དཔོན་གསས་བླ་མའི་ལོ་རྒྱུས་དང་འབྲེལ་བའི་རྟོགས་བརྗོད་ཉུང་ཐུས་ཐར་འདོད་བློ་ཡི་གྲུ་གཟིངས།
[ཟླ་ཚེས། 2022-08-03 08:50:28][རྩོམ་པ་པོ། བྱེ་གཞུང་བཟོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དཔོན་གསས་བླ་མའི་ལོ་རྒྱུས་དང་འབྲེལ་བའི་རྟོགས་བརྗོད་ཉུང་ཐུས་ཐར་འདོད་བློ་ཡི་གྲུ་གཟིངས།
དབལ་བོན་སྟག་ལའི་སྒྲུབ་པ་ཟབ་མོའི་སྒོར། །མངོན་བཞུགས་རིག་འཛིན་གོང་མའི་རྗེས་འཛིན་པ། །གྲུབ་ཐོབ་རྣམ་གསུམ་ཁྱུང་དཀར་གདུང་འཛིན་སྐུ། །ཁྱད་འཕགས་གྲུབ་བསྙེས་རྒྱལ་དབང་སྤྱི་བོའི་རྒྱན། །རྒྱུང་ཡར་མི་ཁོད་གདུང་ལས་འཁྲུངས་པ་ཡི། །ཁོད་སྤུངས་དྲན་པའི་སྐུ་དང་དབྱེར་མེད་པ། །སྙིགས་དུས་གཤེད་མ་ལོག་རྟོགས་འཇོམས་མཛད་པའི། །ཁྱུང་དཀར་རིག་པ་འཛིན་ལ་མངོན་པར་བསྟོད། །གདོང་ལྔའི་ཁྲི་ལ་མངའ་དབང་བསྒྱུར་བྱེད་པའི། །སྙིགས་དུས་མགོན་པོ་ཡབ་རྗེ་དམ་པ་མཆོག །ལྷམ་མེར་བཞུགས་པའི་མཆོད་སྤྲིན་རྒྱ་མཚོ་འདིས། །དད་ལྡན་སློབ་བུའི་ཚོགས་ལ་དགེ་ལེགས་སྩོལ། །སྐུ་མཆོག་ལྷུན་པོ་བརྗིད་ལྡན་གཙུག་ཏུ་མཛེས། །གསུང་དབྱངས་འཕྲུལ་ངག་བོན་སྒོ་བརྒྱད་ཁྲི་མཁྱེན། །ཐུགས་རྗེའི་མཁྱེན་བརྩེ་ཀུན་བཟང་དགོངས་པ་མཉམ། །རྒྱལ་བའི་མགོན་པོ་མཆོག་ལ་གུས་པས་འདུད། །མདོ་རྒྱུད་མཐའ་དག་ཞིབ་མོ་བློ་ཡིས་འཐག །གསང་སྔགས་རིམ་གཉིས་ཟབ་མོ་ཀློང་དུ་བརྡོལ། །ཐམས་ཅད་མཁྱེན་གཟིགས་སྨྲ་བའི་བོན་བརྒྱ་བ། །ཚེ་རབས་ཀུན་ཏུ་སྤྱི་བོར་རྒྱན་དུ་འགོད། །ཀ་དག་ལྷུན་གྲུབ་བསྐྱེད་རྫོགས་མངོན་གྱུར་ཞིང་། །ཚད་མེད་སྙིང་རྗེ་རང་གཟུགས་རྒྱལ་ཚབ་རྗེ། །ཐུགས་རྗེ་བརྩེ་བས་གཟིགས་མཛད་རྣམ་འདྲེན་མཆོག །གདུལ་བྱ་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །བདག་སོགས་འགྲོ་དྲུག་འཁོར་བའི་རྒྱ་མཚོ་ལས། །ཐར་བའི་ཐེམ་སྐྲས་ཁྲིད་མཛད་ཁྱུང་དཀར་རྗེ། །བཀའ་དྲིན་གཞལ་མེད་བྱིན་རླབས་འབྱུང་གནས་ཆེ། །བདག་ཉིད་ཐུགས་རྗེའི་ཀློང་ན་འདོར་མེད་དགོངས། །ཞིང་འདིར་རྒྱལ་བསྟན་འཛིན་མཁས་ཟླ་བྲལ་བ། །བོན་བརྒྱའི་བླ་རབས་ཐུགས་བསྐྱེད་ཟབ་མོ་ཡིས། །གང་ལ་གང་འདུལ་གདུལ་བྱ་སྐྱོང་མཛད་པ། །སྤྲུལ་མཆོག་གངས་རིའི་ཞིང་འདིར་རོལ་གར་བསྒྱུར། །མདོ་སྨད་ཕྲོམ་ཡུལ་ཁྲི་ཤོག་རྒྱལ་མོའི་ཞིང་། །རོང་བཞི་ཡ་གྱལ་ཨཀྟ་རོང་གི་ཡུལ། །རེབ་གོང་རིག་འབྱུང་ས་ཡི་བསྟི་གནས་སུ། །དམ་པ་ཁྱུང་གི་གདུང་ལས་འཁྲུངས་འདི་རྨད། །གང་སྐུ་མཚན་དཔེ་རྒྱན་སྤྲོས་དཀྱིལ་འཁོར་དུ། །ངོ་མཚར་ལྟས་ཀྱིས་རྟགས་མཚན་མངོན་པར་བཞད། །ལྷ་མིས་མཆོད་འོས་འགྲོ་བའི་མགོན་པོ་མཆོག །གངས་རིའི་ཞིང་དུ་རོལ་གར་བསྒྱུར་བར་མཛད། །མཁས་དང་གྲུབ་པའི་དབང་ཕྱུག་ཕྱོགས་ཀྱི་སྡེས། །བཀའ་ལུང་རྒྱ་མཚོས་སྤྲུལ་སྐུ་ཉི་གཞོན་མཆོག །སླར་བསུས་དགུང་ལོ་དྲུག་ནས་བརྩོན་པ་ཡིས། །འབྲི་ཀློག་འདོན་དབྱངས་བོན་སྤྱོད་མ་ལུས་བསླབས། །གྲུབ་དབང་མུ་ལ་ཝེར་ཞི་སྐུ་མཆེད་དྲུང་། །ཐུན་མོང་རིག་གནས་སྒྲུབ་སྐོར་ལྗགས་ལུང་སོགས། །གསན་བསམ་མཛད་དེ་མཁས་པའི་ཁྲི་འཕང་ལ། །འཛེག་པའི་སྟ་གོན་གཞི་ནས་གྲུབ་འདི་དགེ། །སྐྱང་སྤྲུལ་རྒྱལ་བའི་དབང་བོས་རྗེས་བཟུང་ནས། །བཀའ་ལུང་ལ་སོགས་དབང་བཞི་ལེགས་པར་གསན། །ཐུགས་ཟིན་སློབ་མའི་ཐུ་བོ་གྱུར་བ་ཡིས། །གང་གིས་སྔོན་མའི་སྦྱངས་འཕྲོ་ཡོད་ཅེས་གསུངས། །རིང་ནས་སྡེ་སྣོད་གསུམ་ལ་དབང་འབྱོར་ཞིང་། །དལ་འབྱོར་རྟེན་བཟང་རྙེད་པ་ཆུད་མི་འཛའ། །བཀའ་ལུང་བྱེ་བའི་གཏེར་མཛོད་གདོང་ལྔ་ཅན། །ཤེས་རབ་གསུམ་གྱིས་བཤེས་གཉེན་ཐུགས་མཆོག་མཉེས། །བསྐྱེད་རྫོགས་ཟུང་འཇུག་གསང་སྔགས་གཅོད་གདམས་ལུང་། །དབལ་གསས་གཞུང་འགྲེལ་རིག་པའི་གནས་རྣམས་ཀུན། །སྐྱེས་ཐོབ་རིག་པའི་ཀློང་དུ་གསལ་བ་ན། །ཚེ་རབས་ཀུན་ཏུ་གདུལ་བྱ་རྟག་འཛིན་མཆོག །རིས་མེད་གྲུབ་མཐའི་བཤེས་གཉེན་དམ་པའི་དྲུང་། །བོན་གཤེན་བསྟན་པའི་ཀ་ཆེན་འཛུགས་པའི་ཕྱིར། །དབང་བཞི་ལྗགས་ལུང་རྒྱ་མཚོ་རབ་བརྒལ་ནས། །སྒྱུ་མའི་རོལ་གར་བསྒྱུར་འདི་བསྔགས་པའི་ཡུལ། །བརྒྱད་གཉིས་ལང་ཚོ་ཆ་ཤས་རྫོགས་པའི་དུས། །སྐྱང་སྟོན་རྒྱལ་བའི་བཀའ་གསུང་དང་བླངས་ནས། །ཕ་ཡུལ་རྒྱབ་བསྐྱུར་ཉེ་འཁོར་ཕྱི་ཐག་བཅད། །བདེ་གནས་བསྙེག་ཕྱིར་དགེ་སྦྱོར་ཁོ་ནར་བརྩོན། །རིང་ནས་དལ་འབྱོར་རྟེན་བཟང་རྙེད་པའི་དུས། །ལས་འབྲས་བསླུ་མེད་བློ་ལྡོག་རྒྱུད་བསྐུལ་ཚེ། །ཟང་ཟིང་ལོངས་སྤྱོད་འཁོར་གཡོག་རྒྱབ་བསྐྱུར་ནས། །ཉམས་དགའི་གནས་མཆོག་དཀར་མོ་རི་ཁྲོད་འགྲིམས། །སྐྱང་འཕགས་གདན་ས་དཀར་མོའི་རི་ཁྲོད་དུ། །དགེ་སྤྱོད་བརྩོན་པས་ཡོན་ཏན་གཅིག་བསྡུས་པས། །རྒྱལ་སྲས་གཡུང་དྲུང་སེམས་དཔའི་རྗེས་འགྲོ་བ། །ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བོན་བརྒྱ་བ། །སོ་བྱང་སྔགས་གསུམ་སོ་ཐར་རིགས་བཞིའི་ཁྲིམས། །འདུལ་བའི་ཕྱག་ལེན་གང་དགོས་རབ་མནོས་ཤིང་། །རྒྱལ་སྲས་གཡུང་དྲུང་སེམས་དཔའི་སྤྱོད་པ་ལ། །ཐུགས་མཆོག་མཉེས་ནས་རྟག་ཏུ་བཞུགས་འདི་རྨད། །སྐྱང་སྟོན་རྒྱལ་བོའི་དབང་བོ་ཐུགས་བསྐྱེད་ལས། །མདོ་སྔགས་ཕྱི་ནང་རྒྱུད་སྡེ་ཟབ་མོའི་བོན། །གང་གིས་དབང་མཆོག་རལ་བར་བསྐྱིལ་བས་ན། །ཛ་ཧུ་རྒྱུན་བཞིན་ཧུབ་ཀྱིས་འཐུང་འདི་མཚར། །དམ་པའི་དྲུང་ནས་བུང་བས་སྦྲང་རྩི་བཞིན། །གསང་ཆེན་ཨ་དཀར་ཡེ་གཤེན་ཐེག་པའི་བོན། །འཇུག་སྒོ་ཟབ་མོ་དཀའ་གནད་ཚིག་དོན་ཀུན། །མཁྱེན་རབ་རྩལ་གྱིས་གྲོལ་འདི་ཨེ་མ་རྨད། །དངོས་གཞི་ཉམས་ལེན་ཕྱི་ནང་འཁོར་འདས་བོན། །བཅུད་ལེན་ཁྲེགས་ཆོད་ཐོད་རྒལ་མུན་མཚམས་ཁྲིད། །རྩ་རླུང་ཐིག་ལེ་ཨར་གཏད་མཐར་ཕྱིན་པ། །དབྱིངས་ཤེས་དབྱེར་མེད་ལྟ་དགོངས་ཁོ་ནར་ངེས། །མཁྱེན་རབ་རྒྱ་མཚོའི་གཏིང་མཐར་མི་དམིགས་པ། །བཅུ་ཕྲག་རིག་པའི་རླབས་ཕྲེང་རྩེན་པའི་ངོགས། །སྙན་གྲགས་དབྱར་རྔ་ལྡིར་བའི་ཅོད་པན་ཅན། །ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་བསྟོད། །བརྗོད་བྱ་རྗོད་བྱེད་ཚིག་གིས་ཕྱུག་པ་ཡི། །དཔེར་བརྗོད་དབྱངས་ཅན་དགྱེས་པའི་མཆོད་པའི་སྤྲིན། །གྲོལ་རིག་མཛོད་འདུས་ཞལ་ལུང་མ་ཡལ་པ། །མཁྱེན་གཏེར་གཞོན་ནུའི་དཔལ་ལ་ཅི་མི་འགྲན། །སྒོམ་སྒྲུབ་ཉམས་ལེན་མཐར་ཕྱིན་མཁས་གྲུབ་རྗེ། །བསྟན་འགྲོའི་དོན་དུ་ཆིབས་ཁ་ཕྱིར་བསྒྱུར་ཏེ། །སྐྱང་སྟོན་ཆེན་པོ་མུ་ལ་ཝེར་ཞིའི་དྲུང་། །བཀའ་དྲིན་ཞུ་ཞོར་བོན་སྦྱིན་རྟག་ཏུ་གནང་། །བསྐལ་ཁུག་དུས་མཐའ་བསོད་ནམས་སྨིན་པ་ཡིས། །སྤྱི་མཐུན་ལས་ཀྱིས་ལྷ་སྲིན་ཕམ་རྒྱལ་རྩོད། །ཕྱོགས་ནས་སྡེ་འཁྲུག་རྒྱལ་ཁྲིམས་གཉའ་ཤིང་ལྕི། །སྙིགས་དུས་བསྟན་འཛིན་ཉི་གཞོན་མཐའ་རུ་བཞུད། །རང་བས་གཞན་གཅེས་སེམས་དཔའི་སྤྱོད་པ་ལ། །རིང་ནས་གོམ་པའི་རྒྱལ་སྲས་དབང་པོ་བཞིན། །ལས་མི་སྲོག་རྒྱུན་གཅོད་པ་མཐོང་བའི་ཚེ། །མི་འཇིགས་དཔའ་བས་སྲོག་སྐྱབས་ཐར་བར་བྱས། །སྟོང་ཁུན་མཐའ་དག་ཁྲི་མུན་བཙོན་དུ་ཤོར། །སྡུག་བསྔལ་ཀློང་ནས་རེ་སྨོན་གསོལ་བཏབ་མཐུས། །དཀའ་བ་ཁྱད་བསད་རྐྱེན་ངན་གྲོགས་གྱུར་པ། །དགེ་བསྐུལ་ཕྱག་འཚལ་ཁོར་མོ་ཡུག་ཏུ་སྦྲེལ། །དུས་ཀྱི་ཆ་ཤས་ཆུད་ཟོས་རབ་ཕངས་ནས། །ཐུན་མཚམས་གསར་བའི་དོན་གཉེར་རྒྱུ་སྐར་འབུམ། །སྐྱེས་ཆེན་དུ་མའི་ཐུགས་དང་མ་བྲལ་བར། །ཐོས་བསམ་ལྷོད་མེད་ཁྲིད་ལུང་མང་དུ་གསན། །ཁྲི་མུན་བཙོན་དུ་ལུས་ཟུངས་ཟད་པའི་ཚེ། །རྩ་རླུང་དབང་འབྱོར་རླུང་གི་འཁོར་ལོ་བསྐྱིལ། །སྐུ་བསྙུང་བརྫུས་ནས་གཤགས་བཅོས་བསྟེན་པའི་ཚེ། །མི་དྲེད་མ་ཡིས་རྟག་ཏུ་བསྲུངས་འདི་མཚར། །ཚེ་དབང་སྨོན་ལམ་ཡིད་བཟློས་གསུང་གི་འཕྲོ། །དྲན་གསལ་དུས་སུ་ངག་ནས་གསུངས་སོ་ཞེས། །བཙོན་གྲོགས་དམ་པས་ལན་གཅིག་མིན་པར་བརྗོད། །ཕྱི་རབས་དུས་སུ་སྨྲ་བ་ཁོ་བོས་ཐོས། །སྔར་བྱས་ལས་འབྲས་ཡོངས་སུ་སྨིན་པའི་ཚེ། །གང་ཞིག་ལྷོད་ཡང་བཙོན་གྲོལ་ཐོབ་པས་ན། །དམན་ཚུལ་བཟུང་ནས་རྒྱལ་སྲས་སྤྱོད་པ་རུ། །མངོན་པར་བཞུགས་པའི་ཚུལ་ལ་བདག་ཡི་རངས། །བགྲང་བྱ་དུ་མའི་རིག་གསར་རླུང་འཚུབ་ཁྲོད། །ཐུགས་རབ་སུན་ནས་ངེས་མེད་རྒྱལ་ཁམས་འགྲིམས། །མུན་གླིང་ཚུད་འདྲའི་འགྲོ་ཀུན་དབུགས་དབྱུང་ཕྱིར། །ལུང་ཁྲིད་ཆར་སྦྱིན་གྲངས་མང་གསར་དུ་བསྩལ། །བསྟན་པའི་ཉི་གཞོན་འདྲེན་པའི་ཁྱུང་སྔོན་སྐྱེས། །ཤར་ཕྱོགས་འཛིན་མའི་ཕང་བར་ལེགས་དྲངས་ནས། །བཀའ་ལུང་དྲི་མེད་ཕྱག་བྲིས་མང་བསྟར་ཏེ། །གླེགས་བམ་གྲངས་མང་ཤིང་སྤར་གསར་དུ་བཞེངས། །རྒྱལ་ཁམས་འགྲིམ་ནས་ལྔ་རིག་དགོས་འདོད་ཀུན། །སྡེ་སྣོད་རྒྱ་མཚོ་ཆེན་པོའི་འཇིང་བ་རུ། །ཤེས་བྱའི་རླབས་ཕྲེང་འཕྱུར་བའི་ཟེགས་མ་འབུམ། །སྐལ་ལྡན་བུ་སློབ་རྣམས་ལ་ཆར་དུ་བསྙིལ། །མ་བདུད་བཙན་གསུམ་སྡོངས་གྲོགས་མ་ཡལ་བར། །འཇིགས་པའི་འཕྲང་ལས་ལན་མང་ཐར་བ་ན། །མ་འོངས་བསྟན་བདག་ངེས་པའི་དན་རྟགས་སུ། །རྟག་ཏུ་འགྲོ་ལ་མཁྱེན་བརྩེའི་འོད་དཀར་སྤྲོ། །སྲིད་ཇུས་བཟང་པོའི་ཉི་གཞོན་འཆར་བའི་ཚེ། །མུན་པའི་སྲིན་བྱའི་ཚོགས་རྣམས་གཏན་བརླག་ནས། །བསྟན་འགྲོ་ཆུ་སྐྱེས་འདབ་སྟོང་གྲོལ་བ་ཡིས། །དུ་ཁའི་མཚོ་ལས་འགྲོ་ཀུན་དབུགས་དབྱུང་མཛད། །རྒྱལ་ཁམས་ཇུས་བཟང་འདབ་སྟོང་གྲོལ་བའི་ངོགས། །སྐྱེ་འགྲོ་སྦྲང་ཚོགས་དགེ་བཅུའི་དཔལ་ཡོན་རྒྱས། །རྒྱལ་གཤེན་བསྟན་པའི་སྦྲང་རྩི་ཐིག་པའི་རྒྱུན། །ཆར་དུ་བསྙིལ་ནས་སློབ་བུའི་སྐོམ་གདུང་སེལ། །གནས་གཞི་གསར་བསྐྲུན་བསྟན་པའི་ཕོ་བྲང་ཆེར། །མཐོ་རུ་བརྩིགས་པའི་བརྗིད་ཆགས་ལྷུན་པོའི་རྩེར། །བུ་སློབ་ཁྱུང་ཆེན་ལྡིང་བའི་རྩལ་ཤུགས་ཀྱིས། །མཁྱེན་རབ་རྒྱ་མཚོ་མུ་མཐའ་བྲལ་བར་བྱས། །ལོ་རབས་བརྒྱད་ཅུའི་རྟགས་མཚན་རྫོགས་པའི་དུས། །གཤེན་བསྟན་མེ་རོ་མཐའ་ནས་སྤར་བ་ན། །པཎ་ཆེན་མཆོག་གིས་རྟེན་སྐལ་ཕྱག་ཐེམ་གནང་། །བྱང་རྒྱུད་གཤེན་བསྟན་འཛིན་པའི་བདག་པོར་བསྐོས། །བསྟན་དོན་ཕྱིར་དུ་ཕྱག་ཡིག་བསྟར་བའི་ཕྲེང་། །རྒྱན་སྤྲོས་བསྟན་སྲིད་གསར་བའི་བོན་སྒོ་ཆེར། །ཕྱེས་ནས་རང་རང་བློ་ཡི་འདོད་མོས་ལྟར། །འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རྣམ་པར་དག ། སྔོན་ཚེ་ལྷ་ཀླུ་མི་ཡིས་ལེགས་འགྲུབ་བཞིན། །མཆོག་གསུམ་མཆོད་གནས་གསས་ཁང་བཞེངས་པའི་ཚེ། །བོན་འབངས་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས། །དུས་གཅིག་གསས་ཁང་བསྐྲུན་པའི་དགེ་མཚན་རྫོགས། །རྨ་ཀློང་དལ་འབབ་ཁྲི་ཀ་གསེར་ལྗོངས་སུ། །སོག་སྟོན་གདན་ས་གཡུང་དྲུང་ཕུན་གླིང་དུ། །བསྟན་པའི་སྒོ་འཕར་འབྱེད་དུས་རྒྱ་འོབས་དང་། །ཐུགས་ནང་གཤིན་པོས་འཇལ་འཕྲད་ལན་གཅིག་བྱུང་། །སྲིད་ཇུས་བཟང་པོས་དགེ་བཅུའི་དཔལ་ཡོན་རྒྱས། །དུས་བདེ་དམངས་སྐྱིད་གཤེན་བསྟན་མེ་རོ་ཡང་། །སྤྱི་མཐུན་ལས་ཀྱིས་གསོས་ནས་སྤེལ་བའི་ཚེ། །ཕྱོགས་དང་ཕྱོགས་ནས་འགྲོ་ཀུན་རེ་བསྙེག་བརྟས། །དཔལ་ལྡན་བླ་མ་ཉི་མའི་ཐུགས་རྗེ་ལས། །སྐལ་ལྡན་གདུལ་བྱའི་ཚོགས་ལ་འདོད་རྒུའི་ཟེར། །དུས་གཅིག་བསྩལ་ནས་དཔལ་ལ་བཀོད་པ་ན། །རྒྱལ་གཤེན་བསྟན་པ་སླར་ཡང་གསལ་བར་བྱས། །གང་གིས་གདན་ཞུ་ནན་བསྐུལ་གཏད་པའི་ཚེ། །སྣང་ཞིག་རྒྱ་འོབས་བླ་མ་སྐུ་འཁོར་བཅས། །ཆིབས་བསྒྱུར་གནང་ནས་བོན་འབྲེལ་རྨུ་ཐག་རྒྱུན། །དུས་གཏན་མི་འགྱུར་བསྐལ་པར་གནས་འདི་མཚར། །བསྟན་འགྲོ་འཕྲིན་ལས་བླ་མེད་རྗེས་བཞག་ཚེ། །ཆོས་སྲིད་མངའ་མཛད་དགེ་རྒན་ངང་ངུར་ཁྱུ། །རིག་གཞུང་ཞིབ་འཇུག་ཉམས་ཞིབ་བྱས་པའི་དུས། །གཞན་སྡེ་མཁས་རྣམས་དགྱེས་པའི་བག་ཆགས་བཞག །རང་མཉམ་མཁས་མང་གདོང་ལྔའི་དབང་བོའི་དྲུང་། །ནམ་ཡང་ལྷོད་མེད་ཉེ་བར་བཅར་བས་ན། །བཤེས་གཉེན་དམ་པའི་ཐུགས་བཅུད་གཞུང་བརྒྱའི་དོན། །མཁྱེན་རབ་རྩལ་གྱིས་བླངས་འདི་ཨེ་མ་ཧོ། །གདོང་ལྔའི་ཁྲི་ལ་མངའ་དབང་སྒྱུར་བྱེད་པའི། །མཛད་འཕྲིན་གླིང་བཞིར་རྒྱས་པའི་བཤེས་གཉེན་མཆོག །རྗེ་བཙུན་མུ་ལའི་ཞབས་ཟུང་འཁོར་ལོ་ཆེ། །གླིང་འདིར་བསྒྱུར་ནས་སྨྲ་དབང་ཐུགས་ནང་འདྲེས། །རྔ་ལྗོངས་ཕྱོགས་སུ་གང་གིས་ཆིབས་བསྒྱུར་ནས། །སྣང་སྟོན་གདན་ས་རྟོགས་ལྡན་སྨིན་གྲོལ་གླིང་། །བོན་སྲིད་ཆེ་གཉིས་མཁས་མང་འཛོམས་པའི་མདུན། །བཀའ་ལུང་ཟབ་མོ་གང་དགོས་ཞུས་པ་རྨད། །གཞུང་བརྒྱ་སྨྲ་ལ་གཞན་དྲིང་མི་འཇོག་པ། །ཟླ་བྲལ་བཤེས་གཉེན་སྟག་སེང་བསྣོལ་འདྲའི་མདུན། །བོན་སྒོ་བརྒྱད་ཁྲིའི་བཀའ་ལུང་གནང་བས་ན། །སྐྱབས་མགོན་ལྷ་ཡི་ཐུགས་རྗེས་བརྩེ་བས་གཟིགས། །སྨན་གྱི་རི་ལ་གཞལ་མེད་ཁང་བཟང་ཆེ། །སྨོན་པ་ཀུན་འགྲུབ་རྟེན་དང་བརྟེན་པ་བཅས། །རྣམ་རྒྱལ་ཁང་བཟང་གནས་འདིར་འཕོས་པ་བཞིན། །སྤྱན་སྟོང་སྤྲུལ་ཀྱང་ལྟ་བས་མི་མངོན་མཚར། །གྲུབ་དབང་སོ་ནག་བོན་ཕྲུག་རྗེས་འཛིན་པ། །གང་གིས་ཐུགས་རྗེ་བརྩེ་བས་ཐུགས་བཟུང་ནས། །མདོ་སྔགས་བསྟན་པའི་གནས་གཞི་སྔར་མེད་པ། །འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རྣམ་པར་རྒྱལ། །གསེར་ལྗོངས་སྟོད་སྨད་བོན་སྡེ་བགྲང་འདས་པ། །གཅིག་འདུས་ཚོགས་ཁང་ལྷུན་རྫོགས་གཞལ་ཡས་ཁང་། །ཐུགས་བསྐྱེད་སྨོན་པས་ལེགས་གྲུབ་གསང་སྔགས་སྡེ། །ཕུར་ཐོགས་སྟོང་དང་དགུ་བརྒྱའི་ནུས་མཐུ་གྲུབ། །འདབ་སྟོང་ཚལ་ལ་སྐལ་ལྡན་བང་བ་དང་། །པད་མའི་མཚོ་ལ་སྒྲོ་ལྡན་ངང་མོ་ཁྱུ། །མཁས་བཙུན་བཟང་པོས་ཉེར་བཀུག་ངུར་སྨྲིག་སྡེ། །བརྒྱ་ཕྲག་དུ་མས་བསྟན་པའི་རྒྱལ་མཚན་འཛིན། །སྙན་པའི་གྲགས་པ་འབྲུག་སྟོང་ལྡིར་བའི་དབྱངས། །ཕྱོགས་ཀྱི་བུ་མོ་མཉེས་པའི་གར་བསྒྱུར་ནས། །དཔྱོད་ལྡན་ར་ཡིག་གཉིས་པའི་ཚོགས་རྣམས་ཀུན། །ཞལ་གསུང་གླུ་ཡི་མགྲིན་དབྱངས་སྒྲོག་བཞིན་འདུས། །མ་བོས་རང་འདུས་སློབ་འབངས་བཞེད་དོན་ཕྱིར། །ཐུན་མོང་རིག་གནས་བསྐྱེད་རྫོགས་གཞུང་གི་དོན། །དཀའ་གནད་བཀྲོལ་ཏེ་ཞལ་ཁྲིད་བདུད་རྩིའི་རྒྱུན། །ལྷུག་པར་བསྩལ་ནས་དཀའ་བ་ཆེད་དུ་སེལ། །གཤེན་བསྟན་འཛིན་རྣམས་སྒྲ་ཚད་རིག་པ་ཡི། །རྩོད་ངག་འཕྲུལ་འཁོར་རིག་པའི་སྒོ་འབྱེད་ཕྱིར། །སྣང་དགོན་བཤེས་གཉེན་སྨྲ་བའི་དབང་པོའི་ཁྱུ། །གདན་དྲངས་འཆད་ཉན་སྒོ་འཕར་ཡངས་པོར་ཕྱེ། །གཤེན་ལ་སྨྲ་ངན་སྲིན་མོས་བསྙད་འཚོལ་དུས། །ཕས་རྒོལ་ཝ་སྐྱེས་རྩོད་ངག་འཕྲུལ་འཁོར་གྱིས། །རྨང་མེད་ཚར་བཅད་སྐྱེ་རྒུའི་རྣ་དབང་གསོས། །རྒྱལ་བསྟན་དབུ་འཕང་མཐོ་བའི་རྟེན་འབྲེལ་སྒྲིགས། །སྔར་མེད་སྒོམ་སྒྲུབ་རྒྱལ་མཚན་བསྒྲེང་བའི་ཕྱིར། །གསང་ཆེན་ཨ་དཀར་ཐེག་པའི་སྒོ་ཕྱེ་ནས། །བསྐྱེད་རྫོགས་རིམ་གཉིས་ཟབ་མོ་ཉམས་ལེན་དག །རྟག་ཏུ་འཆད་ཉན་ཁོ་ནས་དུས་བདའ་མཚར། །བསླབ་གསུམ་འདུལ་འཛིན་གོས་དཀར་ལྕང་ལོ་ཅན། །སྒྲུབ་ལ་གཞོལ་བའི་བོན་གཤེན་རིག་འཛིན་སྡེ། །ལྕམ་དྲལ་བརྒྱ་ཕྲག་གཅིག་ཏུ་འདུས་པ་རུ། །གསང་སྔགས་བླ་མེད་ཐེག་མཛོད་ཡང་དག་བྱེད། །བསིལ་ལྡན་ལྗོངས་སུ་སྙན་པའི་གྲགས་པ་ཆེར། །རྒྱས་མཛད་མཁས་བཙུན་བཟང་པོའི་ཡོན་ཏན་ཀུན། །གླིང་ཆེན་ལྔ་རུ་ཁྱབ་པའི་འཕྲིན་ལས་ཀྱིས། །འཛམ་གླིང་མཁས་མང་ཡིད་དབང་ཅིག་ཅར་ཕྲོགས། །སྔ་སོར་ལན་གསུམ་ཡོ་རབ་གླིང་ཆེན་དུ། །འཆད་རྩོད་རྩོམ་པས་མཁས་མང་ཐོས་འཛིན་ཕྲོགས། །རྒོལ་ངན་རྩོད་སྤངས་སྨྲ་བས་ཚར་ཐག་བཅད། །རྩོམ་རྩལ་སྡེབ་འགྲོས་གསར་བས་སྙན་པ་འཕུར། །གང་གི་གྲགས་སྙན་དབྱར་སྐྱེས་རྔ་གསང་སྒྲ། །ལྷོ་རྒྱལ་འཛམ་བུའི་གླིང་དུ་གྲགས་པ་ན། །ཞལ་གསུང་བདུད་རྩིའི་མྱོང་བའི་སློབ་བུ་རྣམས། །གཅིག་ལས་གཅིག་ལྷག་མཁས་མང་མདུན་སར་ཁྲིད། །ཁྱད་འཕགས་རིག་གཞུང་ཉམས་ཞིབ་མཁས་དབང་རྣམས། །ཕྱོགས་ནས་ཕེབས་པའི་བཅར་འདྲི་བླ་མེད་པ། །ཧྥ་རན་སི་དང་ཉི་ཧོང་ཡོ་རབ་གླིང་། །སྙན་པ་ཕྱོགས་ཀུན་ཁྱབ་ཅིང་གྲགས་པ་འབར། །དབུས་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ཚེ། །གཤེན་སྲས་དང་འཇལ་རབ་ལེགས་གཡུང་དྲུང་གླིང་། །གསེར་སྒོ་ཕྲ་མོ་ཁྲི་བརྟན་ནོར་རྩེ་སོགས། །མཆོད་འཇལ་ཕྱག་འགྱེད་ཚོགས་གཉིས་གཏེར་ལ་དབང་། །ཐུགས་སྤྲུལ་བོན་རི་གཤེན་རབ་སྐུ་ཤུག་སོགས། །བོན་དགོན་ཆེ་ཆུང་དག་དང་ཞལ་འཇལ་ནས། །སྔོན་བྱོན་རྒྱལ་དབང་གོང་མའི་རྗེས་གནང་བཞིན། །གཤེན་བསྟན་སྲིད་མཐར་གནས་པའི་སྨོན་ལམ་བཏབ། །གྲུབ་ཐོབ་སྤ་ཚང་ཀླུ་དགོན་ཨ་ཀྲོང་དང་། །ལུང་དཀར་དགོན་དང་ཁྲོ་ཚང་འདུལ་དགོན་སོགས། །ཕེབས་བསུས་དབང་བསྐུར་བོན་འབངས་རྗེས་སུ་བཟུང་། །དཀར་ནག་སེར་གསུམ་ཁྱུང་གི་གདུང་འཛིན་པ། །ཁྱུང་ཡུལ་རི་ཁྲོད་སྟེང་ཆེན་ཀོ་དགོན་དང་། །གཡུང་དྲུང་དཔལ་རི་རྩེ་དྲུག་ལ་སོགས་ནས། །སྔགས་རྫོགས་དབང་ཁྲིད་འགྲོ་རྣམས་བདེ་ལ་བཀོད། །བླ་རབས་གོང་མའི་འཁྲུངས་གཞིས་ཆོས་ལུང་དང་། །ཉི་མ་ལུང་བཅས་འབྲོག་སྡེ་ཞིང་མཆོག་ཏུ། །བརྒྱ་བྱིན་ལྷ་ཡི་ཁང་བཟང་སར་འཕོས་བཞིན། །གསང་ཆེན་རིག་འཛིན་ཚོགས་ཁང་ལེགས་པར་བཞེངས། །སྲིད་པ་གསུམ་གྱི་སྐྱེ་འགྲོ་མ་ལུས་ཀུན། །གཅིག་ཏུ་འདུས་ནས་སྟོབས་ཤུགས་བསྐྱེད་པ་ན། །སྨིན་གྲོལ་གླིང་དུ་སྒོ་མང་མཆོད་པའི་རྟེན། །སྨོན་པས་ཀུན་སྒྲུབ་མཛད་བཟང་བླ་མེད་རྒྱས། །གྲུབ་གནས་བརྒྱད་ཀྱི་གནས་མཆོག་གུར་ཁང་ཞེས། །རིག་འཛིན་དྲན་པ་ནམ་མཁའི་སྒྲུབ་གནས་སུ། །རྒོལ་ངན་ཚར་བཅད་འགལ་རྐྱེན་སེལ་བའི་ཕྱིར། །སླར་ཡང་བདག་གིར་བཟུང་སྟེ་སྒྲུབ་སྡེ་བཙུགས། །ཡུལ་དུས་བསྐལ་པའི་སློབ་འབངས་གྲངས་མེད་ཀྱིས། །སྨོན་པའི་རེ་འབྲས་བསྐང་ཕྱིར་ཉག་རོང་དང་། །ཤར་རྫའི་རི་ཁྲོད་སྟེང་ཆེན་ཡེ་ཤེས་དགོན། །གནས་སུ་ཕེབས་ནས་དབང་ལུང་འཆད་ཁྲིད་མཛད། །ཡང་བསྐྱར་དབུས་སུ་ཆིབས་བསྒྱུར་གནང་བ་ཡི། །ཏི་སེ་མ་ཕམ་མཚོ་དང་གུར་གྱམ་དགོན། །ཁྱུང་ལུང་དངུལ་མཁར་གཡུང་དྲུང་འབར་རི་སོགས། །མངའ་རིས་གནས་ཆེན་ཡོངས་སུ་ཞབས་ཀྱིས་བཅགས། །གཤེན་སྟོན་གདན་ས་གྲྭ་ས་གོང་འོག་དང་། །ལྷ་རི་གྱང་ཐོ་ཡུལ་ལུང་གཙང་གི་དགོན། །ཡོངས་སུ་བསྐོར་ནས་མཐའ་དག་ཞབས་བསྒྱུར་ཏེ། །དད་ལྡན་འབངས་མིར་བཀའ་དབང་གསོས་སུ་བསྩལ། །རྒྱལ་བསྟན་ཕྱིར་དུ་སྐུ་ངལ་མ་འཛེམས་པར། །གཡས་རུའི་འཆད་རྩོད་མཉམ་འབྲེལ་ལྷན་ཚོགས་སྐབས། །བླ་སྤྲུལ་མཁས་དབང་སྟོང་ཕྲག་འཚོགས་པའི་དབུས། །མཁས་པའི་བྱ་བ་གསུམ་གྱི་འཁོར་ལོ་བསྐོར། །ལྗགས་རྩོམ་ཞལ་ལུང་རིན་ཆེན་དང་པོའི་དཔལ། །པར་དུ་བཏབ་པའི་གླེགས་བམ་ཕྱོགས་འཇུག་པ། །རྒྱལ་བསྟན་གསལ་བར་བྱེད་པའི་སྒྲོན་མེ་རུ། །ལེགས་པར་འཆར་བའི་དགའ་སྟོན་དཔྱིད་དུ་སྨིན། །གང་གི་སྐུ་མཆོག་གསེར་གྱི་ལྷུན་པོ་རུ། །གྲང་རེག་སྐྱེ་འཆི་བཙན་པོས་བཟུང་བ་ན། །འཆི་མེད་སྐྱེས་ནས་བཙན་པའི་རྟག་འཛིན་བློས། །མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་བསྡུས། །ཀྱེ་མ་ཀྱི་ཧུད་བསྟན་འཛིན་རྡོ་རིང་ཞིག །འཛམ་གླིང་འཛིན་མའི་ཕང་བར་འགྱེད་པ་ན། །དད་འབངས་བྱེ་བའི་གདུང་འབོད་མཆི་མའི་ཕྲེང་། །རྨ་ཆུ་སྔོན་མོའི་རྒྱུན་དང་སྡོངས་ནས་བཞུད། །བསྐྱེད་རྫོགས་རིམ་གཉིས་ཟབ་མོ་བགྲོད་པའི་ལམ། །འགག་མེད་སྤྲོས་བྲལ་ལོངས་སྤྱོད་འཁོར་ལོའི་རྒྱན། །མ་ངེས་ལྔ་ལྡན་སྐུ་གསུམ་སྟོན་མཆོག་མགོན། །བསྟན་འགྲོར་ལྷུན་གྲུབ་བོན་ཉིད་ཀློང་དུ་གཟིམས། །འཛམ་གླིང་རྒྱན་གཅིག་སྐུ་གདུང་མཆོད་པའི་སྤྲིན། །སློབ་འབངས་དག་གིས་ཉིན་མཚན་འཁོར་ཡུག་ཏུ། །ཟག་བཅས་ཟག་མེད་དགེ་ཚོགས་སྤེལ་བས་མཐུས། །སྟོང་ཁམས་འདུ་ཤེས་ཀློང་དུ་ཤོང་བར་ཤོག །སྐྱེ་འཆི་མི་རྟག་བདེར་གཤེགས་དགོངས་པའི་རྒྱུན། །བདག་སོགས་ངུར་སྨྲིག་རྒྱལ་མཚན་འཛིན་རྣམས་ལ། །སྐྱེ་འགག་ཟབ་མོས་མི་རྟག་སུན་དབྱུང་ཕྱིར། །བྱང་ཆུབ་སྙིང་བོ་ལེན་པའི་རྒྱུ་རུ་བསྔོ། །ལན་གཅིག་གསོལ་བཏབ་བསོད་ནམས་བསགས་པའི་མཐུས། །འདི་བྲིས་དགེ་བས་བསྟན་སྦྱིན་མངའ་ཐང་དར། །བདག་སོགས་ཚེ་རབས་ཀུན་ཏུ་རྗེས་བཟུང་ནས། །རིག་འཛིན་རྣམ་བཞིའི་རྒྱལ་ས་ཟིན་པར་ཤོག །
ཅེས་རྟོགས་བརྗོད་ཉུང་ཐུས་ཤོ་ལོ་ཀ་བརྒྱད་ཅུ་བ་འདི་ནི་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་གསེར་ཞལ་མངོན་པར་མཇལ་བའི་སྐལ་བ་ཅན་བྱང་ཕྱོགས་འཛིན་མའི་གཞི་ལ་ལུས་རྟེན་རྙེད་པ་ཁ་སྒང་བ་བྱེ་གཞུང་བཟོད་པ་མིང་གིས་བོད་རབ་རྒྱན་ལྕགས་གླང་སྟེ་ཕྱི་ལོ༢༠༢༡ལོའི་ཧོར་ཟླ༡༡པའི་ཚེས༡ཉིན་མཇུག་རྫོགས་པར་བྲིས།