་འདྲ་བྱེ་བ་ཕྲག་བརྒྱ་ནི་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ཡིན་ཏེ། དེ་ནི་ལོངས་སྐུ་གཅིག་གི་འདུལ་ཞིང་ཡིན། དེ་འདྲ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བདེ་བར་གཤེགས་པའམ་རྒྱལ་བ་ནི། མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་རྫོགས་པའི་སངས་རྒྱས་དང་དོན་གཅིག་སྟེ། སངས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ་སྐྱོན་ཀུན་ཟད་དང་། རྒྱས་ནི་རྟོགས་པ་ཕུན་སུམ་ཚོགས་པ་སྟེ་ཡོན་ཏན་ཀུན་ལྡན་ལ་གོ་དགོས་པས། སྤངས་རྟོགས་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་གྱི་རྣམ་འདྲེན་རྒྱལ་བ་རྣམས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་མི་ཡི་རྣམ་པར་ཤར་བ་ནི། དྲན་པ་ཡབ་སྲས་དང་རྒྱལ་དབང་ཀུན་གྲོལ་གྲགས་པ་ཡིན་པར་ངེས་སོ། །
ཚིག་རྐང་གཉིས་པ། འཆི་མེད་གུ་རུ་རྣམ་གསུམ་བྱིན་རླབས་ཅན། །ཞེས་པ་ནི། ཨ་མྲྀ་ཏ་ཞེས། མྲྀ་ཏ་འཆི་བའི་སྐད་དོད་དང་། ཨ་ཡིག་དགག་སྒྲ་ཡིན་པས། འཆི་བ་མེད་ཅེས་པའོ། །དེ་ཡང་གསང་སྔགས་ཀྱི་ལམ་ལས་སྲོག་རྩོལ་འབྱིན་འཇུག་སོགས་ལ་བརྟེན་ནས་ཚེའི་རིག་འཛིན་གྲུབ་པ་ཙམ་ཡང་མིན་པར། རྟེན་སྒྱུ་ལུས་དང་། བརྟེན་པ་འོད་གསལ་གཉིས་ཏེ་ཟུང་འཇུག་གི་སྐུ་མངོན་དུ་བརྙེས་པས་རྟག་བརྟན་ཡོངས་གྲུབ་ཟག་མེད་ཡེ་ཤེས་ཀྱི་སྐུ་ལ། སྐྱེ་ཤིའི་མིང་ཙམ་མེད་པས་ན། འཆི་མེད་གཡུང་དྲུང་གི་སྐུ་ཞེས་བརྗོད། གུ་རུ་ནི་བླ་མའི་སྐད་དོད་ལྕི་བ་ལ་འཇུག་པས། དེ་ཡང་། ཡང་ལྕི་ཙམ་གྱི་ལྕི་བ་མིན་པར། ཡོན་ཏན་གྱིས་ལྕི་བ་ལ་འཇུག་པས། ལུང་དང་རྟོགས་པའི་ཡོན་ཏན་ནམ། སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་ཤིན་ཏུ་ལྕི་བ་དང་། སྲིད་ཞིའི་བླ་ན་བཀུར་འོས་པའི་གོང་མའམ་བླ་མ་ཞེས་སུ་བརྗོད། རྣམ་གསུམ་ནི། རྒྱལ་བ་གཤེན་རབ་མཆོག་གི་ཐུགས་ཀྱི་བསྟན་པའི་སྟོན་པ་བླ་ཆེན་དྲན་པ་ནམ་མཁའ་དང་། གང་དང་ཐུགས་དབྱེར་མ་མཆིས་པ་སྐུ་ཡི་སྲས་བླ་མ་ཚེ་དབང་རིག་འཛིན་དང་། སློབ་དཔོན་པདྨ་མཐོང་གྲོལ་ཞེས་ཡབ་སྲས་གསུམ་པོ་ཡིན། བྱིན་རླབས་ཞེས་པའི་བྱིན་ནི། སྐུ་གསུང་ཐུགས་ཀྱི་གཟི་བྱིན་དང་། རླབས་ནི་བསྒྱུར་བའི་དོན་ཡིན་པས། གང་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཙམ་གྱིས། གདུལ་བྱའི་ལུས་ངག་ཡིད་གསུམ་སྐྱོན་དང་བཅས་ན་ཡང་། ཡོན་ཏན་གྱི་ཕུང་པོར་སྒྱུར་བའི་མཐུ་དང་ནུས་པ་སྟོབས་སུ་ལྡན་པའི་དོན་ཡིན་ནོ། །
ཚིག་རྐང་གསུམ་པ། བསྟན་ཞབས་གཏེར་གྱིས་སྐྱོང་བའི་དཔའ་བོ་ཆེ། །ཞེས་པ་ནི། སྙིགས་མ་ལྔ་ཕྲག་དར་བའི་དུས་འདིར། རྒྱལ་བའི་བསྟན་པ་ཡང་དག་པ་ལ་ལོག་སྒྲུབ་བྱེད་ཅིང་། བསྟན་པའི་གཟུགས་བརྙན་ཙམ་ལ་སྙིང་པོར་འཛིན་པའི་དུས་སུ། ནང་བའི་བསྟན་པ་ཐམས་ཅད་ཀྱི་ཐོག་མའམ་གཞི་མར་གྱུར་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ལོག་པར་ལྟ་ཞིང་། གནོད་འཚེ་རྐྱེན་ངན་སློང་བ་ལ་ཕྱིར་ཟློག་བྱེད་པའི་ཐུགས་སྟོབས་ཀྱི་གོ་ཆ་བརྩན་པོ་ལྷུར་བཞེས་ནས་དགག་བྱ་དགོས་པ་ཕན་ཡོན་མཐའ་དག་ལ་དགོངས་ནས། གཡུང་དྲུང་བོན་བསྟན་མི་ཉམས་པའི་དོན་མཛད་པ་བསམ་གྱིས་མི་ཁྱབ། དེ་ཡང་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་འགའ་ཞིག ཆགས་སྡང་གིས་ཀུན་ནས་བསླངས་ཏེ། རང་ཉིད་གྲུབ་མཐའ་གང་གི་ཕྱོགས་ཡིན་པ་དེ་གཅིག་པུར་རྒྱལ་ཁ་ཐོབ་འདོད་དང་། གཞན་གྱི་གྲུབ་མཐའ་རྣམས་མེད་པར་གཏོང་འདོད་ཀྱིས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རི་བོང་གི་རྭ་ལྟར་གྱུར་ཅིང་། རྟོགས་པའི་ཡོན་ཏན་གྱི་ནུས་པ་རུས་སྦལ་གྱི་སྤུ་དང་། ཐ་ན་དགེ་སྡིག་སྤངས་བླང་གི་འདུ་ཤེས་ཙམ་ཡང་མོ་གཤམ་གྱི་བུའི་རྗེས་སུ་འགྲོ་བ་དག་གིས། མི་རིགས་གཞན་དང་། ཡང་ན་དམག་དཔུང་གང་ཆེ་དག་ལ་མགོ་འདོགས་ལུས་འབུལ་བྱས་ནས། དགོན་སྡེ་མང་པོ་བཅོམ་བསྒྱུར་བསྲེག་གསུམ་བྱེད་པ་རྣམས་ལ་ཐུགས་ཁྲེལ་མཛད་ནས། ཐབས་མཁས་ཐུགས་རྗེ་ཆེ་བའི་ངང་གཞན་སྡེའི་ཡི་དམ་དང་སྲུང་མ་རྣམས་ལ་ཡང་མཆོད་འབུལ་བསྟོད་བསྐུལ་མཛད། དཔེར་ན་གཞན་གྱིས་ཡི་དམ་ཕུར་བ་དང་རྟ་མགྲིན་གྱི་སྒོ་ནས་མངོན་སྤྱོད་ཀྱི་ལས་བྱེད་ན། དེ་ལ་ཕུར་བ་དང་རྟ་མགྲིན་གྱི་སྒྲུབ་གཞུང་དང་ལས་མཐའ་རྣམས་ཐུགས་ཐོག་ནས་གཏེར་སྒོ་ཕྱེས་ཏེ་ཀློང་བརྡོལ་བའི་ངང་གནོད་པ་དབྱིངས་སུ་ཞི་བར་མཛད། སྲུང་མ་དཔལ་ལྡན་ལྷ་མོ་དང་གཤིན་རྗེ་ལས་མཐའ་སོགས་གཏོང་བ་ལ། མ་གཤིན་གྱི་བསྐུལ་བ་འཕྲིན་བཅོལ་སོགས་མཛད་ནས། ཞི་ཁྲོའི་བཀའ་སྲུང་དུ་བགོས་པ་ལྟ་བུ་སོགས་མང་། དེ་ཡང་སངས་རྒྱས་རྣམས་མི་མངོན་དབྱིངས་ན་ཐུགས་རོ་གཅིག་པས། ཡེ་ཤེས་ལས་དང་རྫུ་འཕྲུལ་གྱི་ལྷ་གང་ལ་ཡང་། མི་ལ་མིས་གཏམ་པ་ལྟར་བསམ་གྱིས་མི་ཁྱབ་པའི་མཛད་པ་མང་དུ་སྣང་ཡང་འདིར་ཟུར་ཙམ་ལས་ཡི་གེ་མང་དུ་དོགས། ཞིབ་པར་གསུང་འབུམ་ལ་མཇལ་བས་ཤེས། རང་ལུགས་དང་གཞན་སྡེ་དོན་མཐུན་པ་ཙམ་དུ་མ་ཟད། ཚིག་རིས་ཀྱང་མཐུན་པ་མང་དུ་སྣང་བས་གཞན་གྱི་ལོག་རྟོག་ཟློག་པ་ཡང་མཛད། རང་སྡེའི་ཁ་ཅིག་གིས་བོན་གསར་མ་ཞེས་འབོད་ཅིང་ཟུར་ཟ་ཙམ་རེ་མཐོང་ཐོས་ཡོད་ལ། དེ་དག་དགོས་པ་མ་མཐོང་དགོངས་པ་མ་ལོན་པར་ཟད་དོ། །སྤྱིར་མདོ་སྔགས་སེམས་གསུམ་གྱི་བསྟན་པ་གང་ལ་གང་ཕན་མཛད་ནས། ངེས་པའི་དོན་དུ་ལམ་ཁྲིད་དང་སྔགས་རྫོགས་སྔོན་དངོས་རྗེས་གསུམ་ཁྲིད་ཡིག་དམར་མོ་མཛུབ་ཚུགས་ལྟ་བུ། གང་ཟག་གཅིག་འཚང་རྒྱ་བ་ལ། གསར་དུ་ལམ་ལ་ཞུགས་པ། མགོ་བཤེས་གཉེན་བསྟེན་པ་ནས། མཇུག་མི་སློབ་པའི་ཟུང་མཇུག་ཐོབ་རག་བར་གྱི་ལམ་གྱི་ལུས་དང་ཡན་ལག་ཡོངས་སུ་རྫོགས་པ་གདམས་པ་མན་ངག་དང་བཅས་པ་བསྟན་པ་སོགས། གཤེན་བསྟན་རིན་པོ་ཆེའི་ཞབས་ནས་འདེགས་པ་ལ་གཏེར་བོན་ཀློང་བརྡོལ་བས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་མཁྱེན་རྩལ་གཞན་དང་མི་མཚུངས་པའི་དཔའ་བོ་ཆེན་པོ་ཞེས་ཡོངས་སུ་གྲགས་པའོ། །
ཚིག་རྐང་བཞི་པ། ཀུན་གྲོལ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས། མཚན་བརྗོད་པར་དཀའ་ཡང་། དོན་ཆེན་པོ་བྱང་ཆུབ་ཐོབ་པའི་ཆེད་དུ་མཚན་དངོས་སུ་བརྗོད་ནས་འདོད་དོན་ཞུ་བ་ཡིན། མཚན་དོན་རྒྱས་པར་འགྲེལ་ན་ཡི་གེ་མང་དོགས། ཟུར་ཙམ་ནི་ཀུན་གྲོལ་ཞེས་པས་རྟོགས་པའི་ཡོན་ཏན་དང་། གྲགས་པ་ཞེས་པས་ལུང་གི་ཡོན་ཏན་གྱི་ཆེ་བ་སྟོན། དང་པོ་ནི། ཐེག་ཆེན་ཐུན་མོང་བ་ལྟར། བསྐལ་པ་གྲངས་མེད་གསུམ་སོགས་ཀྱི་རིང་ལ། ཚོགས་གསོག་སྒྲིབ་སྦྱང་གིས། ས་བཅུ་ལམ་ལྔའི་བགྲོད་པ་རིམ་བཞིན་མངོན་དུ་བྱས་ནས་གྲོལ་བ་ལྟ་བུ་ཡང་མ་ཡིན་པར། རིན་པོ་ཆེ་ལྟ་བུའི་སྐལ་ལྡན་གྱི་གདུལ་བྱ་ཚེ་ལུས་གཅིག་གི་སྟེང་། དང་པོར་ལམ་ལ་ཞུགས་པ་ནས། བླ་མེད་ཐེག་པའི་ཡང་རྩེ། རང་བཞིན་རྫོགས་པ་ཆེན་པོའི་སྔོན་དངོས་རྗེས་གསུམ་དང་འབྲེལ། གཞི་བདེ་གཤེགས་སྙིང་པོ་རང་རིག་ཡེ་ཤེས་རྗེན་པ་ཉིད་དུ། ལམ་སྒོམ་མེད་ཡེང་མེད་ངང་སྤྱོད་པ་ཤུགས་འབྱུང་རྒྱ་ཡན་ཆེན་པོའི་ཀློང་ནས། བསྲུང་དུ་མེད་པའི་དམ་ཚིག་ལ་གནས་ཤིང་། འབྲས་བུ་རེ་དོགས་མེད་པར་གཅིག་ཤེས་པས་ཀུན་གྲོལ་བ་ལྟར། བོན་སྐུ་བདེ་བ་ཆེན་པོའི་གོ་འཕང་བརྙེས་ཟིན་ན་ཡང་། བསྟན་འགྲོའི་དོན་ལ་དགོངས་ནས། ཐུན་མོང་སྣང་ཚུལ་སྤྲུལ་པའི་སྐུ་རུ་མིའི་རྣམ་པར་བྱོན་ན་ཡང་། ངོ་བོའི་གནས་ཚུལ་ནི། ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ལས་གཞན་དུ་མ་དམིགས་པས་ན། ཀུན་གྲོལ་ཞེས་དོན་དང་མཐུན་པའོ། །གྲགས་པ་ཞེས་ལུང་གི་ཡོན་ཏན་རྒྱ་ཆེ་བ། བཅུ་ཕྲག་རིག་པའི་གནས་རྣམས་སྨྲ་བའི་དབང་པོ་སྡེ་སྣོད་རབ་འབྱམས་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་སྙན་པ་གྲགས་པའི་བ་དན་སྲིད་པ་གསུམ་ན་མངོན་པར་མཐོ་བ་ནི་ཀུན་གྱིས་ཤེས་གསལ་ལྟར་ལ། གསུང་འབུམ་པོ་ཏི་མང་པོར་མཇལ་བ་ཙམ་གྱིས་ཀྱང་སྐལ་བ་དང་ལྡན་པ་རྣམས་ཀྱིས་རྟོགས་སླའོ། །དེ་ཕྱིར་གང་གི་ཞབས་ཀྱི་པདྨོར་སྒོ་གསུམ་མི་ཕྱེད་པར་གཅིག་དྲིལ་གྱི་ངང་ནས་གསོལ་བ་འདེབས་པའོ། །ཞེས་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་ཅིང་བཀུར་ནས་འདོད་དོན་ཞུས་ན། རང་རང་གང་འདོད་ཇི་བཞིན་དངོས་གྲུབ་འབྱུང་བ་ལྟར། བླ་མའི་རྣལ་འབྱོར་ལ་བརྟེན་ནས་འདི་ཕྱིའི་ལས་དོན་གང་འགྲུབ་པ་ལ་ཚེགས་མེད། གེགས་དང་གོལ་སའི་རྐྱེན་མི་འབྱུང་། མཐར་ཐུག་བླ་མ་ལྷའི་གོ་འཕང་ངམ་སྐུ་བཞིའི་རྒྱལ་ས་ཟིན་པར་ཡིད་གཉིས་ཐེ་ཚོམ་མི་དགོས་པ་བློ་ངོར་ཐག་ཆོད་པའི་ངང་ནས་གསོལ་བ་འདེབས་པ་གལ་ཆེའོ། །ཞེས་སོ། །
འགྲེལ་བ་ཉུང་འདུས་ཀུན་གསལ་མེ་ལོང་ཞེས་པ་འདི་ཡང་། མགོན་པོ་གང་གི་གདན་ས་སྐྱོང་བའི་སྐལ་བ་ཅན། གཤེན་གྱི་དགེ་སྦྱོང་ཚེ་དབང་དངོས་གྲུབ་མཆོག་གིས་ཡང་ཡང་བསྐུལ་ངོར། ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་འཛིན་པ་ཁྱུང་དཀར་འགྱུར་མེད་ཤེས་རབ་རྒྱ་མཚོའམ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་དད་གུས་བཅོས་མིན་ངང་བྲིས་པ་དགེའོ། །